བོར་སོང་བའི་ཁྱོད་རང་། (ཞར་བཀོད་གཉིས།)
ང་རོ་ཅན། (ཧོར་ཤུལ།)
འབབ་ཚིགས་ཤིག་ནས་ངོ་ཤེས་ཤིང
འབབ་ཚིགས་ཤིག་ནས་བོར་སོང་བའི་ཁྱོད་རང
རེབ་ཀོང་ཟམ་ཆེན་བརྒྱུད་ནས་གང་དུ་ཕེབས་སོང
གཙང་བོ་བྲུག་པའི་དབྱར་ཟླ་ཐ་མ་འདིར
ཆེས་ཐོག་མའི་མཇལ་འཇོམས་ཀྱི་སྣང་བ་འདི
ཆེས་ཐ་མའི་གྱེས་བྲལ་གྱི་གདུང་བ་ཡིན་པ་སུ་ཡིས་རྟོགས
འུ་གཉིས་སྐྱེ་བ་གཉིས་ཀྱི་ཉིན་སྲིབ་ཏུ་གྱེས་པ་ནས་བཟུང
ཁྱོད་རང་སྲང་ལམ་ནས་བོར་བའི་ཕྲེང་བ་ཞིག་དང་མཚུངས་པར
ཁམས་པ་དང་ཨ་མདོའི་ཕོ་རྒོད་སུ་ཞིག་གིས་རྙེད་སོང་ངམ
ཁྱོད་རང་བོར་བའི་གོ་རིམ་དེའི་ཁྲོད་ནས
ང་ཡི་སྦྱན་ཟུང་ལ་སྙིང་རྗེའི་མིག་ཆུ་བཀྲ་ཞིང
ང་ཡི་དཔྲལ་བ་ལ་ཕྱི་མིག་གི་རྒས་གཉེར་ཆགས་སྲིད
2017/6/12
དྲན་ཚུལ་གཅིག་པའི་ནག་མོ་ཁོལ་དང་ངེད་གཉིས།
ནག་མོ་ཁོལ་ནི་ཆག་གས་སུ་སོང་བའི་ཉི་འོད་ཅིག་རེད
ནག་མོ་ཁོལ་ནི་རྗེ་བོས་སྤྱུགས་པའི་བས་པ་ཞིག་རེད
ནག་མོ་ཁོལ་ནི་རཱ་མའི་རི་བོ་ལས་དཔྱིད་ལྡན་མ་དྲན་མཁན་ཞིག་རེད
ནག་མོ་ཁོལ་ནི་དཔྱིད་ལྡན་མའི་བརླ་བར་གྱི་སྨེ་ནག་ཅིག་རེད
དགུན་ཟླ་ཧྲིལ་བོ་འདིར་སྒེའུ་ཁུང་གི་ཕྱི་རོལ་དུ་ཕུར་ཚུགས་སུ་ཅེར་ནས
ཕྱི་བརྩེགས་བརྩེགས་ཀྱི་མུན་པའི་ཁྲོད་དུ་ཁ་རོག་གེར
ང་ཡིས་མཐའ་མེད་པའི་རྨི་ལམ་ཞིག་རྨི་བཞིན་ཡོད
མཁྲིག་མའི་ཡལ་ག་དག་དཔུང་པའི་བར་དུ་རྒྱུ་བའི་ཚད་ལ་མ་བསླེབས་ཀྱང
དྲན་ཚུལ་སྙིང་རྗེ་མོ་ཞིག་གིས་ང་ཡི་བྱད་ཀྱི་དམར་ཐིགས་དག
སྟོན་ལོ་འཐོར་བ་བཞིན་རྒྱང་རིང་དུ་གྱེས་ཚར
2018/1/1
ཧོར་ཤུལ།*
ལྷ་འདྲེའི་ལག་པ་སྦས་པའི་གྲོང་མཐའི་ལྗོན་པ་དེ་དག་གི་གསེབ་ཏུ
ལོ་རྒྱུས་ཀྱི་ཆུ་ལྗོན་འགའ་བཙུགས་རྗེས
ཤུགས་གླུ་འཐེན་བཞིན་པའི་འཇག་སྐྱའི་གྲོང་དུའང
རང་དང་འབྲེལ་བ་མེད་པའི་ཐ་སྙད་འགའ་དམ་གྱིས་འཁྱུད་ཡོད
ལོ་རྒྱུས་ཆུ་ལྗོན་གྱི་འདབས་སུ་འགྱེལ་བའི
ཤེས་རིག་ཕ་ཆོས་ཀྱི་བཙན་ས་དབེན་པའི
ང་ཡི་ཧོར་མོ་གྲོང་གི་དཀར་ནག་གཉིས་ཀ
ཤུལ་དུ་ལུས་པའི་རི་ཆུ་འདི་དག
དོན་དངོས་འཁོར་འབངས་སུ་ཞིག་གི་བགོས་སྐལ་ཡིན
2017/10/12
*ཧོར་ཤུལ་ནི་གསེར་ཐང་ལུང་པའི་ཆ་ཤས་ཤིག་གོ ། |