བཙན་ཞགས་ཀྱི་ཞར་བཀོད་བདུན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »བཙན་ཞགས་ཀྱི་ཞར་བཀོད་བདུན།
བཙན་ཞགས་ཀྱི་ཞར་བཀོད་བདུན།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/2/18ལྟ་ཀློག (2126)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བཙན་ཞགས་ཀྱི་ཞར་བཀོད་བདུན།


ཕར་ཁའི་རི་དྭགས།

ད་ཚོད་ཅིག་ལ་རི་དྭགས་རྨིག་རྗེས་མཚོ་ལ་བཏབ།།

མཚོ་མཐའི་དྲན་པ་དགུ་ཚིགས་ཕག་ལ་བྲོས་པ་ནས།།

ཁྲག་དམར་ཁོལ་བའི་རྨི་ལམ་ཁོ་ན་གམ་དུ་ལས།།

དུས་ཚིགས་བཞི་ལ་དྲན་སྣང་འོག་འགྱུ་མེ་རུ་སྤར།།


མཐའ་དང་མཐའ་རུ་འུག་པའི་ཧབ་ཆ་རྒྱག་པ་ལ།།

གཉོམ་ཞིང་ཕྲ་བའི་སྙིང་གི་མེ་ཏོག་ལན་དུ་སྦྱིན།།

རིང་དུ་བཀྱེད་པའི་གོམ་གསུམ་ཕྲ་མོའི་གསང་བ་དེ།།

མི་འདོད་ལས་ཀྱི་ཡིག་ཆུང་གསེབ་ཏུ་བྲིས་ནས་བཞག།


ཕར་ལ་བལྟས་ན་ཁོར་ཡུག་སྔར་བཞིན་ཕྱིས་དེ་བཞིན།།

ནང་ལ་བཙལ་ན་སྐྱོ་སྣང་བན་བུན་དལ་བུར་རྒྱུ།།

དེ་ནས་མི་སེམས་འཁྱག་རོམ་གླིང་ཕྲན་ཆུང་ཆུང་ཞིག།

སྨྲ་བ་འགགས་ཏེ་ཚོར་བའི་གཞུང་ལ་ཁ་བ་འབབ།།


གཙང་བོར་བཏང་བའི་འཕྲིན་པ་རྒྱ་མཚོའི་གླིང་ལ་ཁྱེར།།

རླུང་ལ་བསྐུར་བའི་སྙན་ཚིག་དྲི་ཟའི་ཕྱག་ལ་བསྐྱལ།།

བྲག་ཆར་འཁྱུད་པའི་ཨ་ལན་སྟོང་བའི་ཁམས་ལ་བསྒུག།

ལོ་ཟླའི་གཙང་བོར་སྐྱོ་བའི་རླབས་ཞུད་བརྒྱབ་སྟེ་ཡོང་།།


དུས་དང་ཡུལ་གྱིས་ཕྱིར་སྐོར་ལན་གཅིག་བརྒྱབ་པ་ན།།

མཚོ་མཐའ་དེ་རུ་ཡང་ཡང་དགོད་པའི་སྐར་ཆུང་ཞིག།

བདག་གི་མཁའ་དབྱིངས་གོར་མོའི་འོག་ཏུ་ཡོད་ཡོད་འདྲ།།

མིག་འཁྲུལ་ལྟ་བུའི་འཇིག་རྟེན་འདི་རུ་ཅི་ཞིག་བདེན།།


རང་སེམས་སྤྲིན་པ་སྔར་བཞིན་དཀར་པོ་བོངས་སེ་ཡོད།།

ལས་ཀྱི་གསང་ལམ་ཕྲ་མོ་གར་ཡོད་མཐོང་གི་མེད།།

ཁྱེད་ཉིད་འཇའ་འོད་འཁྱིལ་བའི་ཀློང་དུ་བྲོས་སམ་ཅི།།

ཐུང་ཐུང་མི་ཚེའི་ཕ་རོལ་བར་དུ་རྙེད་པས་ཆོག།


2017/12/23

གླེན་པ།


སྤྲིན་དཀར་དབུ་ཞྭའི་འོག་ན།།

རི་རྩེ་རྣོན་པོ་དགུང་རེད།།

རི་དེའི་ཕ་རོལ་མཚོ་རེད།།

མཚོ་མོ་དར་ཁ་ཁྲིག་ཁྲིག།

རླངས་པའི་གསེབ་ལ་ཉལ་བ།།

ཉི་ཟླས་མ་གཏོགས་མི་མཐོང་།།


ཉི་ཟེར་གཤོག་པ་ཐང་རེད།།

ཐང་གཞོངས་མེ་ལོང་ཕྱིས་ན།།

ཐང་དཀྱིལ་སྔོན་མོ་ཆུ་རེད།།

ཆུ་བོ་གྱག་གྱོག་རྒྱང་རེད།།

རྒྱང་རིང་རྒྱ་མཚོ་མ་གཏོགས།།

ཆུ་སྣེ་ཟིན་མཁན་མི་འདུག།


མཚན་གཞུང་སྐར་མའི་མཛོད་རེད།།

སྐར་ཆུང་གཙང་བོའི་ནང་རེད།།

དྲན་པའི་ནང་གི་ཐིག་ལེ།།

རྡོ་ལ་བབས་པའི་རི་མོ།།

གསེར་མིག་ཉ་མོ་མ་གཏོགས།།

གློ་བ་ཉེ་མཁན་མེད་སོང་།།


མི་ཡུལ་ཉིན་སྲིབ་གཉིས་རེད།།

ཉིན་སྲིབ་སྐྱིད་སྡུག་ལས་རེད།།

ལས་དབང་ཁ་དཀར་གཏིང་ནག།

མགུལ་ལ་བཏགས་པའི་གཟི་རེད།།

གཟི་ཆུང་ཁྲ་ཁྲ་རིས་རིས།།

མགུལ་ལས་འབྲལ་ཐབས་མི་འདུག།


མི་སེམས་ཁྲ་ཁྲ་ནང་རེད།།

གློ་དང་མཆིན་པའི་བར་རེད།།

གཏན་ཚིགས་སྐུད་ལ་བགྱིས་པའི།།

ཚིག་རིས་བརྒྱ་དང་བརྒྱད་པོ།།

སྐུད་པ་ཆད་ན་མ་གཏོགས།།

ཆར་དང་སེར་བས་མི་གཞོམ།།


2017/12/2


དྲན་པའི་རིལ་བུ།

ཤར་མཐའི་སྐྱ་འོད་དེ་ལ་ཨེན་ཙམ་བལྟས།།

དེ་གར་སྨྲེང་བའི་མཚོ་མོ་བྲུགས་པའི་ངོགས།།

གཏམ་རྒྱུད་ཐེད་འཕྲོ་དགུ་སྐོར་སློག་པ་ན།།

དུང་ཞེན་ཁབ་སྐུད་འཁྱུག་སྟེ་ཅི་ཞིག་དྲུབས།།

སྤྲིན་པའི་ལྟེབ་གཉེར་བརྩེགས་ཏེ་ཕར་ཕར་སོང་།།

ཕྱིར་འདང་འཕར་མའི་བར་གྱི་དྲན་སྣང་དེ།།

ནུབ་རའི་ཕག་ལ་མ་སོང་བདག་སེམས་སྙེག།

སྐྱོ་བ་ལྗིད་སེ་བབས་དུས་མཚན་མོ་རེད།།

མཚན་གཞུང་སྐར་མ་ང་ལ་ཁྲེལ་ཞིང་དགོད།།

ང་ཡི་ལག་པ་འཁྱག་ནས་འདར་གྱིན་འདུག།


སྒེའུ་ཡོལ་ཕབ་སྟེ་མུན་པའི་དཀྱིལ་ཀྲུང་སྔོག།

རྨི་ལམ་མ་ཟིན་སྔོན་གྱི་འཆར་ཡན་ལས།།

ཁྱོད་ནི་ཕྱེ་ལེབ་ཚུལ་གྱིས་ཞིང་ཁ་དེར།།

ལྡིང་སྐོར་ལན་འགའ་བརྒྱབ་པ་ལྷག་ཏུ་གསལ།།

ལས་ཀྱི་མེ་ལོང་གས་པའི་དགུན་ཁ་དེ།།

དྲན་པའི་ངོས་ལས་ཕར་ཕར་དེད་ན་ཡང་།།

གཟུགས་མེད་ཚོར་བ་ཚུར་ལ་ཟུག་པ་ཚ།།

ཇི་ལྟར་བསམ་པ་ཆུ་ཡི་རི་མོ་བཞིན།།

རེ་བའི་གཞུང་ལ་བྲིས་པ་མི་ཉུང་མོད།།

དོན་དམ་ལག་པའི་མཐིལ་ཏུ་ག་ཚོད་བཞད།།


2017/10/30


ཚིག་མདུད།

ཟླ་འོད་གྱེར་བའི་ངག་གི་གླིང་བུ་དེས།།

ལྕུག་མའི་ཕོན་པོ་བརྒྱུད་དེ་ག་ལེ་ལེར།།

མཚོ་འགྲམ་ངང་བ་དཀྲོག་པའི་གཤོག་སྒྲའམ།།

རི་ཚོགས་ཤུལ་དུ་ལུས་པའི་འབོད་པ་ཅི།།

ཡིད་ལ་ཟུག་པའི་མདའ་རྩེ་རྣོན་པོ་ཞིག།

ཕྱིར་འདང་གཞུང་ནས་ཡང་ཡང་གསལ་དེ་ཐོན།།


འཁར་བ་མེད་པའི་ལོ་ཟླ་བགྲེས་པོ་དེས།།

རྨི་ལམ་ཐམས་ཅད་འཚོ་བའི་མཐའ་ལ་དེད།།

ལན་བུ་ཆུ་ལ་བཤན་པའི་སྐད་ཅིག་དེར།།

མི་སེམས་བརྒྱ་སྟོང་མང་པོའི་ཕ་རོལ་འགྲོ།།

ངག་སྒོ་ཕྱེས་པའི་ཡིད་ཙམ་དེ་དག་ལ།།

སིམ་གདུང་མཐའ་དག་ཚིག་གི་མདུད་པར་འཁུ།།

2017/10/14

        

ང་དང་གེ་སར་སྒྲུང་།


ང་ཡི་རྐང་ཆུང་གཡང་དཀར་རྗེས་ན་ཡོད།།

སློག་ཧྲིལ་སྐྱ་བོ་ཙག་སེར་ལེན་ན་ཡོད།།

དབེན་ཐང་རི་ལུང་ང་དང་ཞང་བོར་དབང་།།

དགུན་ཟླ་ཧྲིལ་བོ་སྒྲུང་རིང་མཇུག་ལ་བཏགས།།


ཐབ་ཁུང་མེ་ལྕེ་ལམ་ལམ་གཟིམ་ནས་འགྲོ།།

གྲང་ངར་ཤུལ་ཤུལ་སྦྲ་གུར་སྲིབ་ནས་ཐོན།།

མཚན་གཞུང་སྐར་ཚོགས་གཡང་དཀར་ཁྱུ་ལ་འདྲེས།

ཞང་མཚན་ངེད་གཉིས་གེ་སར་སྒྲུང་ལ་གཡེང་།།


གླིང་དཀར་དཔའ་རྟགས་བཤད་དུས་སྣང་བ་སྤྲོ།།

དགྲ་བོའི་སྡར་སྐད་ཤོར་དུས་ཧབ་ཆ་ཤོར།།

སྦྲ་ཆུང་སྒོ་ཁྱིམ་མཚམས་ནས་ཀི་རིང་བཏབ།།

རི་སྤྱང་ཟུག་རྔུ་མདུན་རིའི་རྒྱབ་ལ་བྲོས།།


འདན་མའི་མདའ་རྩལ་ངོམ་དུས་ང་ཡིན་སྙམ།།

ལྷག་པར་གཟེངས་སུ་བཏེགས་ཏེ་མགུར་དུ་བཅུག།

བྱིས་དུས་ཡིད་ལ་སིམ་པའི་མགུར་ཆུང་འགའ།།

ད་དུང་གྱེར་ན་གདངས་ལ་ལྷོད་ཆ་འཁོར།།


ཉི་འོད་བྲག་ལ་བརྒྱབ་པའི་ལྷས་ར་ནས།།

འབའ་སྒྲ་འུར་འུར་ལུག་ཁྱུ་རི་ལ་ཡན།།

ང་རང་སློག་ཧྲིལ་མཐུག་པོའི་དྲོད་ཁུག་ན།།

འདན་མའི་མདའ་རྩལ་ངོམ་པའི་རྨི་ལམ་རྙེད།།


རི་སྒང་ཉིན་སྲིབ་བདའ་བའི་གཡང་དཀར་རྗེས།།

མདའ་གཞིའི་རྩེད་ཆས་ཐོགས་ཏེ་སྣང་བ་ཡན།།

སྔ་ནུབ་ཕྱི་ནུབ་བར་གྱི་རེ་སྒུག་ལས།།

སྒྲུང་དེབ་ཚི་དྲེག་ཅན་དེར་འཁྲེང་ནས་བསྡད།།


ད་ལྟ་བསམ་ན་དེ་ཡང་སྒྲུང་ཞིག་རེད།།

གནས་དེ་མཐོང་ན་སྐྱོ་བའི་སྣོན་ཞིག་རེད།།

ཐོག་མའི་སྒྲུང་གཏམ་ཡིད་ཀྱི་གཏིང་ན་ལུས།།

ད་དུང་ཕྱི་མར་བག་ཆགས་མཐུག་ཚོད་རེད།།



2017/8/11

ཏག་ཏག་པོ།


ཁོ་བོའི་ལག་པས་ཁྱོད་རང་མི་ཟིན་ལ།།

ཁྱོད་ཀྱི་རྐང་བས་གཞན་རྗེས་མི་ཆོད་ཅིང་།།

ཕན་ཚུན་སེམས་པས་གང་ཡང་མི་རྙེད་པ།།

ཞེན་ཆགས་མུ་གེའི་ཐན་པ་ཐོན་རྟགས་སོ།།


ཁོ་བོའི་འདོད་ཞེན་ཁྱོད་ལ་མི་མཁོ་ལ།།

ཁྱོད་ཀྱི་ང་རྒྱལ་གཞན་གྱིས་མི་ཐེགས་པ།།

འགལ་འདུའི་ཁ་རླངས་ཀུན་ལ་མི་ཞིམ་པ།།

དུག་ལྔའི་བྲན་ལ་མཐུན་སྒྲིལ་ཆད་རྟགས་སོ།།


ཁོ་བོའི་གཤིས་སྤྱོད་ཁྱོད་ལ་མི་འཚམ་པ།།

ཁྱོད་ཀྱི་འགྲོ་འདུག་གཞན་ལ་མི་འཕྲོད་པ།།

ཕན་ཚུན་འགལ་བའི་ལས་ཀྱི་རི་མོ་དེ།།

འཚོ་བ་མངར་མོའི་དྲོད་ཁོལ་ཡལ་རྟགས་སོ།།


ཁོ་བོའི་གྲིབ་མས་ཁེར་ལམ་མ་བོར་ལ།།

ཁྱོད་ཀྱི་དགོད་སྒྲས་གཞན་ཉིད་མ་བཏང་བས།།

ཁ་སེམས་བར་གྱི་མཐུན་པའི་འཇལ་ཚོན་དེ།།

སྐད་ཅིག་བར་ནས་དབྱིངས་ལ་ཡལ་རྟགས་སོ།།


ཁོ་བོའི་རེ་བས་ཁྱོད་ཉིད་མ་བསྐུམ་ལ།།

ཁྱོད་ཀྱི་ཁ་ལྕེས་གཞན་ཉིད་རྒྱང་ལ་འཕེན།།

ཕན་ཚུན་བར་གྱི་འཇིག་རྟེན་ཆུང་ཆུང་དེ།།

གོ་འཛོལ་བར་ནས་རྡུལ་དུ་བཏང་རྟགས་སོ།།


ཁོ་བོའི་ཚོར་བས་སྔར་རྗེས་མ་བོར་ལ།།

ཁྱོད་ཀྱི་ལས་ཀྱིས་གདམས་ཀ་མ་རྙེད་འདྲ།།

རྨི་ལམ་འདྲ་བའི་གཏམ་རྒྱུད་ཆད་པོ་དེ།།

འཁོས་ཆུང་ལག་པའི་ཕྱི་ནང་ནོར་རྟགས་སོ།།

2017/78/14 


མྱི་སྐྱིད་ང་།


ཕྱི་ན་འཁོར་བ་ཟེར་བའི་སྒོར་སྒོར་དེ་མེད་ཀྱང་།།

ནང་བ་བརྩེ་དུང་ཟེར་བའི་ཁྲ་ཁྲ་དེ་མེད་མོད།།

རང་སེམས་རང་ལ་དབང་བའི་མྱི་སྐྱིད་ངའི་གམ་ན།།

སྡུག་བསྔལ་ཨ་ཐང་ཆད་པའི་སྐྱོ་གཞས་ནི་མེད་དོ།།


གཞན་གྱི་མགོ་འདྲེན་ཟེར་བའི་རྫིག་རྫིག་དེ་མི་འཇོན།།

ཀུན་ལ་ངན་སྨད་བྱེད་པའི་སྤོབས་པ་རང་མེད་མོད།།

བག་ཡངས་འཚོ་བ་ལྷོད་པོའི་དཀྱུལ་དཀྲུང་ལ་བསྡད་དེ།།

རང་ནུས་ཕྲན་བུས་སློབ་སྦྱོང་ལྷོད་པ་རང་མེད་དོ།།


གོང་ན་མཁས་པ་ཞུ་བའི་མིང་ཆེན་ནི་མེད་ཀྱང་།།

འོག་ན་སློབ་མ་ཟེར་བའི་བཀུར་མཁན་ཡང་མེད་མོད།།

གྲྭ་རྐྱང་ཕལ་བ་ཞིག་གི་མིང་བྱིང་ལ་འཇུས་ནས།།

མངོན་ལྐོག་ཐུབ་པའི་བྱ་སྤྱོད་འདོར་བ་རང་མེད་དོ།།


ངག་ན་གདམས་ངག་ཟེར་བའི་རྩ་ཆེན་དེ་མེད་ཀྱང་།།

སེམས་ན་མཉམ་ལེན་ཟེར་བའི་རྟོག་པ་རང་མེད་མོད།།

ལས་འབྲས་བླང་དོར་གསེར་གྱི་ཞུན་མ་རང་བརྡལ་བའི།།

དགོས་མེད་ལས་ལ་དོན་མེད་འཇུག་འདོད་རང་མེད་དོ།།


གདོང་ན་ལངས་ཚོ་ཟེར་བའི་མཛེས་སྡུག་ནི་མེད་ཀྱང་།།

ཁོག་ན་ཤེས་ཡོན་ཟེར་བའི་རིན་ཐང་ནི་མེད་མོད།།

ན་བཟའ་དམར་པོའི་དྲོད་ཁོལ་ལུས་སེམས་ལ་གཅར་དེ།།

མི་ཚེའི་རྨི་ལམ་འདོར་བའི་ལྟ་གོན་ནི་མེད་དོ།།


ཁོག་ན་སྙན་ངག་ཟེར་བའི་གྲུབ་མཐའ་རང་མེད་ཀྱང་།།

ཁ་ན་སྙན་རྩོམ་ཟེར་བའི་ཐོབ་ཆེན་རང་མེད་མོད།།

རང་སེམས་འཁོར་འདས་བར་ལ་བག་ཡངས་སུ་རྒྱུ་ན།།

དགའ་སྐྱོའི་སྣང་བ་མ་མགུར་རང་དབང་ནི་མེད་དོ།།


ཕྱི་ན་ཡུལ་སྡེ་ཟེར་བའི་སྲ་བརྟན་ཞིག་མེད་ཀྱང་།།

ནང་ན་གྲོགས་པོ་ཟེར་བའི་གཏད་སོ་ཞིག་མེད་མོད།།

ས་མཐའ་སྡེ་མཐའ་ཉུལ་བའི་འཁྱམས་པོ་ཡི་སེམས་ན།།

རང་ཚུགས་རླུང་ལ་བསྐུར་བའི་མྱ་ངན་ནི་མེད་དོ།།


རྒྱང་ན་སྙིང་གྲོགས་ཟེར་བའི་ལོག་ལོག་ཅིག་མེད་ཀྱང་།།

ཟུར་ན་བྱམས་པ་ཟེར་བའི་དམར་དམར་དེ་མེད་མོད།།

རང་སེམས་བརྩེ་བ་དག་མའི་གུར་ཁང་ལ་བཞུགས་ན།།

འཇིག་རྟེན་ཧྲིལ་གྱི་མི་མཐུན་གང་ཡང་ནི་མེད་དོ།།

2017/8/1


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41365241
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1