ཨ་ཕ་དྲན་པའི་མིག་ཆུ་ནམ་མཁའི་ཆར་ལྟར་བབས་སོང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཨ་ཕ་དྲན་པའི་མིག་ཆུ་ནམ་མཁའི་ཆར་ལྟར་བབས་སོང་།
ཨ་ཕ་དྲན་པའི་མིག་ཆུ་ནམ་མཁའི་ཆར་ལྟར་བབས་སོང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/1/20ལྟ་ཀློག (6214)རྩོམ་ཁུངས: ངེད་དྲ་བ།

ཨ་ཕ་དྲན་པའི་མིག་ཆུ་ནམ་མཁའི་ཆར་ལྟར་བབས་སོང་།

The tears for missing my daddy is streaming down from my eyes like rainfall.


ལི་ཐང་བེ་མདའ།  (ཨོ་ཐོག)

      ཨ་ཕ་ལགས། ཁྱེད་རང་འདི་ལྟར་ཕེབས་པ་སྔ་དྲགས་པ་མ་ཡིན་ནམ།  ཁྱེད་རང་སྐུ་བདེ་བར་བཞུགས་དུས།  ངའི་འཚོ་བ་ནི་གཞན་དག་དང་འདྲ་མཉམ་ཡིན་པས་གཞན་གྱི་འཚོ་བ་ལ་གཏན་ནས་ཧེབ་ལངས་དགོས་དོན་མེད། འོན་ཀྱང་། ཁྱེད་རང་ཕེབས་རྗེས།  ངའི་འཚོ་བ་ནི་ཆ་མི་སྙོམས་པ་ཞིག་དང་ཆ་མ་ཚང་བ་ཞིག་སྟེ། གཞན་དག་དང་འདྲ་མཉམ་མ་ཡིན་པ་ཞིག་ཏུ་གྱུར་སོང་། ཨ་ཕ་ལགས། ཁྱེད་རང་ཡོད་དུས། ང་རང་ཕ་ཡུལ་ནས་རྒྱང་ལ་འགྲོ་ཁར་སྐྱེལ་མ་གནང་མཁན་དང་ལམ་སྟོན་མཛད་མཁན་ཡོད་ལ་ང་རང་རྒྱང་ནས་ཡུལ་ལ་ལོག་དུས་འཛུམ་མདངས་དངབཅས་ཏེ་སྔུན་བསུ་བྱེད་མཁན་ཞིག་ཀྱང་ཡོད། 
      ཕ་ལོ་ལགས། ཁྱེད་རང་ཕེབས་རྗེས།  ང་ནི་ལྡོམ་པོ་དག་དང་འདྲ་བར་གར་འགྲོ་དང་འདི་འགྲོ་མེད་པ་ཞིག་ཏུ་གྱུར་སོང་ལ།  ཡུལ་ལ་ལོག་ཀྱང་ཁྱེད་ཀྱི་འཛུམ་མདངས་དང་བྱམས་བརྩེ་མེད་པས་རང་ཁྱིམ་ནི་རང་ཁྱིམ་མ་ཡིན་པ་ཞིག་ཏུ་གྱུར་སོང་ལ་ཕ་ཡུལ་ནི་གད་པ་དང་རླུང་དམར་ཐལ་འཚུབ་ལས་ཅི་ཡང་མི་འདུག་པ་ཚོར་བྱུང་།  དེ་བས་ཁྱོད་ཀྱི་ང་ཡི་ཨ་ཕ་ཁོ་ན་ཙམ་མིན་པར་ངའི་ཕ་ཡུལ་དངོས་ཀྱང་ཁྱོད་ཉིད་ཡིན་པ་གཞི་ནས་ངེས་ཤེས་རྙེད་བྱུང་།
      ཨ་ཕ་ལགས།  ཁྱེད་རང་ཡོད་དུས། ཁྱེད་ཀྱི་བདེ་སྐྱིད་དང་དཀའ་ངལ་རྒྱབ་ཏུ་གཡུག་ནས་ངེད་ཅག་མིང་སྲིང་ཚོའི་ཆེད་དུ་ཉིན་མཚན་ཟུང་ལ་སྐུ་ལུས་ལ་ངལ་གསོ་ཐེངས་གཅིག་མ་བྱས་པར་ཉིན་མོའི་ཟས་སྐལ་ཆད་མྱོང་ལ་མཚན་མོའི་གཉིད་ཐེབས་ཀྱང་གཅོག་པ་མང་དྲགས་སོང་།  དེ་ལྟར་ངེད་ཅག་གི་ཆེད་དུ་དབུ་སྐྲ་དཀར་པོར་གྱུར་མྱོང་བའི་ཕ་ལོ་ཁྱེད་ནི་ངེད་ཅག་གི་ང་རྒྱལ་དང་སྤོབས་པ་ཡིན་ལ། འཇིག་རྟེན་འདིའི་སྟེང་གི་ཆེས་སྲ་བརྟན་གྱི་རྒྱབ་རི་མཐོན་པོ་དེ་ཡིན་ངེས།  གློ་བུར་དུ་ངའི་རྒྱབ་རི་དང་དཔུང་ཡ་གང་དུ་བུད་སོང་། 
        ཨ་ཕ་ལགས།   ཁྱེད་ཀྱི་སྐད་ཆ་རེ་རེ་ཡི་དབྲག་ན་གཞོམ་དུ་མེད་པའི་གནས་ལུགས་ཀྱི་ལྗོན་ཤིང་ཡོད་ལ།  ཁྱེད་ཀྱི་བཀའ་སློབ་རེ་རེ་ཡི་གསེབ་ན་བསྐྱུད་དུ་མེད་པའི་མི་ཚེ་ཡི་ལམ་བྲོ་དང་སྤོབས་པ་ཡོད།  ཨ་ཕ་ལགས།  ཁྱེད་རང་ཕེབས་རྗེས།  ངའི་འཇིག་རྟེན་ནི་མུན་པ་མུན་ནག་གི་མཚན་མོ་ལྟ་བུ་གྱུར་སོང་ལ།  ངའི་ནམ་མཁའ་དང་ས་གཞི་ལ་དྲོད་ཁོལ་དང་འོད་སྣང་མེད་པར་གྱུར་སོང་།  ཀྱེ་ཧུད།   ཨ་ཕ་ལགས།  ཁྱེད་རང་ཕེབས་པ་སྔ་དྲགས་པ་མ་ཡིན་ནམ།  ཁྱེད་ཀྱི་བྱམས་པ་དང་བརྩེ་བ་མེད་པའི་འཇིག་རྟེན་འདི་རུ་ང་རང་ཉིན་གཅིག་གསོན་པར་ཞེད་སྣང་དང་སུན་སྣང་གིས་ཁེངས་བྱུང་། 

      ཨ་ཕ་ལགས།  ཁྱེད་རང་ང་དང་བྲལ་བ་རབ་ཏུ་སྔ་སོང་།  ང་རང་ད་དུང་བྱིས་པ་ཅིག་ཡིན་ལ།  ནར་མ་སོན་པའི་བྱིས་པ་ཅིག་ཀྱང་ཡིན་པས་ཁྱེད་ཀྱི་ལམ་སྟོན་དང་ཐུགས་ཁུར་མེད་པའི་འཇིག་རྟེན་འདི་ནས་ང་རང་ཇི་ལྟར་ནར་སོན་དགོས།  མདོར་ན་ཞེད་སྣང་དང་སྐྱོ་སྣང་ལས་ཅི་ཡང་མི་འདུག 

    ཨ་ཕ་ལགས། དུས་རྒྱུན་བདག་གི་མདུན་ལམ་དང་ཕུགས་བསམ་ཟེར་བ་དེའི་ཆེད་དུ་ཁྱེད་ཀྱི་སྐུ་ལུས་ལ་དཀའ་ངལ་རབ་ཏུ་གནང་མྱོང་ལ་དེའི་ཆེད་དུ་སེམས་ཁྲལ་གནང་བ་ཡང་མང་དྲགས་པས་ཁྱེད་རང་གློ་བུར་དུ་འདི་ལྟར་ཕེབས་ཚེ་ང་ཡི་མི་ཚེ་ནི་མདུན་ལམ་དང་གཏད་སོ་མེད་པ་ཞིག་ཏུ་གྱུར་སོང་། ་མ་འོངས་པ་ཞེས་པའི་ཡིག་འབྲུ་གསུམ་པོ་ནི་བདག་གི་རྡོག་ཁྲེས་ཞིག་ཏུ་གྱུར་སོང་བས་ཁྱེད་རང་ནི་དུས་རྒྱུན་གྱི་ལུས་སེམས་ཀྱི་ངལ་དུབ་སེལ་བའི་རྒྱབ་རི་དེ་ཡིན་པ་རབ་ཏུ་རྟོགས་བྱུང་། 

      ཨ་ཕ་ལགས།  གལ་ཏེ་ཁྱེད་རང་འཇིག་རྟེན་འདིར་ད་བར་ཡོད་ན་ངའི་འཇིག་རྟེན་གྱི་མངར་སྐྱུར་ཁ་གསུམ་གྱི་དྲི་རོ་དག་རེ་རེ་ནས་ཚོར་ཐུབ་ལ་མི་ཚེ་ཟེར་བ་དང་བདེ་སྐྱིད་ཟེར་བ་དེ་ངས་ཞིབ་ཏུ་རྟོགས་ངེས།  འོན་ཀྱང་།  ཁྱེད་རང་ཕེབས་སོང་ལ་ཕྱིར་འོང་མེད་པ་ཡང་ད་གཟོད་གསལ་བོར་རྟོགས་སོང་།  མི་ཚེ་ཟེར་བ་ནི་སྒྱིད་ལུག་དང་ལེ་ལོས་གྲུབ་སྟབས་ཁྱེད་ཀྱི་བཀའ་དྲིན་དང་སྐུ་ངལ་མཐའ་དག་ངས་བསྐྱུད་སོང་བ་དང་ཧ་མ་གོ་བ་མ་ཡིན་ཏེ་ལེ་ལོ་དང་སྒྱིད་ལུག་དེའི་དབང་གིས་ད་གཟོད་དྲིན་ལན་མཐོ་གང་ཙམ་ཡང་དྲིན་གཟོ་མ་ཐུབ་པ་ནི་ཚེ་འདིའི་ང་ཡི་འགྱོད་གདུང་ཆེ་ཤོས་དང་མིག་ཆུ་མང་ཤོས་དེ་ལགས།
     ཨ་ཕ་ལགས།  ཁྱེད་རང་ཕེབས་ནས་ཞག་ནག་ཞེ་དགུའི་དུས་ཚོད་ནི།  ང་ལ་མཚོན་ན་མིག་ཆུ་དང་སྐྱོ་གདུང་གིས་བསྐལ་བའི་དུས་ཚོད་ཅིག་ཅི་ལ་མིན།  ཨ་ཕ་ལགས་ཁྱེད་རང་ཕེབས་པར་སྔ་སོང་བས་མིག་ཟུང་ལས་མཆི་མའི་རྒྱུན་ཐག་ཆད་ཐབས་མི་འདུག  ཨ་ཕ་ལགས།   བདེ་བར་གཟིམས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41142529
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1