ཁམས་སྟོང་སྐོར་དགོན་གྱི་གསར་འགྱུར་ཚ་ཤོས་ཤིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཁམས་སྟོང་སྐོར་དགོན་གྱི་གསར་འགྱུར་ཚ་ཤོས་ཤིག
ཁམས་སྟོང་སྐོར་དགོན་གྱི་གསར་འགྱུར་ཚ་ཤོས་ཤིག
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/3/6ལྟ་ཀློག (5766)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་ཀྱི་མཛད་སྒོ་གལ་ཆེན་ཞིག


དགོན་འདི་ཉིད་ཀྱི་གཙོ་འཛིན་བསྟན་འཛིན་རབ་རྒྱས་མཆོག་གིས་བཀའ་སློབ་གནང་བཞིན་པ།


དགེ་བཤེས་ཉི་མ་མཆོག་གིས་གསུང་བཤད་གནང་བཞིན་པ།

    བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་༢༠༡༨ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། བོད་རྒྱལ་ལོ་ ༢༡༤༤ལོའི་ཁམས་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བྱ་དགའ་དང་ལེགས་སྐྱེས་འབུལ་བའི་མཛད་སྒོ་དང་བསྟུན། དགོན་པའི་གཙོ་འཛིན་བསྟན་འཛིན་རབ་རྒྱས་མཆོག་དང་།   སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཉི་མ་རྣམ་གཉིས་ཀྱིས་བཀའ་སློབ་འདི་ལྟར་གནང་།

 མཛད་རིམ་དང་པོ་ནི།

     གཙོ་འཛིན་བསྟན་འཛིན་རབ་རྒྱས་མཆོག་གིས།  སྟོང་སྐོར་དགོན་གསང་ཆེན་རྡོ་རྗེ་གླིང་གི་མཁན་པོ་མཁན་ཟུར་རྣམ་པ་དང་། རོགས་འདེགས་པ་རྣམ་པ། ལས་སྣེ་རྣམ་པ། དགེ་འདུན་པ་རྣམ་པ།  ཁུ་རིའི་ཆུ་བསིལ་མདའ་གཉིས་ཀྱི་བར་ནས་ཕེབས་པའི་སྐྱ་སེར་ཕོ་མོ་ཡོངས་སུ་རྫོགས་པ་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཞེས་པ་ལ། ཚོགས་ཞུགས་ཡོངས་ཀྱིས་ཐལ་སྒྲས་ཚོགས་རའི་ཕྱི་ནང་གང་། དེ་ནས། ཁོང་གིས།

དེ་རིང་ནི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་རེད། ཉིན་མཚན་ཀུན་ཏུ་དཀའ་ལས་སྐྱིད་སྡུག་རྒྱག་མཁན་གྱི་མདོ་ཕྱོགས་དང་། སྔགས་ཕྱོགས་ཀྱི་སློབ་གྲྭ་བ་དག་ལ་བྱ་དགའ་འབུལ་རྒྱུ་ཡིན། སྤྱིར་བཏང་སྔར་དུང་སྒྲུབ་ཚོགས་པའི་སྐབས་བྱ་དགའ་འབུལ་དགོས་ཀྱང་། ད་ལོར་དུང་སྒྲུབ་ཕྱིར་འཐེན་བྱས་པས་དགེ་རྒན་རྣམས་ཁོམ་ལོང་མ་བྱུང་། དེས་ན། དེ་རིང་ཚེས་བཟང་སྐལ་བཟང་གི་ཉིན་བྱ་དགའ་འབུལ་རྒྱུ་ཡིན། དེ་ཡང་། མཁན་པོ་གཙོ་བོ་རེད། ལས་སྣེ་རྣམས་དང་། དགེ་རྒན་རྣམ་པ་ཚང་མ་དེ་རིང་འདིར་ཕེབས་ནས་བྱ་དགའ་སྤྲད་རྒྱུ་ཡིན།  བྱ་དགའ་མ་འབུལ་གོང་དུ་མཛད་རིམ་ལྟར་སློབ་གཉེར་དང་འབྲེལ་བའི་སྐད་ཆ་སྐར་མ་ཁ་ཤས་མ་གཏོགས་མང་པོ་བཤད་རྒྱུ་མིན།  དེ་ཡང་། སྟོར་སྐོར་དགོན་པ་ནི། སྟོང་སྐོར་ཟླ་བ་རྒྱལ་མཚན་གྱིས་བཏབ་ཀྱི་དགོན་པ་དང་བཞེངས་པའི་མཆོད་རྟེན་ཞིག་དང་། མདོ་སྔགས་ཟུང་འབྲེལ་གྱི་དགོན་པ་ཞིག་རེད། སྤྱིར་བཏང་། དགོན་འདི་བཏབ་ནས་མི་ལོ་ལྔ་བརྒྱ་ལྷག་དྲུག་བརྒྱ་ཟིན་ལ་ཁད་དེ་འདྲའི་ཡུན་རིང་དང་ལོ་རྒྱུས་ལྡན་པའི་དགོན་པ་ཞིག་རེད། འོན་ཀྱང་། འདི་ལྟ་བུའི་གཟེངས་བསྟོད་ལག་ཁྱེར་འབུལ་རྒྱུའི་ལུགས་སྲོལ་ནི།  ན་ནིང་གི་ལོར་གསར་གཏོར་བྱས་པས་སྔོན་མར་ཡོད་མ་རེད། དེ་ཡིན་དུས་མདོ་སྔགས་རིག་གནས་དང་བཅས་པའི་དགེ་རྒན་རྣམས་ཀྱིས་གཙོ་བོར་བྱས་ནས་སློབ་མ་ཡོངས་སུ་རྫོགས་པས་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་ཐམས་ཅད་ལ་དཀའ་ལས་འོ་བརྒྱལ་མང་པོ་གནང་ཡོད་པ་རེད། སྟོང་སྐོར་དགོན་པ་དར་དང་མི་དར་རྒྱས་དང་མི་རྒྱས་ནི་མདོ་སྔགས་སློབ་གླིང་ལ་རག་ལས་ཡོད་པ་རེད། དེ་ཡིན་པ་དེ་གྲྭ་བ་རྣམས་ཀྱིས་ཤེས་རྒྱུ་རེད། ཁྱིམ་པ་རྣམས་ཀྱིས་ཀྱང་ཕལ་ཆེར་ཤེས་རྒྱུ་རེད།  འཇིག་རྟེན་གཏམ་དཔེ་ལ།  ཕ་བརྒྱ་ལ་བུ་བརྒྱ་ཟེར་བ་ལྟར་མདོ་སྔགས་སློབ་གླིང་ནང་དུ་སློབ་མ་བརྒྱ་དང་བདུན་བཅུ་ལྷག་ཙམ་ཞིག་ཡོད་པ་རེད། དེ་ཡིན་དུས་ཕ་མ་རྣམས་ཀྱིས་སོ་སོའི་བུ་རྒྱུད་སྟོང་སྐོར་དགོན་པ་ནང་དུ་བཞག་ནས་ཆོས་ལྡན་གྱི་བྱ་བ་སློབ་གཉེར་ཡག་པོ་བྱེད་བཞིན་ཡོད་དང་མེད། དེ་རིང་འདིར་ལྟོས་དང་ཕལ་ཆེར་ཤེས་རྒྱུ་རེད། དེ་ཡང་མདོ་ཕྱོགས་ཀྱི་དཔེ་ཆར་བལྟས་ནས་ཉིན་མཚན་ཀུན་ཏུ་སློབ་སྦྱོང་ཚུལ་བཞིན་བྱེད་པ་དང་། སྔགས་ཕྱོགས་ལ་བློ་འཛིན་བྱེད་པ་བཅས་མདོར་ན། ནམ་ཉིན་མཚན་ཀུན་ཏུ་སློབ་སྦྱོང་ལ་ཁ་ཕྱོགས་ཏེ་གྲྭ་པ་ཡག་པོ་བྱས་ནས་བཞུགས་ཡོད་པ་རྣམས་གཙོ་བོ་ནི། རང་ཆོས་རང་དོན་རེད། དྲིན་ཅན་ཕ་མ་ལ་དྲིན་ལན་འཇལ་བ་རེད། སྟོང་སྐོར་དགོན་པ་ལ་ཞབས་ཏོག་རེད། བཀའ་དྲིན་ཆེན་པོ་ཡིན།

དེ་རིང་འདིར་བྱ་དགའ་འབུལ་བའི་བསྙེན་བཀུར་ཞུ་མཁན་ནི།  མདོ་སྔགས་སློབ་གླིང་གི་དབུས་རྒྱུན་ལས་ཁང་ནས་རེད།  དེ་ཡང་འདིའི་ཚོང་བ་གཙོ་བོ་འཇམ་དབྱངས་བསྟན་འཛིན་དང་། རྣམ་རྒྱལ་གཉིས་རེད།  དེ་རིང་འདིར་སྒོར་མོ་ཁྲི་ཁ་ཤས་འགྲོ་སོང་བཏང་ནས་བྱ་དགའ་འབུལ་རྒྱུ་ཡིན་ཀྱང་། ད་རུང་འདིའི་འགྲོ་སོང་སྐོར་གསལ་བོ་ངེད་ཀྱིས་ཤེས་མ་སོང་། དེ་རིང་འདིར་བྱ་དགའ་ལེན་མཁན་རྣམས་ལ་ལྟད་མོ་བ་ཚང་མས་དགའ་བསུ་བྱོས། བྱ་དགའ་མ་ལེན་མཁན་སློབ་མ་རྣམས་ཀྱིས་ཀྱང་མུ་མཐུད་དེ་སློབ་སྦྱོང་ཡག་པོ་བྱོས།

      མདོར་ན།   དགོན་པ་འདི་ལ་སློབ་གཉེར་ཡག་པོ་ཡོང་བའི་ཆེད་དུ་བྱ་དགའ་གནང་རྒྱུ་ཡིན་པས་ཀུན་གྱིས་སློབ་སྦྱོང་ཡག་པོ་བྱོས། ཕ་མ་རྣམས་ཀྱིས་ཀྱང་སོ་སོའི་བུ་རྒྱུད་རྣམས་ལ་འདིའི་ཐད་ལ་སློབ་གསོ་གནང་དགོས།  གཙོ་བོ་དགོན་པའི་སྒྲིག་གཞི་ཡག་པོ་བསྲུང་དགོས་པ་དང་། ཆོས་དཔེ་ཆར་སློབ་གཉེར་ཚུལ་བཞིན་དུ་བྱེད་དགོས་པའི་སྐོར་ལ་བསླབ་བྱ་ཡག་པོ་གནང་དགོས་པ་རེད།

དེ་ཡང་སེར་སྨད་དགེ་བཤེས་ཉི་མ་མཆོག་ལྟ་བུ་ཡིན་ན།  ས་ཕྱོགས་གཞན་དག་ལ་རང་དོན་བསྒྲུབས་ཏེ་ཕེབས་པ་ཡིན་ནའང་རང་དབང་ཡོད་པ་རེད། འོན་ཀྱང་དེ་མ་ཕེབས་པར་ཞབས་དྲུང་རིན་པོ་ཆེའི་བཀའ་བཞིན་དུ་དགོན་འདིར་བཞུགས་ཡོད་པ་དེ་ནི་བཀའ་དྲིན་ཆེན་པོ་ཡིན། ལྷག་པར་དུ་སྟོང་སྐོར་དགོན་པའི་དོན་དུ་སློབ་མ་རྣམས་ལ་ཆོས་དཔེ་ཆ་ཁྲིད་རྒྱུ་དང་། དགོན་པའི་སྒྲིག་གཞིའི་སྐོར་ལ་བཀའ་སློབ་གནང་བ་བཅས་ལ་བཀའ་དྲིན་ཆེན་པོ་ཡིན། མདོར་ན། ཕྱོགས་གང་ཐད་ནས་སྟོང་སྐོར་དགོན་པ་ལ་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་ཡིན། དེར་མ་ཟད། དེ་དང་མིང་དོན་མཚུངས་པའི་ད་རུང་དགེ་རྒན་རོགས་པ་ཡོད་པ་རེད། དེར་མ་ཟད། དག་ཡིག་དགེ་རྒན་རྣམས་རེད། བློ་འཛིན་དགེ་རྒན་རྣམས་རེད། སློབ་མ་རྣམས་ལ། དང་པོར་སྨོན་ལམ་རྣམས་དང་། དེ་ནས། བསྐང་གསོལ་རྣམས་དང་། དེ་ནས་དག་ཡིག་བཅས་ཁྲིད་ནས་དཀའ་ལས་འོ་བརྒྱལ་གནང་གིན་ཡོད་པ་རེད།

      ལྷག་པར་དུ་སྔགས་ཕྱོགས་ཀྱི་བློ་འཛིན་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་གསང་བདེ་འཇིགས་གསུམ་བློ་འཛིན་བྱེད་དུ་བཅུག་པ་བཅས་ཉིན་མཚན་ཀུན་ཏུ་དཀའ་ལས་འོ་བརྒྱལ་ཆེན་པོ་གནང་བའི་འབྲས་བུ་ལ་དེང་སང་དགོན་པའི་ཆོས་ཐོག་རྣམས་ཕུན་སུམ་ཚོགས་པ་འཚོགས་བཞིན་ཡོད་པ་རེད། བཀའ་དྲིན་ཆེན་པོ་ཡིན། དེར་མ་ཟད། ཚོགས་ཆེན་ལས་སྣེ་རྣམས་དང་། གྲྭ་ཚང་ལས་སྣེ་རྣམས་ཀྱིས་མདོ་སྔགས་སློབ་གླིང་འདི་ལ་རྒྱབ་སྐྱོར་རོགས་རམ་གནང་བ་དང་། བསྐོར་བ་རྒྱག་པ། སྒྲིག་གཞི་ལྟ་བ་བཅས་ཀྱི་འབྲས་བུ་ལ་དེང་སང་སྟོང་སྐོར་དགོན་པ་ནི་ཕུན་སུམ་ཚོགས་པ་བྱུང་ཡོད་པ་རེད། བཀའ་དྲིན་ཆེན་པོ་ཡིན། དེར་མ་ཟད། ཞབས་དྲུང་རྡོ་རྗེ་འཆང་དབུར་བཞུགས་ཏེ་དགེ་རྒན་རྣམས་དང་། ལས་སྣེ་རྣམས་དང་། ངེད་ཅག་ཚང་མ་བསམ་པ་གཅིག་མཐུན་དང་། རྡོག་རྩ་གཅིག་སྒྲིལ་བྱས་ནས་དགོན་པ་འདི་ལ་ཞབས་ཏོག་ཞུ་བཞིན་ཡོད། དེ་ཡང་སྔོན་དང་ད་ལྟར་ཚང་མར་དེ་ལྟར་ཡིན། ལྷག་པར་དུ་འཇིག་རྟེན་གཏམ་དཔེ་ལ་བཟང་གི་རྔ་མ་བཟང་དང་། གཡུ་འབྲུག་རྔ་མ་མཚོ་ཟེར་བ་ལྟར། མ་འོངས་པར་ཡང་དེ་ལྟ་བུའི་དགོན་པ་འདིར་ཕན་ཐོགས་ཉག་གཅིག་བསྒྲུབས་ཏེ་འགྲོ་རྒྱུ་ཡིན། ཀུན་འདུས་རིན་པོ་ཆེ་དང་། ཞབས་དྲུང་རྡོ་རྗེ་འཆང་། དེ་ལས་གཞན་མཁས་པ་ཚང་མས་སློབ་མ་དག་ལ་ཐོས་བསམ་སློབ་གཉེར་ཡག་པོ་བྱེད་དགོས་ཞེས་བསླབ་བྱ་ཡང་ཡང་གནང་བཞིན་ཡོད་པ་རེད། དེ་ཡང་། རབ་བྱུང་བའི་སྡེ་རྣམས་ལ་དེ་ལོས་ཡིན། ཁྱིམ་པ་རྣམས་ལའང་དེ་དགོས་ཞེས་གསུང་བཞིན་ཡོད་པ་རེད། དེ་ཡིན་དུས་སྟོང་སྐོར་དགོན་པ་ཡིན་ནའང་མདོ་སྔགས་ཟུང་འབྲེལ་གྱི་དགོན་པ་ཡིན་ཞེས་འཆད་བཞིན་ཡོད་པས་དེ་ལྟར་དགོས་པ་དེ་ཀུན་གྱིས་ཤེས་དགོས་པ་རེད། མདོར་ན། དགེ་སློབ་ཡོངས་སུ་རྫོགས་པ་ལ་བཀའ་དྲིན་ཆེ་ཞུས། དེ་མ་གཏོགས་དེ་རིང་མང་པོ་ཞུ་བསྡད་ན། ད་རུང་བྱ་བ་མང་ཞིང་དུས་ཚོད་ཀྱིས་ཀྱང་འདང་དཀའ་བས་འདི་ནས་མཚམས་འཇོག མཇུག་མཐར་སྐྱ་སེར་ཡོངས་སུ་རྫོགས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ།། །།

མཛད་རིམ་གཉིས་པ་ནི།

     སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཉི་མ་མཆོག་གིས།

དེ་རིང་ཁམས་སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ་འདིར་ཕེབས་པའི་ཁྲི་གདན་ཟུར་རྣམས་དང་། ལས་སྣེ་རྣམ་པ། དགེ་འདུན་མང་མ། མི་སྐྱ་ཕོ་མོ་ཆ་ཚང་ལ་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཞེས་པ་ལ།  ཚོགས་ཞུགས་ཡོངས་ཀྱིས་ཐལ་སྒྲས་ཚོགས་ར་གང་། དེ་ནས། དམ་པ་ཁོང་གིས།

དེ་དང་ཆབས་ཅིག་ཏུ་མཛད་སྒོ་འདི་དང་འབྲེལ་བའི་སྐད་ཆ་ཚིག་ཁ་ཤས་ཞུ་རྒྱུ་ཡིན། སྤྱིར་བཏང་སྟོང་སྐོར་དགོན་པ་ཕྱག་བཏབ་ནས་ལོ་ལྔ་བརྒྱ་ལྷག་ཙམ་འགྲོ་བ་རེད། ལྷག་པར་དུ་སྐྱབས་མགོན་འཇམ་དཔལ་དགེ་འདུན་རྒྱ་མཚོས་ཚོགས་ཀྱི་ཆོས་གྲྭ་ཆེན་པོ་ཕྱག་བཏབ་ནས་ལོ་ཉིས་བརྒྱ་ལྷག་ཙམ་འགྲོ་བ་རེད། དེ་རིང་གི་མཛད་སྒོ་འདི་ཕྱི་ལོ་༢༠༡༧ ལོའི་མཛད་སྒོ་ཡིན་པས། མཛད་སྒོ་ཐེངས་གཉིས་པ་དེ་རེད། དེའི་སྔོན་གྱི་༢༠༡༦ ལོའི་མཛད་སྒོ་དེ་མཛད་སྒོ་ཐེངས་དང་པོ་རེད། དེ་རིང་གི་མཛད་སྒོ་འདི་སྔོན་དུང་སྒྲུབ་ཀྱི་སྐབས་སུ་འཚོགས་དགོས་ཀྱང་རྒྱུ་རྐྱེན་མང་པོ་ཞིག་གིས་འཚོགས་ཐུབ་མ་སོང་། དེ་རིང་ཚེས་བཟང་སྐལ་བཟང་གི་ཉིན་མོར་སྐྱ་སེར་ཡོངས་སུ་རྫོགས་པའི་མདུན་ན་འདི་འདྲའི་མཛད་སྒོ་རྒྱ་ཆེར་སྤེལ་དགོས་པའི་རྒྱུ་མཚན་ནི།

གཅིག   སྐུ་ཞབས་ཟླ་བ་རྒྱལ་མཚན་དང་། སྐྱབས་མགོན་འཇམ་དཔལ་དགེ་འདུན་རྒྱ་མཚོས་ཕྱག་བཏབ་པའི་ཐོས་བསམ་སློབ་གཉེར་རྣམས་མི་ཉམས་རྒྱུན་འཛིན་ཡོང་བའི་ཆེད་དུ་ཡིན། མ་གཏོགས་བྱ་བ་སྣེ་མང་བྱེད་འདོད་ནས་མིན།

གཉིས།   བོད་གངས་ཅན་ལྗོངས་སུ་དགོན་པ་སྟོང་ཕྲག་བདུན་བརྒྱད་ཙམ་ཞིག་ཡོད་པར་ཆ་ཚང་གིས། ཐོས་བསམ་སློབ་གཉེར་ནི་རྩ་ཆེན་པོ་ཞིག་ཏུ་ངོས་འཛིན་དང་། མང་མ་ལ་ངོ་སྤྲོད་ཀྱི་ཆེད་དུ་འདི་ལྟ་བུའི་མཛད་སྒོ་སྤེལ་བཞིན་ཡོད་པས། ངེད་ཅག་གིས་ཀྱང་དེ་དང་མཐུན་པ་ཡིན་པ་ལས་བྱ་བ་ཟད་ནས་མིན།

དེས་ན།  ས་གནས་འདིར་རྗེ་ཟླ་བ་རྒྱལ་མཚན་གྱིས།  འཇམ་མགོན་བླ་མས་བསྟན་པ་སྤེལ་ནས་ལོ་ལྔ་བརྒྱ་ལྷག་ཙམ་ཞིག་སོང་ཡོད་པས་ལོ་རྒྱུས་ལྡན་པའི་དགོན་པ་རེད། དེར་ཐོས་བསམ་སློབ་གཉེར་བྱས་ནས་རྒྱུན་སྐྱོང་བྱེད་རྒྱུ་དེ་ངེད་ཅག་གི་འོས་འགན་གཙོ་བོ་རེད།   གལ་སྲིད་དེ་རྒྱུན་སྐྱོང་མ་བྱས་པར་དེ་ལས་གཞན་ཞིག་བྱེད་པ་ཡིན་ན། རྗེ་ཟླ་བ་རྒྱལ་མཚན་གྱིས།  འཇམ་མགོན་བླ་མས་བསྟན་པ་སྤེལ་བའི་དགོས་པ་གཏོར་ཟིན་པའམ་དགོས་པ་མེད་པ་ཆགས་ཚར་བ་རེད། དེ་རྗེས་ང་རང་ཚོས་ཚོགས་འདྲ་ཞིག་ཡར་འཚོགས་བསྡད་ནའང་རྗེ་ཟླ་བ་རྒྱལ་མཚན་གྱིས་དགོན་གནས་འདི་བཏབ་པའི་དགོས་པ་འགྲུབ་ཡོད་མ་རེད།

དེ་བཞིན་དུ་ཆོས་གྲྭ་ལ་མཚོན་ན།    འཆད་རྩོད་རྩོམ་གསུམ་མེད་ན།   སྐྱབས་མགོན་འཇམ་དཔལ་དགེ་འདུན་རྒྱ་མཚོས་ཆོས་གྲྭ་འཛུགས་པའི་དགོས་པ་འགྲུབ་ཡོད་མ་རེད།   དེས་ན། དགོན་གནས་འདིར་ཐོས་བསམ་སློབ་གཉེར་བྱས་ནས་འདི་རྒྱུན་སྐྱོང་བྱེད་མཁན་སློབ་མ་རྣམས་ལ་སྐྱ་སེར་ཡོངས་སུ་རྫོགས་པས་རྒྱབ་སྐྱོར་རོགས་རམ་གནང་དགོས་པ་རེད། རྒྱུ་དཔལ་འབྱོར་ཡོད་ན་དེས་རྒྱབ་སྐྱོར་གནང་བ་བཅས།

     མདོར་ན།   ལུས་ངག་ཡིད་གསུམ་སོགས་ཕྱོགས་གང་ཐད་ནས་རོགས་རམ་གནང་དགོས་པ་རེད།

སྤྱིར་བཏང་དགོན་པ་ཟེར་བ་ནི། རབ་བྱུང་བ་མང་པོ་ཕྱོགས་གཅིག་ཏུ་འདུས་ནས་ཚོགས་པ་ཞིག་རེད། དེ་ལྟ་བུའི་ཚོགས་པ་ཞིག་བཟོ་དགོས་པའི་རྒྱུ་མཚན་ནི། ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་ཡག་པོ་ཡོང་བའི་ཆེད་དུ་རེད། གལ་སྲིད་དེ་ལྟ་བུའི་འཆད་ཉན་ཡག་པོ་ཞིག་མེད་ན་དགོན་པ་འཛུགས་པའི་དགོས་པ་ཡོད་མ་རེད། སངས་རྒྱས་ཀྱི་བསྟན་པ་འཛིན་པ་ལ། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་བྱས་ནས་འཛིན་དགོས་པ་རེད། མ་གཏོགས་སྐུ་གསུང་ཐུགས་རྟེན་ཅི་འདྲའི་མང་པོ་ཡོད་ནའང་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་གོ་ཆོད་མ་རེད། གལ་སྲིད་ས་གནས་དེར་སྐུ་གསུང་ཐུགས་རྟེན་ཡོད་པ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་དར་ཡོད་པ་ཡིན་ན། ལྷ་སའི་བར་སྐོར་ནང་ལ་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་པ་རེད། མ་ཟད། ཟི་ལིང་གི་བོད་མིའི་ཚོང་རའི་ནང་དུ་སྐུ་གསུང་ཐུགས་རྟེན་སྒོར་མོ་ཁྲི་སྟོང་ཕྲག་མང་པོའི་རིན་ཡོད་པ་རེད། དེར་མ་ཟད། དགྱ་ནག་སི་ཁྲིན་ཞིང་ཆེན་གྱི་བོད་མའི་ཚོང་རའི་ནང་དུ་སྐུ་གསུང་ཐུགས་རྟེན་སྒོར་མོ་ཁྲི་འབུམ་ཐེར་མང་པོའི་རིན་ཡོད་པ་རེད།  ཡིན་ནའང་དེར་སངས་རྒྱས་ཀྱི་བསྟན་པ་དར་ཟེར་རྒྱུ་མ་རེད། དེའི་རྒྱུ་མཚན་ནི་དེར་ནང་ཆོས་ལ་སློབ་གཉེར་བྱེད་མཁན་མེད་པའི་དབང་གིས་རེད།

     མདོར་ན།  དགོན་པ་དེ་ལ་ཐོས་བསམ་སློབ་གཉེར་བྱེད་མཁན་ཡོད་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་གནས་ཡོད་པ་རེད། དགོན་པ་དེ་ལ་ཐོས་བསམ་སློབ་གཉེར་བྱེད་མཁན་མེད་པ་ཡིན་ན། དེར་སངས་རྒྱས་ཀྱི་བསྟན་པ་ཉམས་ཚར་བ་རེད་ཅེས་ཟེར་དགོས། དེ་ཡིན་ཅིག་མིན་གཉིས་ཤེས་དགོས་པ་རེད། དེར་མ་ཟད།   དེང་སང་འཛམ་གླིང་གི་ཐོག་ལ་སངས་རྒྱས་ཀྱི་སྐུ་ཆེ་ཤོས་ནི་ཁ་ཆེའི་ཆོས་ལུགས་འཛིན་མཁན་ཨ་ཧྥུ་ཁ་ཟེར་བའི་རྒྱལ་ཁབ་དེའི་ནང་དུ་ཡོད་པ་རེད། འོན་ཀྱང་། དེར་སངས་རྒྱས་ཀྱི་བསྟན་པའི་དྲི་ཙམ་ཡང་མི་བྲོ། དེར་མ་ཟད། རྒྱལ་པོ་གླང་དར་མའི་སྐབས་ལོ་བདུན་ཅུ་ཡས་མས་ཤིག་ལ་བོད་ལ་སངས་རྒྱས་ཀྱི་བསྟན་པ་ནུབ་སོང་ཡང་། ལྷ་སའི་ཇོ་བོ་རིན་པོ་ཆེ་སོགས་སྐུ་གསུང་ཐུགས་རྟེན་མང་པོ་ལྷག་ཡོད་པ་རེད། བྱས་ཙང་། སངས་རྒྱས་ཀྱི་བསྟན་པ་དར་བ་ལ་ཐོས་བསམ་སློབ་གཉེར་དགོས་པ་དེ་ཀུན་གྱིས་ཤེས་པར་གྱིས། འོ་ན། སྐུ་གསུང་ཐུགས་རྟེན་རྩ་བ་ཉིད་ནས་མི་དགོས་རེད་དམ་ཟེར་ན། དེ་ཡང་དད་པའི་རྟེན་དུ་དགོས་རྒྱུ་ཡོད་པ་དང་རྩ་ཆེན་པོ་རེད་ཟེར་རྒྱུ་ཡིན།

ངེད་སྟོང་སྐོར་དགོན་པ་ལ་མཚོན་ན། སྐུ་གསུང་ཐུགས་རྟེན་གསར་པ་ཡ་མཚན་ཅན་མེད་ཀྱང་། སི་ཁྲིན་ཞིང་ཆེན་ནང་དུ་སྐུ་གསུང་ཐུགས་རྟེན་རྙིང་པའི་སྒོ་ནས་ངེད་སྟོང་སྐོར་དགོན་པ་ཨང་ཀི་དང་པོ་ཡིན་པ་རེད། དགོན་པ་གཞན་དག་གིས་སྐུ་གསུང་ཐུགས་རྟེན་གསར་པ་ཡ་མཚན་པ་མང་པོ་བཞེང་གིན་ཡོད་ཀྱང་། ངེད་ཅག་དགོན་པས་སྐུ་གསུང་ཐུགས་རྟེན་རྙིང་པ་རྣམས་བདག་པོ་ཡག་པོ་བརྒྱབ་ན་འགྲིག་ཡོད་པ་རེད། དེ་ལས་ལྷག་ཅིག་དགོས་རྒྱུ་མ་རེད། ད་དགོས་རྒྱུ་ངོ་མ་ནི། འདི་རྣམས་བདག་པོ་ཡག་པོ་བརྒྱབ་ནས་བཤད་སྒྲུབ་འཆད་ཉན་ཡག་པོ་དགོས་རྒྱུ་རེད། སྐུ་གསུང་ཐུགས་རྟེན་ནི་འདི་རྣམས་ལས་ལྷག་ཅིག་དགོས་རྒྱུ་མ་རེད་ཟེར་ནས་ངས་ནམ་རྒྱུན་བཤད་བཞིན་ཡོད།  འདི་དང་འབྲེལ་བའི་སྐད་ཆ་ཞིག་བཤད་ན། སྟོང་སྐོར་དགོན་པའི་སྐུ་གསུང་ཐུགས་རྟེན་རྣམས་ལ་འཛམ་གླིང་གཡས་བཞག་ཟེར་བའི་སྐད་ཆ་བཤད་སྲོལ་ཡོད་པ་རེད། དེ་ཕལ་ཆེར་ཡིན་རྒྱུ་རེད། རྩ་ཆེན་པོ་ཞེ་དྲགས་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་ཉིན་རེ་ནས་ཉིན་རེར་ཉེན་ཁ་ཚབས་ཆེན་ཞིག་ཏུ་འགྱུར་བཞིན་ཡང་ཡོད་པ་རེད།

      དཔེར་ན། ནཱ་ལེནྡྲའི་དགོན་པ་གཏོར་མཁན་ནི། ཁ་ཆེའི་ཆོས་ལུགས་པ་ཁ་ཤས་རེད། དེར་མ་ཟད། དེང་སང་ཟི་ལིང་ཕྱོགས་ལ་བོད་ཀྱི་དགོན་པ་ཆུང་ཆུང་ཁ་ཤས་ནང་དུ་ཁ་ཆེའི་ཆོས་ལུགས་པ་ཁ་ཤས་ཀྱིས་བླ་མའི་སྐུ་བཀྲོངས་ཏེ་སོང་བ་རེད་ཟེར་བ་འདྲ་དང་། སྒོར་མོ་བཙན་འཕྲོག་བྱས་ནས་སོང་བ་རེད་ཟེར་བའི་སྐད་ཆ་གོ་མྱོང་ཡོད།  དེ་བཞིན་དུ་མ་འོངས་པ་ན་ངེད་ཅག་དགོན་པའི་ནང་དུ་དེ་འདྲའི་ཉེན་ཁ་འབྱུང་མི་སྲིད་པ་མ་རེད། ག་རེ་རེད་ཟེར་ན། དེ་རིང་སང་ཉིན་ཕ་རིའི་པུ་ཐོག་ཐང་ཡས་མས་ལ་ཁ་ཆེའི་ཆོས་ལུགས་པ་ཁ་ཤས་ཁྲིད་འོངས་ནས་ཟླ་བ་རེ་ལ་དེ་རྣམས་ལས་ཁང་གླ་རེ་བླངས་ཏེ་ཁོ་ཚོ་བསྡད་འདུག་ཨ། ང་ཚོ་ལ་དེ་རྣམས་ལས་ཁང་གླ་ལེན་རྒྱུ་དེ་ཙམ་མ་གཏོགས་འདང་རྒྱག་ས་མི་འདུག་ཀྱང་། མ་འོངས་པར་དགོན་པའི་སྐུ་གསུང་ཐུགས་རྟེན་རྣམས་ལ་ད་ལྟར་ནས་ཉེན་ཁ་ཚབས་ཆེན་ཞིག་བཟོ་བཞིན་ཡོད་པ་ཤེས་རྒྱུ་མ་རེད། ཁ་ཆེའི་ཆོས་ལུགས་པ་རྣམས་དང་པོ་འདིར་འོང་དུས་ཞྭ་དཀར་པོ་གྱོན་རྒྱུ་མ་རེད། ལྷ་ཁང་བཟོ་རྒྱུ་མ་རེད། དེ་ནས། ལོ་ཁ་ཤས་ཀྱི་མཚམས་སུ་མི་ཡང་ཇེ་མང་དུ་འགྲོ་རྒྱུ་རེད། ཞྭ་དཀར་པོ་ཡང་གྱོན། ལྷ་ཁང་ཡང་བཟོ་རྒྱུ་རེད། དེ་ནས། སྐུ་གསུང་ཐུགས་རྟེན་རྙིང་པ་རྣམས་ལ་ལག་བཞག་པའི་ཉེན་ཁ་ཡོད་པ་རེད། དེ་བས་དགྱ་ནག་པ་ངོ་མ་ཞིག་ལ་གནས་ཚང་གཡར་ན་དེའི་དགའ་རྒྱུ་རེད་བསམ་བཞིན་ཡོད། སྤྱིར་བཏང་ཁང་གླ་ལེན་ལོས་དགོས། གནས་ཚང་གཡར་ལོས་དགོས། འོན་ཀྱང་དགོན་པའི་ཉེ་འཁོར་དུ་ཁ་ཆེའི་ཆོས་ལུགས་པ་མང་པོ་གསར་དུ་ཁྲིད་འོང་ན། མ་འོངས་པར་དགོན་པའི་སྐུ་གསུང་ཐུགས་རྟེན་རྙིང་པ་རྣམས་ལ་ཉེན་ཁ་གསར་དུ་བཟོ་བཞིན་ཡོད་པ་རེད་བསམ་བྱུང་། བྱས་ཙང་། སྐུ་གསུང་ཐུགས་རྟེན་རྙིང་པ་རྣམས་བདག་པོ་ཡག་པོ་རྒྱག་རྒྱུ་དང་། བཤད་སྒྲུབ་འཆད་ཉན་ཚུལ་བཞིན་དུ་བྱེད་རྒྱུ་ནི། ངེད་ཅག་ཚང་མའི་འོས་འགན་གཙོ་བོ་རེད། གལ་སྲིད་དགོན་པ་དེ་ལ་བཤད་སྒྲུབ་འཆད་ཉན་མེད་ན། དེའི་ལུང་པ་དེ་ལ་ཤེས་རིག་ཡོན་ཏན་མེད་པ་རེད། དེ་ཡང་།

     དཔེར་ན། ངེད་ཅག་གི་ལུང་པ་འདིའི་ཕ་རིའི་ངོས་དང་། ཚུ་རིའི་ངོས་རྣམས་སུ་ཨཱོཾ་མ་ཎི་པདྨེ་ཧཱཾ་ཧྲི་ཞེས་མ་ཎི་མང་པོ་བརྐོས་ཡོད་པ་རེད། མཁས་པ་ཁ་ཤས་ཀྱིས་ངེད་ལ་ཁྱོད་རང་ཚོའི་ལུང་པའི་ནང་དུ་མཁས་པ་ཡོད་ས་མ་རེད། ཨཱོཾ་མ་ཎི་པདྨེ་ཧཱཾ་ཧྲི་ཞེས་ཨཱོཾ་ཡིག་ལ་འ་ཆུང་བཏགས་ནས་རིའི་ངོས་ལ་བརྐོས་པ་དེ་ནོར་བ་རེད་ཅེས་གསུངས་འདུག ཡི་གེ་རྙིང་པ་རྣམས་སུ་ཨོཾ་མ་ཎི་པདྨེ་ཧཱཾུ་ཞེས་ཨོཾ་ཡིག་ལ་འ་ཆུང་འདོགས་པ་གཅིག་ཀྱང་མེད་པས་མཁས་པ་རྣམས་ཀྱི་གསུངས་དེ་བདེན་པ་རེད་བསམ་བཞིན་ཡོད། ང་རང་ནི་སྒྲ་ལ་མཁས་པ་ཞིག་མིན་ཡང་། སྒྲ་ལ་མཁས་པའི་གྲོགས་པོ་མང་པོ་ངེད་ལ་འབྲེལ་བ་ཡོད་པས་དེ་རྣམས་ཀྱིས་དེ་ལྟར་གསུངས་འདུག སྤྱིར་བཏང་ཨོཾ་མ་ཎི་པདྨེ་ཧཱཾུ་ཧྲི་ཞེས་ཧྲི་ཡིག་ཀྱང་མི་དགོས་པ་རེད། འོན་ཀྱང་། ཧྲི་ཡིག་བསྣན་ན་ནོར་འཁྲུལ་མ་རེད། ཨཱོཾ་མ་ཎི་པདྨེ་ཧཱཾུ་ཞེས་ཨཱོཾ་ཡིག་ལ་འ་ཆུང་འདོགས་པ་ནི། དཔེར་ན། གསལ་བྱེད་ཀྱི་ཡི་གེ་གཅིག་ལ་ན་རོ་དང་དེའི་སྟེང་དུ་འགྲེང་བུ་བྲིས་པ་བཞིན་དུ་ནོར་བ་ཁོ་ན་རེད་ཅེས་གསུངས་འདུག དེ་ལྟ་བུའི་ནོར་འཁྲུལ་འབྱུང་བ་ནི། ལུང་པ་དེ་ལ་བཤད་སྒྲུབ་འཆད་ཉན་སོགས་ཤེས་རིག་ཡོན་ཏན་བཟང་པོ་ཞིག་མེད་པའི་རྟགས་མཚན་རེད། ལུང་པ་དེ་ལ་ཤེས་རིག་ཡོན་ཏན་ཡག་པོ་མེད་པ་ཡིན་ན། མི་གཞན་དག་གི་བྱ་བ་ཅི་བྱེད་བལྟས་ནས་རང་གིས་ཀྱང་དེ་བྱེད་དགོས་པ་རེད། གལ་སྲིད་རང་གིས་ལྟ་ས་དེ་མཁས་པ་ཞིག་ཡིན་ན་ནོར་འཁྲུལ་ཡོད་མ་རེད། འགྲིག་ཡོད་རྒྱུ་རེད་དེ། དེ་ལྟར་མིན་ན་ནོར་འཁྲུལ་འབྱུང་སྲིད་རྒྱུ་རེད། ད་རུང་དཔེ་མཚོན་བཟུང་ནས་བཤད་ན་མང་ཡང་བླུན་རྟགས་དེ་རྣམས་ལ་བསམ་གཞིག་བྱས་ཏེ། ཤེས་རིག་ཡོན་ཏན་སྦྱོང་རྒྱུ་ཧ་ཅང་གལ་ཆེན་ཡིན་པར་ཀུན་གྱིས་ཤེས་སུ་བཅུག་ནས་ལག་ལེན་གདབ་དགོས་པ་རེད།

     འོ་ན། ཤེས་རིག་ཡོན་ཏན་ཡོད་པ་ལ་ཆ་རྐྱེན་གཙོ་བོ་གང་ཞིག་དགོས་པ་རེད་ཟེར་ན། ཐོག་མར་དགོན་པའི་ནང་དུ་སློབ་མ་མང་པོ་སྡུད་དགོས་པ་རེད། འོན་ཀྱང་། ངེད་ཅག་སྟོང་སྐོར་བ་ལ་མཚོན་ན། སྟོང་སྐོར་དགོན་པར་སྐྱབས་སུ་མཆིའོ་ཞེས་མི་དམངས་ཀྱིས་ཁ་ནས་དད་པ་བྱས་ཀྱང་། སོ་སོའི་བུ་རྒྱུད་དགོན་པ་གཞན་དག་གི་ནང་དུ་གྲྭ་བ་སྒྲུབ་མཁན་གཏོང་གིན་ཡོད་པ་རེད། དེ་ཁ་ཁོག་མི་མཚུངས་པའི་སྐད་ཆ་རེད་བསམ་བཞིན་ཡོད། རྔ་བ་ཀིརྟིའི་སྐྱབས་མགོན་རིན་པོ་ཆེ་འཁྲུངས་སྐབས་ལ་མི་དམངས་ཀྱིས་བྱིས་པ་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་ཞིག་དགོན་པའི་ནང་དུ་ཡར་བཞག་ནས་གྲྭ་བ་བསྒྲུབ་ཏུ་བཅུག་པ་རེད། དངོས་གནས་ཡ་མཚན་ཆེན་པོ་རེད་ཨ། དཔེ་དེ་བཞིན་དུ་སྟོང་སྐོར་བླ་མ་འཁྲུངས་སྐབས་ཀྱི་ཉིན་མོར་ངེད་ཅག་མི་དམངས་ཀྱིས་དེ་ལྟ་བུའི་ལས་འགུལ་སྤེལ་ན་རང་དབང་ཡོད་པ་རེད།    ཇི་འདྲའི་ཡ་མཚན་རེད། དེ་ཐམས་ཅད་གྲྭ་བ་བཟང་པོ་རྐྱང་རྐྱང་འོང་རྒྱུ་རེད་ཟེར་ནས་སྐད་ཆ་བཤད་ཐུབ་ཐབས་ཡོད་མ་རེད་དེ། ཡིན་ནའང་། དེའི་ནང་དུ་གྲྭ་བ་དམ་ཆོས་འདུལ་བ་ནང་བཞིན་མང་པོ་ཕེབས་འོང་རྒྱུ་རེད། འཇིག་རྟེན་གཏམ་དཔེ་ལ། རྩྭ་ཉིན་དུ་ཟོས་ནས་ལྕི་བ་ཟུར་དུ་བཏང་ཟེར་བ་བཞིན་བྱ་བར་བྱེད་ན་རུང་རྒྱུ་མ་རེད། ཁུ་རིའི་ཆུ་བསིལ་མདའ་གཉིས་ཀྱི་བར་དུ་སྟོང་སྐོར་ཟླ་བ་རྒྱལ་མཚན་གྱི་ལྷ་སྡེ་རེད། དཔེར་ན། རང་གི་ས་ཞིང་ནང་དུ་སྐྱེས་པའི་ལོ་ཐོག་རྣམས་གཞན་གྱིས་ཁྱེར་སོང་ན་ཟིང་ཆ་ལངས་རྒྱུ་རེད། དེར་མ་ཟད། དེང་སང་ལ་ལས་བྱིས་པ་རྣམས་དགོན་པའི་ནང་དུ་བཞག་ནའང་སོ་སོའི་བུ་རྒྱུད་དམན་པའམ་དབང་པོ་མ་ཚང་བ་དེ་གྲྭ་བ་སྒྲུབ་བཅུག་པའི་གནས་ཚུལ་ཡང་ཡོད་པ་རེད། དེ་ཡིན་ན་མ་འོངས་པར་དགོན་པ་ཟེར་བ་དེ་མི་གང་སྡུག་གང་ངན་གྱི་ཚོགས་པ་ཞིག་ཆགས་པའི་ཉེན་ཁའང་འདུག   དེ་ཡག་པོ་ཡོད་མ་རེད། དཔེར་ན། གྲྭ་སར་གྲྭ་བ་སྒྲུབ་དགོས་ན་ཐོག་མར་མཁན་པོར་མཇལ་དུ་སོང་ནས་མཁན་པོ་ལ་ཕྱག་ལན་གསུམ་འཚལ་དགོས། དེ་ཡང་། བསྐུམས་ཕྱག་འཚལ་མི་འགྲིག་སྟེ་ཡིན་ཅིག་མིན་གཉིས་བརྐྱངས་ཕྱག་འཚལ་དགོས་པ་རེད། དེའི་རྒྱུ་མཚན་ནི། མཁན་པོས་སློབ་བུ་དེ་དབང་པོ་ཚང་བ་ཡིན་མིན་ལེགས་པར་གཟིགས་ནས་དེ་དབང་པོ་མ་ཚང་བར་མཐོང་སོང་ན། གྲྭ་བ་བསྒྲུབ་མི་ཆོག་པ་གྲྭ་སའི་སྒྲིག་གཞི་རེད། མདོར་ན། ཁ་ནས་བཤད་འོང་དུས་དགོན་པ་ཟེར་ནས་ངུ་རྒྱུ་ཡོད་པ་རེད་དེ། ཡིན་ནའང་གཙོ་བོ་དེ་མི་དམངས་ཀྱིས་དགོན་པ་ལ་ཕན་ཐོགས་རྣམས་ལག་ལེན་ནི་འདེབས་ཤེས་པར་གྱིས། དགོན་པ་དེ་ལ་བསླབ་པ་སློབ་གཉེར་ཡག་པོ་དགོས་ན།

འདི་མ་བཤད་ཐབས་མེད་ཅིག་རེད། ཞབས་བརྟན་འགྲོ་མཁན་སྐོར་ལ་སྔོན་མ་ནས་ངེད་ཅག་གིས་གཏམ་བཤད་ནས་ཡི་གེ་བྲིས་ཡོད། ད་ལོར་ཕྱོགས་རིས་མི་ཡོང་བའི་ཆེད་དུ་ཞབས་བརྟན་སྒྲུབ་མཁན་སྐོར་ལ་སྒྲིག་གཞི་གསར་པ་མང་པོ་བཞག་ཡོད་པ་རེད། ངེད་ཀྱིས་དེ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་། གྲོང་པ་ཆ་རེའི་ཁང་ཚན་དགེ་རྣམས་ཀྱིས། དཔེ་ཆ་ལྟ་མཁན་སློབ་གཉེར་བ་རྣམས་ཞབས་བརྟན་བཙན་གྱིས་དེད་འདུག་ཟེར་བའི་སྐད་ཆ་སླེབས་འདུག དེའི་སྐོར་ལ་ཁྱེད་ཅག་གཟབ་དགོས་པ་ཆེ། སྟོང་སྐོར་དགོན་མདོ་སྔགས་སློབ་གླིང་གི་དགེ་རྒན་གྱི་མིང་ངེད་ལ་ཡོད་པའི་ཆ་ནས་འདི་རྣམས་བཤད་རྒྱུའི་ནུས་པ་ཡོད་དགོས་པ་རེད། བཤད་རྒྱུའི་སྤོབས་པ་ཡང་ཡོད་དགོས་པ་རེད། བཤད་ཀྱང་དགོས་རེད་མ་གཏོགས། གད་མོ་བགད་ཁ་བྱས་ཏེ་སྐད་ཆ་ཡག་ས་ནས་རྐྱང་རྐྱང་བཤད་བསྡད་ན་འགྲིག་ཡོད་མ་རེད། ངེད་ཅག་གིས་སྔོན་མ་ནས་བཤད་ཡོད། ཞབས་བརྟན་རྩ་བ་ཉིད་ནས་འགྲོ་མི་འདོད་ན་དེ་ཡང་ཆོག་རེད། ཞབས་བརྟན་འགྲོ་འདོད་ན་དེ་ལུགས་ཀྱིས་བྱ་བར་བྱེད་ཆོག་རེད། འདི་ལ་གྲྭ་ཚང་གི་ལས་སྣེ་གཙོས་ལས་སྣེ་རྣམས་ཀྱིས་བལྟ་དགོས། ཁང་ཚན་གཅིག་གིས་དགོན་པའི་སྒྲིག་གཞི་ལས་བརྒལ་བའི་ལས་ཀ་ལས་ནས་འགྲིག་རྒྱུ་མ་རེད། འོ་དེའི་སྐོར་ལ་གཟབ་གཟབ་བྱོས། ཆུ་མ་འོང་གོང་གི་ཆུ་ར་དང་། རླུང་མ་འོང་གོང་གི་གཡོལ་བ་ཟེར་བ་བཞིན་ངེད་ཀྱིས་སྔོན་ནས་སྐད་ཆ་འདི་བཤད་པ་ཡིན།

       མདོར་ན།    དཔེ་ཆ་ལྟ་མཁན་སློབ་གཉེར་བ་ཞིག་ཡིན་ཕྱིན་ཆད་སློབ་གྲྭའི་ཆོས་མཚམས་སྐབས་ཞབས་བརྟན་འགྲོ་འདོད་ནས་འགྲོ་ནའང་རང་དབང་ཡིན། རྩ་བ་ཉིད་ནས་འགྲོ་མི་འདོད་ནས་མ་སོང་ནའང་རང་དབང་ཡིན་པ་ལས་དེ་བཙན་དབང་སུ་གཅིག་གིས་ཀྱང་བསྒྱུར་མི་ཆོག དེ་ནས།

འདི་གཅིག་བཤད་དགོས་རེད། དཔེ་ཆ་བ་རྣམས་ལ་ལོ་རེ་རེར་གཞུང་ཚན་མི་འདྲ་བར་རྒྱུགས་བླངས་ནས་བྱ་དགའ་སྤྲད་བཞིན་ཡོད་པ་ལས། ན་ནིང་རྒྱུགས་སྤྲད་པའི་གཞུང་ཚན་རྣམས་ད་ལོར་ཡང་བསྐྱར་རྒྱུགས་བླངས་ནས་བྱ་དགའ་སྤྲད་ཡོད་མ་རེད།  མ་ཟད།  སྔགས་ཕྱོགས་བློ་འཛིན་ལ་ཆ་མཚོན་ནའང་། ན་ནིང་གསང་བ་འདུས་པའི་རྒྱུགས་ཟིན་པ་ཡིན་ན་ད་ལོར་དེ་རྒྱུགས་སྤྲད་ཆོག་གི་མ་རེད། ལོ་རེ་རེར་གཞུང་ཚན་མི་འདྲ་བ་རྒྱུགས་བླངས་ནས་བྱ་དགའ་སྤྲད་པ་སྔར་བཤད་པ་དེ་བཞིན་རེད། དེ་ནས།

     བརྒྱ་ཆ་སྤྲད་སྟངས་ནི། མདོ་སྔགས་གཉིས་ཀྱི་སློབ་གྲྭའི་དགེ་རྒན་རྣམས་དང་ལས་སྣེ་ཚང་མས་དྲང་མོ་དྲང་རྐྱང་གི་སྒོ་ནས་ལས་ཀ་བྱས་ཡོད་པ་རེད། ཁྱོད་རང་ཚོས་ལྟོས་དང་ཤེས་རྒྱུ་རེད། སྤྱིར་བཏང་དཔེ་ཆར་ལྟ་བ་ནི་བརྒྱ་ཆ་ལེན་པའི་ཆེད་དུ་མ་རེད། བརྒྱ་ཆ་ནི་ཀུན་རྫོབ་བདེན་པ་རེད། དཔེ་ཆ་ལ་བལྟ་དགོས་པ་ནི་སྒྲིག་ལམ་རེད་མ་གཏོགས་ཤེས་དགོས་པ་ནི་སྒྲིག་ལམ་མ་རེད། དེ་རིང་དེ་མ་གཏོགས་བཤད་རྒྱུ་མེད། ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།། །།


བོད་རྒྱལ་ལོ་༢༡༤༥ ཕྱི་ལོ་༢༠༡༨ བོད་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ཤཱཀྱའི་དགེ་སློང་བློ་བཟང་སྦྱིན་པས་ཡིག་ཐོག་ཏུ་བཀོད་པའོ།། དགེའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བདག་པོས། སྤེལ་དུས:2018/3/7
སྟོང་སྐོར་དགོན་གཙོ་འཛིན་བསྟན་འཛིན་རབ་རྒྱས་མཆོག་དང་། དགེ་བཤེས་ཉི་མ་མཆོག་རྣམ་གཉིས་ལ་བཀའ་དྲིན་མཚོན་བྱེད་དུ་རྟེན་འབྲེལ་ཞུ། མ་ཟད། རྩོམ་ཡིག་འདི་ལྟ་ཀློག་བྱེད་མཁན་རྣམས་དང་། འདིར་སྐད་འཇོག་མཁན་གྲོགས་པོ་རྒྱ་ཕྱི་ནང་གི་ཆོས་གྲོགས་ཡོངས་ལ་བཀའ་དྲིན་ཆེ་ཞུ།
 སྤེལ་མཁན: གྲྭ་བ་ཞིག སྤེལ་དུས:2018/3/7
སྐད་ཆ་ཡག་པོ་བཤད་སོང་དེ་ལ་བཀའ་དྲིན་ཆེ་ཞུ་དགེ་རྒན་ཉི་མའི་གང་གསུང་ཡོད་ནའང་དེ་དེ་ལྟར་དེ་ཡིག་ཐོག་འབྲི་ན་ཡག་པོ་ཡོད་རེད།
 སྤེལ་མཁན: རིག་བཟང་། སྤེལ་དུས:2018/3/7
དགེན་ཉི་མ་མཆོག་དང་། དགོན་དཔོན་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུ།
 སྤེལ་མཁན: བསམ་གཏན། སྤེལ་དུས:2018/3/7
ཇི་ལྟར་ཤེས་རིག་གི་ཕྱོགས་སུ་བསྐྱོད་ཐུབ་ན།དེ་ལྟར་རྒྱབ་སྐྱོར་ཡོད།
 སྤེལ་མཁན: སྒྲོལ་མས། སྤེལ་དུས:2018/3/6
རྒྱ་གར་ནས། མཛད་སྒོ་ལ་རྟེན་འབྲེལ་ཞུ།
 སྤེལ་མཁན: དོན་གྲུབ་ཀྱིས། སྤེལ་དུས:2018/3/6
ཁམས་སྟོང་སྐོར་དགོན་གྱི་སྐྱ་སེར་ཡོངས་སུ་རྫོགས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། ལྷག་པར་དུ་གཙོ་འཛིན་བསྟན་འཛིན་རབ་རྒྱས་མཆོག་དང་། དགེ་བཤེས་ཉི་མ་མཆོག་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུ། དེང་སང་སྟོང་སྐོར་དགོན་པ་འདི་འདྲའི་ཕུན་སུམ་ཚོགས་པ་བྱུང་ཡོད་པ་དེ། ཁྱེད་གཉིས་ཀྱི་བཀའ་དྲིན་ཡིན། ཁྱེད་རྣམ་གཉིས་ད་རུང་མུ་མཐུད་དེ་སློབ་གཉེར་ཕྱོགས་ལ་བཀའ་དྲིན་མ་ཆུང་བ་ཞུས། དོན་གྲུབ་ཀྱིས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41356660
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1