གཞན་སྐུལ་གྱི་ལྕག་ཚན་ཚ་བོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »གཞན་སྐུལ་གྱི་ལྕག་ཚན་ཚ་བོ།
གཞན་སྐུལ་གྱི་ལྕག་ཚན་ཚ་བོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/3/31ལྟ་ཀློག (2596)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གཞན་སྐུལ་གྱི་ལྕག་ཚན་ཚ་བོ།
ཐེ་བོ་དཀོན་སེང་།
རྒྱལ་ཀུན་ཡུམ་གཅིག་རྗེ་བཙུན་འཕགས་མ་ཡི།།
ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ནས།།
ཉེ་གནས་མཆན་བུ་རྣམས་ལ་ཕན་ཕྱིར་དུ།།
གདམས་ངག་ཅུང་ཙམ་སྦྱིན་ནོ་ལེགས་ཉོན་མཛོད།།

རྒྱུས་མེད་ལམ་གྱི་ས་མཁན་ཆོས་ཡིན་ཞིང་།།
ཤུལ་རིང་ལམ་གྱི་རྒྱགས་གྲོ་ཆོས་ཡིན་ལ།།
བགྲོད་དཀའི་ལམ་གྱི་དེད་དཔོན་ཆོས་ཡིན་པས།།
སྒོ་གསུམ་ཆོས་ལ་ད་ནས་སྦྱོར་ན་ལེགས།།

འཆི་བདག་གཤིན་རྗེས་མ་བོས་སྔོན་ཚུན་དུ།།
འཆི་བའི་གྲབས་ལ་ཚགས་སུ་ཚུད་པ་དགོས།།
འཆི་བདག་བསླེབས་ཚེ་མཐོ་དམན་སུ་ཡིན་ཡང་།།
འཆི་ལམ་མི་འགྲིམས་བྱོལ་ཐབས་གཏན་དུ་བྲལ།།

མཐོ་བ་རྒྱལ་བོ་ཚུན་ནས་དམའ་བ་ལ།།
སློང་མོ་ཡན་གྱི་སྐྱེ་བོ་ག་གེ་མོ།།
འཆི་བདག་བསླུས་ཏེ་འཆི་བར་བྱོལ་བཞིན་དུ།།
མ་ཤི་གནས་བའི་ལོ་རྒྱུས་ག་ལ་སྲིད།།

དེར་བརྟེན་མི་ལུས་རིན་ཆེན་རྙེད་པའི་སྐབས།།
འདི་དང་ཕྱི་མ་ཟུང་ལ་ཕན་ངེས་ཀྱི།།
ལས་ཤིག་གཉེར་ན་མི་ཚེ་དོན་ལྡན་ཞིག།
ཡོང་བ་ངེས་ཅན་ཡིན་པས་ད་ནས་རེམ།།

བསམ་རྒྱུ་དངུལ་དང་ལས་རྒྱུ་འཇིག་རྟེན་ལས།།
མེད་ན་མགོ་རིལ་བྱས་པ་རང་གི་སྡུག།
དེ་བས་ཁྱིམ་སོ་འཛིན་པའི་ལམ་ཁ་ནས།།
འདོད་པའི་དོན་དུ་བརྩོན་ན་དགའ་བ་ལ།།

ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་བ་ཚོས།།
ཆོས་ཚུགས་ཨེ་ཟིན་སྙམ་ན་ཆོས་གྲྭ་རུ།།
ཁྱིམ་པའི་རྟགས་དང་ཆ་ལུགས་གཏན་སྤངས་ཏེ།།
ཆོས་ལ་འབད་པ་ལྷོད་མེད་གནང་རྒྱུ་གལ།།

ལེགས་ཚོགས་གཞི་མ་བཤེས་གཉེན་མཚན་ལྡན་ཞིག།
བསམ་སྦྱོར་ཟུང་གི་སྒོ་ནས་བསྟེན་ཐུབ་ན།།
ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ་ངེས་པས།།
བཤེས་གཉེན་བསྟེན་ཚུལ་མ་འཆུགས་རིགས་ཀྱི་བུ།།

དང་པོ་ཀ་ཁའི་སྦྱོར་ཀློག་དག་པར་སློབས།།
བར་དུ་སྙན་སུམ་དག་ཡིག་སོགས་ལ་སྦྱོངས།།
དེ་ནས་མདོ་སྔགས་གཞུང་ཆེན་རིམ་པ་ལ།།
སྦྱོང་སློབ་ང་ཚོ་མི་ཚེའི་སྙིང་པོ་ཡིན།།

གླང་ཆེན་སྨྱོན་པ་ལས་ཀྱང་ཆེས་དམན་པའི།།
སྡིག་པའི་གྲོགས་དང་འགྲོགས་ན་ཉིན་རེ་བཞིན།།
ཆག་སྒོ་སྣ་ཚོགས་འབྱུང་བར་ངེས་བས་ན།།
ཡ་རབས་གྲོགས་ཤིག་འཚོལ་དང་མན་ངག་ཡིན།།

ཆོས་ལ་བརྟག་དཔྱད་ཆོས་པར་དག་སྣང་ཞིག།
དགོས་པ་དམ་པ་ཀུན་གྱི་མགྲིན་དབྱངས་གཅིག།
ཆོས་ཚུལ་སློབ་གཉེར་རིས་སུ་མ་བཅད་པར།།
དགོས་དོན་སྙིང་པོར་རྩོནད་ཅིག་མཆན་གྱི་བུ།།

ཆོས་ཀྱི་གོ་དོན་འཛིན་དང་སྐྱོབ་པ་ལ།།
འཇུག་པས་བཤེས་ཀྱི་ཞལ་ནས་གང་ཐོས་པ།།
རང་ཉིད་སྡུག་ལ་སྦྱོར་བའི་ཉོན་མོངས་རྣམས།།
འཇོམས་པའི་ཐབས་སུ་ཁྱེར་དང་མན་ངག་ཡིན།།

དགའ་ས་མཚན་དང་སྙན་གྲགས་གཅིག་བུ་ལས།།
མེད་ན་ཆོས་གཞུང་བསླབ་པའི་དགེ་མཚན་ཞིག།
མ་མཆིས་ཕྱིར་ན་སྙན་པ་དོན་གཉེར་བློ།།
མངོན་གྱུར་མགོ་གནོན་ཐབས་སུ་འབད་ན་ལེགས།།

འཆད་པ་ངག་རྩལ་ངོམ་པའི་ཆེད་ཙམ་དང་།།
རྩོད་པ་གཞན་དག་ཟིལ་གྱིས་གནོན་ཙམ་སླད།།
རྩོམ་པ་འཁོར་འབངས་འགུག་པའི་ཆེད་ཙམ་དུ།།
སོང་ན་མཁས་ལམ་སྙེག་པར་དོན་སྙིང་ཅི།།

ཀུན་སློང་གཞན་ཕན་སེམས་ཀྱི་རྩིས་ཟིན་ཏེ།།
འཆད་རྩོད་རྩོམ་སོགས་མཁས་བའི་བྱ་བ་ལ།།
བརྩོན་ན་མིང་དོན་མཚུངས་པའིི་མཁས་པ་ཞིག།
ཡོང་བར་ངེས་ན་དེ་ཡི་ཐབས་ལ་འབུངས།།

ཡ་གས་ཡ་དང་མ་གས་ཆ་བཤད་ཀྱང་།།
བླུན་པོ་ཆུ་སྣ་གར་ཁྲིད་མི་བྱེད་པར།།
རང་ཚུགས་བརྟན་ཅིང་ཁ་ཕྱོགས་མ་ནོར་བར།།
རང་འགན་ཅི་ནུས་སྒྲུབས་དང་སྙིང་གཏམ་ཡིན།།

རྙིང་སྲོལ་ཐམས་ཅད་ལེགས་པའི་ངེས་པ་དང་།།
གསར་དར་ཐམས་ཅད་ངན་པས་ཁྱབ་པ་ཞིག།
དབང་ཆེན་སུས་ཀྱང་སྒྲུབ་པར་མི་ནུས་པས།།
གསར་རྙིང་ཟུང་གི་ལེགས་ཆ་ལེན་ལ་རེམ།།

གནའ་མི་བདེན་པའི་ཨུ་ཚུགས་གཤིས་ཀ་དང་།།
དེང་མི་བློ་ཁོག་གུ་ཡངས་གོམས་གཤིས་དག།
དམིགས་ཡུལ་ངོས་ལ་གནོད་པ་མེད་གྱུར་ན།།
དེ་དག་གོམས་ལོབ་བྱོས་དང་ཁེ་བཟང་ཉིད།།

ཆོས་རིག་ཟུང་ལ་སྦྱོངས་དང་མཁྱེན་རྒྱ་ཡངས།།
གནའ་དེང་ཟུང་འབྲེལ་བྱས་ན་དུས་དང་མཐུན།།
འདུན་མའི་སྙིང་པོ་སྒྲུབ་ན་ཆོས་དང་མཐུན།།
ཁ་མིག་ཡར་ལྟ་མ་བརྗེད་སྙིང་གི་བུ།།

ཧམ་སེམས་ཆེ་ན་འདོད་པ་ཚིམ་དུས་མེད།།
ལེ་ལོ་ཆེ་ན་དོན་ཆེན་འགྲུབ་དུས་མེད།།
ཕྲག་དོག་ཆེ་ན་སེམས་པ་སྐྱིད་དུས་མེད།།
རང་གིས་རང་ཉིད་གཅེས་ན་དེ་གསུམ་སྤོངས།།

བློ་གཏད་མེད་པའི་རོགས་དང་གྱེས་ན་བཟང་།།
ནུས་མེད་མི་ལ་ལས་དོན་ཉུང་ན་བཟང་།།
མདོར་ན་ཤེས་འཇོན་ནུས་གསུམ་འཛོམས་ཐབས་སུ།།
འབད་བརྩོན་ནུས་ན་འདི་ཕྱི་གཉིས་ཀར་བཟང་།།

སྙན་ཚིག་རྒྱན་དང་མངོན་བརྗོད་བརྡ་སོགས་ཀྱིས།།
མ་སྤྲས་གོ་སླའི་ངག་གི་སྦྱོར་བ་འདི།།
སློབ་བུའི་ཚོགས་ལ་སྐྱེས་སུ་བསྟར་བས་ན།།
རང་གཞན་འདི་ཕྱི་དགེ་བའི་རྒྱུར་གྱུར་ཅིག།

      ཅེས་གཞན་སྐུལ་གྱི་ལྕག་ཚན་ཚ་བོ་ཞེས་བྱ་བ་འདི་ནི་དྲྭ་ཐོག་གི་སློབ་བུ་མི་ཉུང་བ་ཞིག་གིས་ནན་གྱིས་རེ་བསྐུལ་ཞུས་པ་ངོ་མ་ལྡོག་པའི་ཚུལ་གྱིས་དགེ་མིང་བ་ཐེ་བོ་དཀོན་སེང་དུ་འབོད་པས་ཁམས་མི་ཉག་མགར་ཐར་བྱམས་པ་གླིང་གི་རང་ཤག་ཆོས་རིག་དྲི་བསུང་འཐུལ་བའི་དགའ་ཚལ་དུ་སྲོ་ཐུན་གྱི་མཚམས་ནས་ཤར་མར་སྦྱར་བ་དགེ་གྱུར་ཅིག།    །།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41328816
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1