ཐ་སྐར་གྱི་རང་མོས་འགའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »ཐ་སྐར་གྱི་རང་མོས་འགའ།
ཐ་སྐར་གྱི་རང་མོས་འགའ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/2/10ལྟ་ཀློག (1939)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ལམ་བར་གྱི་སློང་མོ་བ།

ཐ་སྐར།  མགོ་ལོག

འུར་གྱིས་བྲད་བཞིན་པའི་གྲམ་ཐང་དེར།
ང་རང་ཁྱི་བཞིན་ཉུལ་ཉུལ་བྱས་སྐབས།
གྲང་འཁྱག་ཚད་མེད་པའི་སྡུག་བསྔལ་མྱོང་བཞིན་པའི་
སློང་མོ་བ་དེ་དག་གི་མིག་མདངས་ལས་སྐོམ་གདུང་གི་མཆུ་མ་ཉིལ།

① སེར་ག་བརྒྱུད་དེ་སེར་ག་ཇེ་ཆེར་གཏོང་མཁན་གྱི་སློང་མོ་བ་དེ་དག་གིས།
ཁ་གྲགས་མི་ཤེས་ཤིང་ལུས་པོ་འགུལ་མི་ཐུབ་པའི་པར་རིས་ཤིག་བཟུང་།
དེ་ནི་ཕ་རོལ་བའི་སྙིང་རྗེ་དང་བྱམས་པ་སྒོམ་བྱེད་ཀྱི་རྟེན་གཞི་ཡིན།
ངས་སྒོར་རྡོག་གཅིག་གི་སྟེང་ངོས་སུ་སྙིང་རྗེའི་སེམས་པ་རེ་ཕར་བསྐུར་ཡོད།

ངལ་བ་བརྒྱ་ཕྲག་ལྷག་ཁུར་བའི་
སློང་མོ་བ་དེ་དག་གིས་སྐོམ་གདུང་གི་གཙང་པོ་ཞིག་ཁྲིད་དེ།
གྲམ་ཐང་དེར་སྨྲེ་ངག་དང་མ་ཎི་འདོན་པའི་སྒྲ་སྐད་ཀྱིས་བཀང་།
སྲང་ལམ་དེའི་པང་གི་མི་རྣམས་ཀྱིས་སྒོར་མོ་ལ་རྣམ་ཤེས་འཐིམ་པར་བྱས།

ཉམ་ཐག་པའི་མིག་ཟུང་རེ་རེ།
ངལ་བ་མེད་ཚེ་བདེ་སྐྱིད་ཀྱི་མཛེས་པ་མཐོང་མི་ཐུབ་ལ།
སྐོམ་པ་མེད་ཚེ་གདུང་བའི་མཆུ་མ་ཡང་འཐུང་མི་ཐུབ།
བདེ་བ་ནི་ཚེ་རབས་ལས་ཀྱི་སྨོན་པ་དང་གསོལ་འདེབས་ཡིན་ཡང་།
བདེ་བ་དང་མ་བྲལ་ན་བདེ་སྐྱིད་ཀྱི་ཁ་དོག་ཀྱང་སྡུག་བསྔལ་དུ་བསྒྱུར་འགྲོ

① སྙན་ངག་པ་ཁ་བ་རྐང་གླིང་གི་ཚིག     2018/1/22

ཉི་ཟླ་རི་བོའི་མདུན་ནས་ཁྲི་ཤོར་རྒྱལ་མོ་དྲན་པ།

ཉི་ཟླ་རི་བོའི་མདུན་ངོས་སུ་ལྷུང་བས།
མེ་ལོང་ཆག་རོ་དེའི་ནང་དུ་བལྟ་ཐེངས་རེེར།
བྱེ་ཐང་དུ་རབ་ཏུ་མང་བའི།
སྐོམ་གདུང་ཁུར་བའི་འཇིག་རྟེན་པའི་རྐང་རྗེས་དང་།
ཁྲི་ཤོར་རྒྱལ་མོའི་མཚོ་འོག་ཏུ་ནུབ་པའི་འབྲོག་སྡེ་དག་དྲན་འོངས།

ག་ནས་ཡོང་བའང་མ་ཤེས་པའི་རླུང་འཚུབ་དེས།
ནང་སེམས་ཀྱི་ལྗོན་པ་དེ་ཡང་ཡང་བསྒུལ་ཅིང་།
ཡུལ་མཐའ་འཁོབ་ཀྱི་འབྲོག་སྡེ་ཆུང་ཆུང་དེ་དག་ཀྱང་།
སྐད་ཅིག་མའི་ཡུན་ལ་རླུང་འཚུབ་ཀྱི་ཕྱག་རྒྱས་ཁུད་དུ་ཆུད།

ད་ནངས་ཞོགས་པར ངས་མེ་ལོང་ཁྲོད་ཀྱི་ཁྲི་ཤོར་རྒྱལ་མོ་མཐོང་བྱུང་།
ཁྲི་ཤོར་རྒྱལ་མོ་ནི་གཡུ་ཡི་མེ་ལོང་སྔོན་མོ་ཞིག་ཡིན།
མཐའ་དབུས་མེད་པའི་ལོ་རྒྱུས་ཀྱི་བར་ཁྱམས་ཆགས་ཡོད།
བར་ཁྱམས་དེ་རུ།   འབྲོག་ཁྱིམ་ཁྲི་ཕྲག་ཅིག་གི་རྣམ་ཤེས་འཁོར་ཡོད།

གློ་བུར་དུ    ཉི་ཟླ་རི་བོའི་ཁ་གཏད་དུ།
ཁྲི་ཤོར་རྒྱལ་མོར་ཆ་རྒྱུས་མེད་པར་གྱུར།

                                 2018/1/06
མཐའ་མཇུག

ལུས་པོ་འདི་བྱ་རྒོད་ཀྱི་གཟན་དུ་འཁོར་རྗེས།
ཐ་སྙད་ཀྱི་བཙན་རྫོང་ལ་གཡོ་འགུལ་བྱུང་བའི་འཇིག་པའི་ཉེ་སར་བཏུད།

མཐའ་མཇུག་མི་ཡུལ་གྱི་ཟམ་པ་ལས་བརྒལ་དེ།
འཆི་བའི་འཁོར་སྒྲོམ་ནང་དུ་བསྡད་རྗེས།
མི་ཡུལ་དང་འབྲེལ་བ་ཆགས་པའི་ལོ་རྒྱུས་དང་རྒྱུ་འབྲས་གླེང་གིན་འདུག

སེམས་ཀྱི་གཏིང་དུ་ཉལ་བའི་མི་ཚོགས།
མུན་ཁང་ནང་གི་ལྷ་སྐུ་ལྟར་ལྷང་ངེར་བཞུགས།
གདོས་བཅས་ཀྱི་ཕུང་པོ་འདི་གཤིན་རྗེའི་མེ་ལོང་དུ་ཐོར་རྗེས།
དབུགས་རིང་ཞིག་ལེན་ནས་སྨྲ་བ་མཚམས་བཅད་ཟིན་འདུག

མི་ཚེ་ཡི་དཀྱོགས་མཚམས་དང་ལམ་ཕྲན་དེར་ལུས་པའི།
མཛེས་སྡུག་དང་ཞེན་ཆགས་ཀྱི་དངོས་པོ་དེ་དག
གཟུགས་མེད་ཀྱི་རྣམ་པར་ཤེས་པ་འདིས་བརྗེད་མ་ཐུབ་པར།
རྐང་བ་འདར་འདར་གྱིས་འཆི་བའི་ལ་མོ་དེར་བརྒལ་འགྲོ

ང་ཚོས་ན་བ་བརྒྱུད་ནས།
འཆི་བའི་ཁ་དོག་ལ་རྒྱང་ལྟ་བྱེད་ཐེངས་རེར།
གོམ་ཁ་སྔར་ལས་བྲེལ་འཚུབ་དུ་གྱུར།
དགེ་སྡིག་འཇུག་ལྡོག་གི་སེམས་པ་མེ་བཞིན་འབར།

ཁྱོད་རང་ངག་མེད་པར་བདེ་བར་གཟིམས་རྗེས།
མུ་མཐའ་བྲལ་བའི་ཁྱོད་ཀྱི་བྲང་གཞུང་དུ།
གྲང་ལྷགས་དང་བཀྲེས་སྐོམ་གྱི་ན་ཟུག་ཁུར་བའི་རི་དྭགས་ཀྱིས།
སྡུག་བསྔལ་མཚོན་བྱེད་ཀྱི་མིག་ཆུ་མང་བོ་གཏོང་བཞིན་ལུས།

མཐའ་མཇུག་དེར། 
ང་རང་སྐྱེ་འཆིའི་གཡུལ་ས་དེར་དམག་མི་ཞིག་གི་ཚུལ་དུ་སྐྱེས།
མི་ཚོགས་ཀྱི་ངོ་གདོང་དང་གཉའ་གནོན་ཐོབ་ཐང་།
ད་དུང་། ཉོན་མོངས་པའི་སྡུག་བསྔལ་གྱི་
ཕམ་ཁའི་འོག་བཙོན་པ་ཞིག་ལྟར་ཤི་དགོས་བྱུང་།
                          

                               2018/1/17

ཞེན་ཆགས་ཀློང་གི་ཕ་ཡུལ།


སེམས་ཀྱི་གཞུང་ལ་ཆགས་པའི་ཕ་ཡུལ།
ཡི་མུག་དང་མུན་ནག་གི་སྟེབས་ཁུགས་སུ་འཚོ།
དྲན་པ་ཉམས་པའི་རི་དྭགས་ཕོ་མོ།
མུན་ནག་གི་གཟེབ་དྲར་ཚུད།
ཞི་འཇགས་ཀྱི་རྩྭ་ཐང་དུ་ལུག་ཁྱི་ངུས།
ཚེར་མའི་སྡོང་བོ་གང་སར་སྐྱེས།
མདོག་ཡལ་བའི་ཕ་ཡུལ་གྱི་རི་བོའི་
བརླ་བར་དུ་བཞུར་བས་རི་ཆུ་
གཙང་མ་དེ་ཡང་རྙོག་འདུག

རྨི་ལམ་གྱི་མཛེས་པ་ལ་མགོ་འཁོར་བས་ཡུལ་མི་དག
འཁྲུལ་སྣང་ལ་བདེན་པར་བརློམ།
ཡོད་ཚད་ཤོར་ལ་ཉེ་བའི་དུས་འདིར།
མཚན་མོའི་ལྷིང་འཇགས་དཀྲོག་པའི་
ཁྱི་ལྡོམ་དེ་དག་ཅེས་ཀྱང་ཡོད་དགོས།
ཤིན་ཏུ་ཐང་ཆད་པའི་མིག་ཟུང་དེའི་
ཕ་ཡུལ་དུ་བལྟ་ཐེངས་རེར།
སེམས་ཀྱོ་ཀོ་གྲུ་དེ་གཙང་ངོགས་ནས་
གཡོ་སྐྱོམ་མང་དུ་བྱས་སོང་།

                  2018/1/24 ཡུལ་ནས་གྲུབ།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41034843
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1