ང་ནི་དངོས་སྦྱོང་སློབ་མ་ཞིག་ཡིན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ང་ནི་དངོས་སྦྱོང་སློབ་མ་ཞིག་ཡིན།
ང་ནི་དངོས་སྦྱོང་སློབ་མ་ཞིག་ཡིན།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/2/3ལྟ་ཀློག (2632)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ང་ནི་དངོས་སྦྱོང་སློབ་མ་ཞིག་ཡིན།

གངས་མུ་ཏིག  ཀན་ལྷོ།
        འཇིག་རྟེན་འདིའི་སྟེང་གི་ཆག་འཇིག་དང་དགའ་སྐྱོ་ཅི་རིགས་ཀྱི་དོན་དག་མང་པོ་ཞིག་ནི་ང་ཚོའི་ཉེ་འཁོར་ནས་བསམ་དབང་དྲན་དབང་མེད་པར་འབྱུང་སྲིད།  ང་ཚོས་དེ་ནི་ལས་ཀྱིས་བསྐོས་ཐང་ངམ་བགོས་སྐལ་གང་རུང་ཞིག་ཏུ་ངོས་བཟུང་སྟེ་དང་ལེན་བྱ་བ་ལས་དེ་ལ་ཕྱི་བཤོལ་དང་ཕྱིར་བཟློག་བགྱིད་པའི་སྐལ་བ་ནི་གཏན་དུ་ཡོད་མི་སྲིད།  མི་ཚེ་ཡང་དེ་ལྟར་སྐྱེལ་དགོས་པ་མ་ཡིན་ནམ། ང་ཚོས་རང་གི་འདོད་ཧམ་དེ་སྐོང་མི་ཐུབ་ལ། སྐར་ཆ་གཅིག་གི་རྗེས་ནས་དོན་དག་ཅི་འབྱུང་བ་ཡང་ཚོད་དཔག་བྱ་ཐབས་བྲལ།  ང་ཚོ་ནི་སྨུག་རྒྱུའི་ཁྲོད་ན་ཁ་ཕྱོགས་བྲལ་བའི་གྲུ་གཟིངས་ལྟ་བུ་ཞིག་ཡིན།  ནམ་ཡང་རང་ཉིད་ཀྱི་མཇུག་མཐའི་ལོག་མལ་དེ་རྙེད་ཐབས་བྲལ། ང་ཚོ་འཚོལ་བསྙེགས་དང་ཞེན་ཆགས་ཀྱི་སྣེ་ནས་ལམ་ལ་ཆས་ཀྱང་། མཇུག་མཐར་ང་ཚོ་ནི་ལག་སྟོང་མཆན་ལ་བཙིར་ནས་སྡོད་མཁན་དུ་གྱུར།  
      སྤྱིར་ཁོ་བོ་དངོས་སྦྱོང་ཞེས་པ་འདི་ལ་དེ་འདྲའི་སྤྲོ་བ་ཡི་ཅང་མེད། དགེ་རྒན་དག་གིས་དངོས་སྦྱོང་ནི་རང་ཉིད་སྦྱོང་བརྡར་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རེད་ཅེས་སྙིང་ཉེ་ཉེ་ངང་ནན་གྱིས་གསུངས་མོད། ལོ་རིམ་གོང་མ་དག་གིས་རྒྱུན་པར་ང་ཚོའི་གམ་ནས། དངོས་སྦྱོང་ནི་དུས་ཚོད་འཕྲོ་བརླག་བྱེད་སྤྱད་ཅིག་རེད།  དངོས་སྦྱོང་ལ་འགྲོ་བ་ནི་གཡོག་ལས་འབའ་ཞིག་རེད། དེ་ལས་ངོ་ཤེས་ཤིག་བཙལ་ཏེ་ཐམ་ཀ་རྒྱག་ཏུ་བཅུག་ན་ཡག་པོ་རེད་ལ་སོགས་པའི་སྐད་ཆ་མང་དུ་སྨྲས་འགྲོ་བས། ང་ཡིས་དགེ་རྒན་ལ་ཡིད་ཆེས་བྱས་ན་འགྲིག་གམ་སློབ་མ་ཚོར་ཡིད་ཆེས་བྱས་ན་འགྲིག   ང་རང་དོགས་པ་དང་འདྲི་གཞིའི་རྒྱ་ལས་མ་གྲོལ་བས་རེ་ཞིག་སྨྲ་བ་མེད་པར་བསྡད་པ་གང་མང་ཡིན།  དེ་ལས་ང་རང་ཞིབ་འཇུག་ལ་རྒྱུགས་སྤྲོད་མཁན་དག་ལ་ཡིད་སྨོན་ཅུང་ཟད་སྐྱེས། ཁོ་ཚོས་ཞིབ་འཇུག་ལ་རྒྱུགས་འཕྲོད་མིན་ནི་དོན་དག་གཞན་ཞིག་རེད་མོད།  མ་མཐའ་ཡང་རང་ཉིད་ཀྱི་སླད་དུ་དཔེ་ཆ་བལྟ་ཐུབ་པ་དང་།  རང་གི་བསམ་བློ་དང་འཚོ་བར་ཐེ་གཏོགས་བྱེད་མཁན་མེད།  ཁོ་བོ་ནི་ག་དུས་ཡིན་ཡང་རང་དབང་ལ་དགའ་མཁན་ཞིག་ཡིན།   རྒྱུ་མཚན་མི་ཞེས་པ་འདི་ལ་འཚོ་བ་ཡི་རང་དབང་ཞིག་མཁོ་བ་རེད། གལ་ཏེ་སུ་ཞིག་གིས་ཁོ་བོའི་རང་དབང་ལ་སྲབ་སྐྱོག་གིས་གཡས་འཐེན་གཡོན་འཐེན་བགྱིས་ན། ཁོ་བོས་དེ་ལ་མི་འདོད་པའི་རྣམ་འགྱུར་སྟོན་ངེས་ཡིན། སྙིང་སྟོབས་ཆེན་པོས་དེ་ལ་རྒོལ་ལན་སློག་ངེས་ཡིན། དེ་བས་ན།  ཁོ་བོས་ག་དུས་ཡིན་ཀྱང་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་ཞེས་བསྒྲགས་གཏམ་འདྲ་བཤད་མྱོང་ཡོད། མ་ཟད་བྲིས་རྩོམ་དག་གི་ནང་དུའང་སྐད་ཆ་འདི་བཀོལ་བ་ཉུང་ཉུང་མིན།  བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར།  རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་རྒྱ་ནི་ཅི་འདྲའི་དཀའ་མོ་ཞིག་རེད་ཨང་སྙམ།  མཚམས་ལན་རེར་དེ་ནི་དོན་དངོས་དང་མི་མཐུན་པའི་གླེན་གཏམ་ཤ་སྟག་ཅིག་ལས་གང་ཡང་མ་འདས་པར་འདོད། ང་ཚོའི་སྤྱི་ཚོགས་འདི་ནས་གདོད་མ་ནས་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་ཐབས་བྲལ།
  དེ་ལྟ་ནའང་། མི་ཞིག་གི་མི་ཚེ་གཅིག་ལ་སློབ་ཆེན་ལོ་ངོ་བཞི་གཅིག་ཙམ་མ་གཏོགས་གཉིས་ཡོད་མི་སྲིད་པས། ཁོ་བོས་རང་གི་སློབ་ཆེན་གྱི་ལོ་ངོ་བཞི་བོ་འདི་གོ་རིམ་དང་ལྡན་པའི་ངང་སྐྱེལ་རྒྱུ་ནི་གལ་འགངས་ཆེ་ཤོས་དེ་རེད་བསམས་ནས་དོན་དངོས་འདི་དཔའ་གདེང་དང་ཡིད་ཆེས་ཡོད་པའི་ངང་ནས་དང་ལེན་བགྱིས་པ་ཡིན།  
         འབྲས་བཟང་ཁུར་དུ་དུད་པའི་སྟོན་ཁར། ང་ནི་གཡུལ་ལས་ཕམ་པའི་ཧྲག་དམག་ཅིག་དང་འདྲ་བར་ཉལ་ཐུལ་དང་དཔེ་ཆ་དག་སྡུད་གསོག་བརྒྱབ་སྟེ
་དངོས་སྦྱོང་བྱེད་སར་སོང་། དངོས་སྦྱོང་བྱ་ས་ནི་ངའི་ཕ་ཡུལ་གྱི་སློབ་འབྲིང་ཡིན། སློབ་འབྲིང་དེ་ལ་དམའ་འབྲིང་ལས་མཐོ་འབྲིང་མེད།  དེང་མ་ཁོ་བོ་དམའ་འབྲིང་འགྲིམས་པའི་སྐབས་དེར། སློབ་འབྲིང་འདི་ལ་བསྡོམས་པས་སློབ་མ་བརྒྱད་ཅུ་ཙམ་ལས་མི་འགོངས་པར་ཟེར། ད་ལྟ་དགེ་རྒན་ཚོས་བཤད་པ་ལྟར་ན་སློབ་མ་བརྒྱད་བརྒྱ་ལྷག་ལ་འཕར་འདུག་ཟེར། མ་ཟད་ལོ་རེའི་འབྲིང་རྒྱུགས་ཀྱི་ཁྲོད་དུ་གཡུར་དུ་ཟ་བའི་འབྲས་བུ་ལོན་མཁན་ཧ་ཅང་མང་པོ་འདུག་རབས་ཟེར། ཐ་ན་རྒྱལ་ཡོངས་ཀྱི་ཡང་རྩེའི་སློབ་འབྲིང་ལ་སྙེག་གིན་པའི་གཙོད་བོད་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད་མཁན་ཡང་བཞི་བཅུ་ལྷག་འདུག་ཟེར། དེ་ཡང་བདེན་པར་འདུག་སྟེ།  ཡུལ་མི་ཚོའི་ངག་ན་འབོ་ར་སློབ་འབྲིང་ནི་དེ་སྔོན་གྱི་སློབ་འབྲིང་དེ་ལྟ་བུ་ཞིག་མིན་པར་ད་ནི་ཁྱད་ཆོས་ལྡན་པ། དགེ་རྒན་གྱི་དཔུང་སྡེ་ལེགས་པ། སློབ་གསོའི་སྤུས་ཚད་བཟང་བའི་སློབ་འབྲིང་བཟང་ཤོས་ཤིག་ཏུ་གྱུར་ཡོད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བཞིན་མཆིས།  དེ་ནི་ཇི་འདྲའི་དགའ་འོས་པའི་དོན་ཞིག་རེད་ཨང་། ངོ་མ་བསྔགས་པའི་ཡུལ་དང་དགའ་བའི་གནས་སུ་འཁུམས། འབྲས་བཟང་འདི་མོ་ཞིག་འབྱུང་བའི་རྒྱུ་རྐྱེན་ནི་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་མི་རིགས་སློབ་གསོའི་ལས་དོན་ལ་འབད་འབུངས་ཚད་མེད་གནང་བཞིན་པའི་དགེ་རྒན་རྣམ་པའི་བཀའ་དྲིན་མ་ཡིན་ནམ།  ཁོ་ཚོའི་བླ་མེད་ཀྱི་སྙིང་སྟོབས་དང་ཞུམ་མེད་ཀྱི་སྤོབས་པ། འགྱུར་མེད་ཀྱི་ཆོད་སེམས། མཚུངས་མེད་ཀྱི་བཀའ་དྲིན་དེ་རི་རབ་ལས་དཔངས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་ཅི་ལ་མིན་ནམ་སྙམ། འདི་ལྟར་བསམ་བཞིན་ཁོ་བོས་ཀྱང་ཟླ་ངོ་བཞིའི་རིང་ལ་གོང་འགོ་ཁྲིད་དག་གི་ཁར་ཉན་ཏེ་རང་ནུས་ཅི་ལྕོགས་ཀྱིས་སློབ་མ་ཚོའི་ཐད་ལ་ནུས་པ་བཏོན་ན་འདོད་པའི་དམ་བཅའ་བརྟན་པོ་ཞིག་སྙིང་ལ་བཅངས་པ་ཡིན།
དེ་ལྟར། ང་ལ་འཛིན་གྲྭ་གཉིས་ལ་གྲུང་གོའི་ལོ་རྒྱུས་འཁྲིད་པའི་འགན་བབ་སོང་། འཛིན་གྲྭ་རེ་ལ་སློབ་མ་དྲུག་ཅུ་ལ་ཉེ་བ་འདུག ཚང་མ་བསང་ཆུ་རྫོང་གི་ཁོངས་གཏོགས་ཏེ། ཙ་ཡུས་དང་འབོ་ར། ཨ་མཆོག  སྒྱིས་ཚང་། རྒན་གྱའི་ཕྱོགས་ཀྱི་སློབ་མ་རེད།  ངས་དེང་མ་ཁོ་ཚོར་མཐོང་དུས་རང་ཉིད་ཀྱི་སློབ་འབྲིང་གི་འཚོ་བ་དེ་དྲན་བྱུང་། སློབ་ཁང་དང་འདུག་སྟེགས།  སྒོ་སམ། སློབ་གྲོགས་ཚོའི་ངོ་གདོང་དང་། ལྷད་མེད་ཀྱི་དགོ་སྒྲ། ཀུ་རེ་རྩེ་བའི་རྣམ་འགྱུར། དགེ་རྒན་ཚོས་སློབ་ཁྲིད་བྱེད་པའི་ཚུགས་ཀ  བཀའ་བཀྱོན་གནག་ཚུལ། ཁོང་ཚོའི་ལྷག་བསམ་དང་ཡོན་ཏན། སྙིང་སྟོབས་དང་ཆོད་སེམས། རྒྱུགས་འབྲས་ཀྱི་འཕར་ཆག  རྩལ་སྦྱོང་ར་བ།  གཡུ་འབྲུག་ཚོམས་ཆེན།  ཚོམས་ཆེན་སྟེང་གི་སྤྲོ་ཚོགས། སློབ་གྲྭའི་ཐང་ཆེན། ཐང་ཆེན་མདུན་གྱི་གསོམ་སྡོང་། གསོམ་སྡོང་འོག་གི་དཔེ་ཀློག   ཐོག་དང་པོའི་གསོམ་སྡོང་འོག་གི་དུས་ཆད།  མཐར་ཕྱིན་ཁར་བློས་མི་ཐོངས་པའི་སེམས་ཁམས་སོགས་ཐམས་ཅད་གློག་བརྙན་ཇི་བཞིན་ཡིད་ལ་འཆར་བྱུང་།
       ང་རང་ཁྲིད་སྟེགས་ལས་ཁ་མར་འཁོར་ན། ཡིད་འཚབ་པའམ། ངོ་ནོངས་པ་སོགས་ཀྱི་ཚོར་བ་གང་ཡང་མི་འདུག  དེ་ནི་ང་རང་སློབ་ཆེན་ན་ཡོད་དུས། ཧོལ་རྒྱུགས་ཟེར་ན་འདྲ། གསར་བུའི་སྙིང་སྟོབས་ཟེར་ན་ཆོག གླེན་རྟགས་ཚ་པོ་ཟེར་ན་རུང་། གང་ལྟར་རྒྱུན་པར་བགྲོ་གླེང་ཚོགས་འདུ་དང་གཏམ་བཤད་འགྲན་སྡུར། རང་མོས་གླེང་སྟེགས་སོགས་ཀྱི་གར་སྟེགས་ནས་གོ་སྐབས་དམ་འཛིན་བྱས་ཏེ་རང་གི་ལྟ་ཚུལ་དང་བསམ་བློ་བཤད་མྱོང་བའི་དྲིན་ཡིན་རྒྱུ་རེད།  ད་ནི་ང་རང་སྐད་ཆ་བཤད་པར་འཛེམ་དོགས་མི་འདུག  དེ་བས་ཁྲིད་སྟེགས་སྟེང་ནས་ཁ་མར་འཁོར་ཏེ་སློབ་ཁྲིད་གནང་དུས་རང་གི་ནུས་པ་དེ་ཕྱི་ལ་འདོན་ཐུབ་པའི་སྣང་བ་ཡང་ཡང་སྐྱེས་པས་ངས་དེ་སྔོན་གྱི་གར་སྟེགས་དེ་གའི་རིན་ཐང་དང་བཀའ་དྲིན་ཚོར།
         དེང་ཐོག་ང་རང་སློབ་མ་ཚོའི་མདུན་དུ་ལངས་ཏེ་ཅི་ཞིག་འཆད་པར་སྩོམ་དུས།  ངའི་ཡིད་ལ་ལོ་ངོ་མང་པོའི་སྔོན་གྱི་དོན་དག་ཅིག་དྲན་བྱུང་། ལོ་ངོ་འགའི་སྔོན་ལ་དགེ་རྒན་ཞིག་གིས་ང་ལ་བཤད་རྒྱུ།  སློབ་གྲྭ་ནི་བཟོ་གྲྭ་ཞིག་ཡིན་ལ། ཁྱོད་ཀྱིས་དེ་ག་ནས་འབད་འབད་འབུངས་སྒོས་བསླབ་ལ་བརྩོན་ཏེ་སློབ་མཐར་ཕྱིན་རྗེས་རང་ཉིད་ནི་སྤྱོད་སྒོ་ཡོད་པའི་ཅ་ལག་གང་རུང་ཞིག་ཏུ་འགྱུར་བ་གཏོང་རྒྱུ་དེ་ངའི་རེ་བ་ཡིན་པར་མ་ཟད། ཕ་མའི་རེ་བའང་ཡིན་ཞེས་གསུངས། སྐབས་དེར་ངས་ཅ་ལག་ཅེས་པ་ནི་ཡོད་བྱེད་གང་རུང་ཞིག་ཡིན་ནམ་སྙམ། གལ་སྲིད་དེ་ལྟར་ཡིན་བཞག་ན། ང་ནི་གཞན་བརྟེན་གྱི་མི་ཞིག་ཏུ་འགྱུར་ངེས། ནམ་ཞར་དུ་གཞན་ལ་བརྟེན་པའི་མི་དེ་རང་ཉིད་ངོ་མ་ཞིག་ཏུ་འགྱུར་ཐབས་བྲལ་བས། ང་རང་སློབ་མཐར་ཕྱིན་ན་ཅ་ལག་ཅིག་ཏུ་མི་འགྱུར་བའི་སྨོན་ལམ་བརྒྱབ་པ་པ་ཉུང་ངུ་མིན།  དེ་བས་ན། ངས་རང་ཉིད་ནི་ནམ་ཡང་ཕུགས་བསམ་གྱི་ཆེད་དུ་བརྩོན་པ་བསྐྱེད་པའི་ན་གཞོན་ཞིག་བྱས་ན་བསམས།  ད་ལྟ།  ངའི་ཡིད་ལ་དགེ་རྒན་དེའི་སྐད་ཆ་འདི་དྲན་ཐེངས་རེར། ང་རང་འདང་རྒྱག་གི་མཚོ་མོའི་ཀློང་དུ་ལྷུང་ཞིང་། ལྷིང་འཇགས་ཀྱི་གྲུ་ག་རེ་ནས་བསམ་གཞིགས་ཡང་ཡང་བྱས་མྱོང་། མཚམས་ལན་རེར་ངས་རང་ཉིད་ནི་སུ་དང་གང་ལའང་མི་མཁོ་བའི་གད་སྙིགས་ཤིག་ཏུ་སྒོམ། ཡང་མཚམས་ལན་རེར་རང་ཉིད་ནི་ཕུགས་བསམ་འཚོལ་སྙེག་བྱེད་པའི་བྱ་རྒོད་ཅིག་ཏུ་འདོད། ཁ་ཆར་དང་བུ་ཡུག གྲང་རླུང་སོགས་ཀྱི་ངར་ཁ་ཇི་ལྟར་རྒོད་ནའང་། ཡངས་ཤིང་འབྱམས་ཀླས་པའི་མཁའ་དབྱིངས་ནས་འཕུར་རྩལ་ངོམས་པ་ནི་རང་གི་གཟི་བརྗིད་ཅིག་ཏུ་འདོད།  གང་ལྟར་ངས་དགེ་རྒན་དང་ཕ་མའི་རེ་བ་དེ་སྐོང་ཐུབ་མིན་མི་ཤེས་མོད། ངས་རང་ཉིད་ཀྱི་སླད་དུ་དུས་ཚོད་ཆུད་ཟོས་སུ་གཏོང་གི་མེད།   རང་གི་མངའ་ཐང་དང་འབྱོར་ཕྱུག་ཏུ་སྒོམ་པའི་ཕུགས་བསམ་དེ་བློས་བཏང་མ་མྱོང་ལ། མུ་མཐུད་དུ་མདུན་དུ་སྐྱོད་བཞིན་ཡོད།     ངས་ཀྱང་དགེ་རྒན་གྱི་སྐད་ཆ་དེ་སློབ་མ་ཚོར་བཤད་ན་འགྲིག་མོད། སྐད་ཆ་དེ་ངའི་མིད་པའི་སྒོར་ཐོན་མ་ཐག ངས་གང་ནུས་ཀྱིས་བསྲན་དེ་མ་བཤད་པར་སོར་བཞག་བྱས་པ་ཡིན།  དེའི་ཚབ་ཏུ་ཁྱེད་ཅག་ནི་བོད་གངས་ཅན་གྱི་མ་འོངས་པའི་གདུང་འདེགས་ཀྱི་ཀ་བ་ཡིན་ཞེས་བཤད་ན་འདོད་མོད། སྐད་ཆ་དེ་ཡང་ཁ་གཡོར་བྱེད་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་མ་བཤད། རྒྱུ་མཚན་སྐད་ཆ་དེའི་རིགས་བཤད་པའི་མི་ལ་བློ་གཏད་ཆེན་པོ་བྱེད་ས་མི་ཉན། ང་རང་སློབ་ཆུང་ན་ཡོད་དུས། དགེ་རྒན་དག་གིས་རྒྱུན་པར་ཁྱོད་ཚོ་ནི་བོད་གངས་ཅན་གྱི་མ་འོངས་པའི་གདུང་འདེགས་ཀྱི་ཀ་བ་ཡིན་ཞེས་བཤད་མོད། དོན་དངོས་སུ་ཁོ་ཚོ་སློབ་ཆུང་ན་ཡོད་དུས་ཀྱང་དགེ་རྒན་ཚོས་དེ་ལྟར་དུ་སློབ་གསོ་བཏང་བ་རེད་ཟེར། དེ་ལྟར་སྐད་ཆ་དེ་ནི་མི་རབས་གཅིག་གིས་གཅིག་ལ་བརྒྱུད་དེ་ལོ་ངོ་མང་ཙམ་འགོར་སོང་།  དེ་བས་ངས་ཁོ་ཚོ་ལ། གནམ་བདག་གིས་མི་ཚང་མར་ལེགས་སྐྱེས་རེ་བསྩལ་ཡོད། དོན་དངོས་སུ་ལེགས་སྐྱེས་དེ་ནི་རང་གི་ནུས་པ་དང་འཇོན་ཐང་ཡིན།ལེགས་སྐྱེས་དེ་རྙེད་མིན་ནི་མི་རང་ཉིད་ལ་ཐུག་ཅེས་པའི་ཡ་ཧུ་དཱ་པའི་ལེགས་བཤད་དེ་བཤད་པ་ཡིན།དེ་ནི་ད་གཟོད་བྱིས་པའི་སེམས་ཁམས་དང་འཚམས་ཤིང་དོན་དངོས་དང་མཐུན་པ་ཞིག་མ་ཡིན་ནམ།
        ཉིན་སྣེ་ཟླ་བསྟུད་ཀྱི་གོ་རིམ་ཁྲོད་དུ།  ངའི་དེ་སྔོན་གྱི་སེམས་མི་སྐྱིད་པའམ། ཡིད་ཆད་ཀྱི་སྣང་བ་དེ་དག་རྫ་མགོའི་སྨུག་པ་དྭངས་པ་བཞིན་གར་སོང་ཆ་མེད་དུ་གྱུར་ཅིང་།སྔོན་གྱི་བྱས་ཉེས་ཁ་ཤས་ལ་འགྱོད་གདུང་ཚད་མེད་སྐྱེས།དེ་ནི་ནར་སོན་གྱི་གོ་རིམ་ཞིག་ཡིན་ཤས་ཆེ།ང་རང་ད་ལྟའི་འཚོ་བ་ལ་སྤྲོ་བ་ཚ་པོ་འདུག སློབ་གྲྭ་འདི་ནས་ངས་དགེ་རྒན་ཞིག་གི་མིང་ཐོག་ནས་སློབ་མ་ཚོར་སློབ་ཁྲིད་བྱས་ཏེ་ཅུང་ཟད་འདྲིས་པར་གྱུར་ཅིང་ང་རང་ཁོ་ཚོར་སྙིང་ཉེ་བར་གྱུར། ཁོ་བོས་རང་གི་འོས་འགན་ལ་སྔར་ལས་མཐོང་ཆེན་བགྱིས་ཏེ་འཁྲིད་བྱ་སྔོན་སྦྱོང་བགྱིས་པ་དང་། ལས་བྱ་དུས་ལྟར་བལྟས་པ་ཡིན། དེ་མིན་སློབ་ཁྲིད་ཀྱི་དུས་ཚོད་བཀོད་སྒྲིག་དང་ཐབས་ལམ་སོགས་ཀྱི་ཐད་ལའང་ཞིབ་འདང་བརྒྱབ་མྱོང་། དེ་ནི་ངས་རང་ཉིད་ལ་འགན་འཁུར་སྟངས་ཤིག་ཀྱང་ཡིན།    
         ཟླ་ངོ་བཞིའི་དུས་ཡུན་ནི་རླུང་འཚུབ་གཡུག་སྟངས་ཤིག་ལས་མ་འདས།  མི་རིང་མི་ཐུང་གི་ཟླ་ངོ་བཞིའི་ནང་།  མཚམས་རེར་ངས་སློབ་མ་ཁ་ཤས་ལ་མི་འདོད་པའི་གཤེ་གཤེ་བཏང་མྱོང་། ཐ་ན་གཅར་ཡང་མྱོང་། ཡང་མཚམས་མཚམས་སུ་ཀུ་རེ་ཡང་རྩེས་མྱོང་།གསོང་བོར་བརྗོད་མ། ཡོད་ཚད་ནི་ཁོ་ཚོའི་སླད་དུ་ཡིན།  ངས་འཇོན་ཚོད་ནུས་ཚོད་ཀྱིས་ཁོ་ཚོའི་སློབ་སྦྱོང་དང་འཚོ་བའི་ཐད་ནས་རོགས་བགྱིས་མྱོང་།མ་མཐའ་ཡང་དངོས་སྦྱོང་སློབ་མ་ཞིག་གི་ངོས་ཐད་ནས་བསྒྲུབ་འོས་མཐའ་དག་བསྒྲུབས་ཡོད་པས། གྲང་ཤུར་ཤུར་གྱི་དགུན་ཟླ་རིང་མོ་འདིར།ངའི་ཡིད་སེམས་དྲོད་ལམ་ལམ་དུ་སྣང་། ངས་སློབ་མ་འདི་དག་དང་འབྲེལ་འདྲིས་བྱས་པ་བརྒྱུད་དེ་ཁོ་ཚོའི་སླད་མ་གོས་པའི་སེམས་པ་དང་ངང་རྒྱུད། སེམས་ཁམས་སོགས་བྱིས་པའི་ཆེས་མཛེས་སྡུག་དང་དྭངས་གཙང་གི་ཆ་མཐོང་བར་གྱུར།

       རང་རེའི་བོད་གངས་ཅན་གྱི་མཁས་པ་ཚོས་སྤྱི་ཚོགས་ནི་ངེས་པ་དོན་གྱི་སློབ་གྲྭ་ཆེན་མོ་ཞིག་ཡིན་ཞེས་སྨྲས་མོད།  སློབ་མ་ཚོར་འགྲོགས་འདྲིས་བྱས་རྗེས་ངས་ནི་དེ་ལྟར་མི་འདོད་དེ། རང་རེའི་གཞུང་ན། སེམས་ནི་གདོད་མ་ཉིད་ནས་དག།  གློ་བུར་རྐྱེན་གྱིས་བསྒྲིབས་པ་ཡིན།། ཞེས་གསུངས་ཡོད། གསུང་དེ་ནི་ཇི་འདྲིའི་ལུགས་དང་མཐུན་པ་ཞིག་རེད་ཨང་འདོད། དེ་ཡང་མདོར་དེད་ན། སྤྱི་ཚོགས་འཚོ་བའི་མི་སྡུག་པ་དང་ལྗན་ལྗིན་སོགས་ཀྱིས་བསྐྱེད་པ་རེད་སྙམ། དེ་ལྟ་དེ་ལྟར་ང་ནི་སྤྱི་ཚོགས་དང་རྒྱང་དུ་བཀྱེད་པའི་རི་དྭགས་ཤིག་དང་འདྲ་བར། མི་རྣམས་ཀྱི་ཚུལ་འཆོས་དང་རྫུན་གཏམ་ལ་སུན་ནས་ཡུན་རིང་ཕྱིན།  སྤྱི་ཚོགས་ཞེས་པའི་འཚོ་བ་ཡི་གྲུ་ག་རེ་ནས།

      ང་ཚོས་གཞན་པའི་མི་འདོད་པའི་མཐོང་ཆུང་དང་དམོད་མོ།མི་ཁ་དང་སྡང་སྡིགས་ཅི་རིགས་ཨུ་ཚུགས་ཀྱིས་ཁུར་མྱོང་། བསམ་གྱིན་བསམ་གྱིན། ངས་མེ་ཏོག་ལྟ་བུའི་བྱིས་པ་འདི་དག  ནམ་ཞིག་སྤྱི་ཚོགས་ཀྱི་དྲི་མས་སྦག་འགྲོ་བསམ་པའི་ཕངས་སེམས་རབ་ཏུ་ལྕི།

       ཁོ་ཚོ་སྤྱི་ཚོགས་ཞེས་པའི་མུན་པའི་འོབས་དོང་དུ་ལྷུང་ནས་རང་གི་དགའ་ཕྱོགས་དང་མཁས་ཕྱོགས་དེ་དག་མཐོང་མི་ཐུབ་པར་འགྱུར་ངེས་པའི་སེམས་ཁྲལ་ཤིན་ཏུ་ལྕི།  རྒྱུ་མཚན་དེའི་དབང་གིས། ངས་ཁོ་ཚོས་ག་དུས་ཡིན་ཀྱང་།  ཁྲེལ་གཞུང་དང་ཕྱི་ཐག་མི་འབོར་བ་དང་། རིགས་ཞེན་དང་ལ་རྒྱ་མི་བརྗེད་པ། སློབ་སྦྱོང་དང་འགན་འཁྲི་མི་འདོར་བའི་སྨོན་ལམ་ཡང་ཡང་བརྒྱབ་པ་ཡིན།


2018/1/2ཉིན་བྲིས་ཚར།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urkx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41154249
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1