ལྷ་མོའི་དགེ་བའི་བཤེས་གཉེན་ཨ་ཁུ་ཚུལ་ཁྲིམས་འོད་ཟེར་མཆོག་དགོངས་པ་རྫོགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ལྷ་མོའི་དགེ་བའི་བཤེས་གཉེན་ཨ་ཁུ་ཚུལ་ཁྲིམས་འོད་ཟེར་མཆོག་དགོངས་
ལྷ་མོའི་དགེ་བའི་བཤེས་གཉེན་ཨ་ཁུ་ཚུལ་ཁྲིམས་འོད་ཟེར་མཆོག་དགོངས་པ་རྫོགས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/4/24ལྟ་ཀློག (3111)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གདན་ས་སྟག་ཚང་སི་ཁྲོན་ལྷ་མོའི་གསོ་རིག་འགྲོ་ཕན་གླིང་གི་མཁན་ཟུར་མདོ་སྔགས་རབ་འབྱམས་སྨྲ་བ་དགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་འོད་ཟེར་མཆོག་གི་རྣམ་ཐར།


རེ་མདོ་སེངྒེས་འོས་སྤྱོར་བྱས།

   ༄༅། །ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༣ པའི་ཚེས་ ༣༠ ཉིན་གྱི་ཞོགས་པ་སྔ་མོར་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་ཚུལ་ཁྲིམས་འོད་ཟེར་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོས། ཁོང་ད་ལོ་དགུང་ལོ་གྱ་བརྒྱད་ལ་ཕེབས་པས་སྐུ་ཚེ་བཟང་མཐར་ཕྱིན་པ་ཞིག་ཡིན་ཡང།   ཁོང་གི་ཡིད་དུ་འོང་བའི་མཛད་སྤྱོད་དང་གཏིང་མཐའ་བྲལ་བའི་མཁྱེན་ཡོན་སེམས་ལ་དྲན་པའི་སྐབས། བསམ་བློའི་ནང་ཕངས་སེམས་ཆེན་པོ་ཞིག་རང་བཞིན་གྱིས་ཡོང་གི་འདུག འོན་ཀྱང་འདི་ལྟར་མི་ཐོག་བརྗེས་ནས་འགྲོ་དགོས་པ་ནི་ཟློག་ཐབས་མེད་པའི་ཆོས་ཉིད་ཅིག་ཡིན་པས། བློ་རྒྱ་ཡངས་པོས་ཆོས་ཉིད་ཀྱི་གནས་ལུགས་འདི་ལ་དང་ལེན་བྱ་རྒྱུ་མ་གཏོགས། ཆོས་ཉིད་ལ་གདོང་གཏད་ན་སེམས་པ་ངལ་བའི་རྒྱུ་ཙམ་ལས་ཅང་མ་མཆིས།

     དགེ་བའི་བཤེས་གཉེན་ཆེན་པོ་ཁོང་ནི། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བའི་ཐོག་ནས། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་གནས་དར་འཕེལ་ཡོང་བར་སྐུ་ལས་ཚད་མེད་བསྐྱོན་པའི་སྐྱེས་བུ་རླབས་ཆེན་ཞིག་ཡིན་པས། ཁོང་གི་མཛད་རྣམ་གནད་བསྡུས་ཤིག་ཀློག་པ་པོ་རྣམས་ཀྱི་མདུན་སར་ཡིག་འཇོག་བྱེད་ཐུབ་ན་སྙམ་པ་ནི། ངོ་སྤྲོད་ཀྱི་རྩོམ་ཐུང་འདི་འབྲི་བའི་དགོས་དོན་གཙོ་བོ་ཡིན།

    མདོ་སྔགས་རབ་འབྱམས་སྨྲ་བ་དགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་འོད་ཟེར་མཆོག་ནི། ཕྱི་ལོ་ ༡༩༣༢ ལོར་ཐེ་བོའི་ཚོང་རུར་སྐུ་འཁྲུངས། ཚོང་རུ་ཞེས་པ་ནི་མཛོད་དགེ་ཤོག་བཅུ་གཉིས་ནང་གི་རོང་ཤོག་ཀྭ་བཞིའི་ཡ་གྱལ་ཞིག་ཡིན་པ་དང། སྔ་མོ་བོད་ཀྱི་བཙན་པོའི་སྐབས་རྒྱ་བོད་ཀྱི་མཐའ་མཚམས་བསྲུང་བར་ཡོང་བའི་དམག་སྡེ་ཁག་ལ་འཚོ་བའི་ཉེར་མཁོ་སྒྲུབ་པའི་ཚོང་བའི་སྡེ་ཁག་ཅིག་ཡིན་པའི་ཤོད་རྒྱུན་ད་ལྟའི་བར་མ་ཉམས་པར་མཆིས།

    ཕྱི་ལོ་ ༡༩༤༡ ལོར་མདོ་སྨད་ཡུལ་གྱི་ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཤིང།  རིམ་གྱིས་དགེ་ཚུལ་སློང་གི་བསླབ་སྡོམ་བཞེས། དགེ་བཤེས་འབྲིང་བ་ཨ་ཁུ་དཀོན་མཆོག་དར་རྒྱས་སོགས་དགེ་རྒན་དུ་བསྟེན་པའི་དྲུང་ནས། བསྡུས་གྲྭ་དང་བློ་རྟགས་ནས་བཟུང་སྟེ་མདོ་རྒྱུད་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་རྡོ་རུས་ཐུག་པ་མཛད།

     ཕྱི་ལོ་ ༡༩༥༨ ལོར་དམངས་གཙོ་བཅོས་བསྒྱུར་ཟེར་བའི་དུས་འགྱུར་བྱུང་བའི་སྐབས། ཨ་ཁུ་ཚུལ་ཁྲིམས་དགུང་ལོ་ཉི་ཤུ་རྩ་བདུན་ལ་ཕེབས་པའི་གསར་བུ་དར་མ་ཞིག་ཡིན་ཡང། དཔལ་འབྱོར་དང། གོ་གནས། བུད་མེད་སོགས་ཀྱི་བསླུ་ཐབས་གང་གིས་ཀྱང་གཞན་དབང་དུ་མ་ཕྱིན་པར། རང་གི་ཚེ་སྲོག་ལས་ཀྱང་བསླབ་སྡོམ་ལ་གཅེས་སྤྲས་མཛད་དེ། བཟའ་བཏུང་དང་སྤྱོད་ལམ་ཕྲ་མོ་ཚུན་ཆད་ནས་འདུལ་ཁྲིམས་དང་མ་འགལ་བར་གཙོ་འདོན་མཛད་པས། དགོན་གྲོང་ཀུན་གྱི་ནང་དགེ་སློང་འདུལ་བ་འཛིན་པའི་མཚན་སྙན་ཆེན་པོ་བྱུང་ཡོད།

    སྤྱིར་ཨ་ཁུ་ཚུལ་ཁྲིམས་ཀྱི་ཐུགས་གཤིས་ནི། སྤྱི་ཚོགས་ཀྱི་ལམ་ལུགས་མང་ཆེ་བར་དུས་བསྟུན་གྱིས་འགྱུར་བ་གཏོང་དགོས་པའི་བསམ་བློ་བརྟན་པོ་ཡོད་མཁན་ཞིག་ཡིན་ཡང། དུས་ལ་མ་རན་པ་དང་ཕན་ཐོགས་མེད་པའི་བཅོས་བསྒྱུར་རིགས་ལ་ཁོང་གིས་གཏན་ནས་ཁས་ལེན་གནང་གི་མེད།   དུས་འགྱུར་གྱི་གཡོ་འཁྱོམ་ཅི་ཙམ་ཆེ་ཡང་ཁོང་ནི་སྔར་བཞིན་ཞི་འཇམ་བག་ཕེབས་ཀྱིས་གནས་པ་ལས། སྤྱི་ཚོགས་ཀྱི་གཡོ་འཁྱོམ་འདིས་ཁོང་གི་ལྟ་བ་དང་དད་སེམས་ལ་འགྱུར་བ་ཐེབས་པ་ཕར་བཞག ཐ་ན་ལུས་ཀྱི་བྱ་སྤྱོད་ལམ་ཕྲ་མོ་ཚུན་ཆད་ལ་སྒུལ་བསྐྱོད་གཏོང་ཐུབ་མེད།

     ཁོང་གིས་རྒྱུན་དུ་བསྟན་པ་སྒོས་ནུབ་ཏུ་མ་སོང་བ་གལ་ཆེ་བའི་སྐོར་གསུང་གི་ཡོད་པ་ལྟར། དུས་འགྱུར་གྱི་ཡོ་ལང་ཆེ་བའི་སྐབས་དེར། ཁོང་གིས་རང་རྒྱུད་ཀྱི་བསྟན་པ་སྒོས་ནུབ་ཏུ་མ་སོང་བ་དང། རྐྱེན་ངན་ལམ་འཁྱེར་ཉམས་ལེན་གྱི་མཐིལ་དུ་མཛད་དེ། མུན་པའི་ཁྲོད་ཀྱི་སྐར་ཆེན་ལྟ་བུའི་རྣམ་ཐར་བསྐྱངས། དེང་སྐབས་ལོ་དྲུག་ཅུ་རེ་གྲངས་ལ་སོན་པའི་བུད་མེད་བགྲེས་སོང་ཞིག་གིས། སྐབས་དེར་ང་ལོ་བཅུ་གྲངས་ཤིག་ཡིན། སྡེ་དཔོན་གྱི་བཀོད་མངགས་ལྟར་ངས་ཨ་ཁུ་ཚུལ་ཁྲིམས་ལ་ཕག་རྫིར་འགྲོ་རོགས་བྱ་དགོས། དེ་དུས་བཟའ་འཐུང་ཤིན་ཏུ་དཀོན་པས་མི་ཐམས་ཅད་ལ་ལྟོ་སྡུག་ཆེ་བའི་སྐབས་རེད། ང་ཕག་རྫིའི་ས་ནས་ལྐོག་ཏུ་ཞིང་ཁར་ཕྱིན་ཏེ་ཨ་རྡོག་དང་སྲན་མ་བརྐུས་ནས་འཁྱེར་ཡོང་གི་ཡོད། ངས་ཨ་ཁུ་ཚུལ་ཁྲིམས་ལ་ཨ་རྡོག་དང་སྲན་མ་ཕུལ་བ་ཡིན། ཁོང་ལྟོགས་ནས་གྲོད་ཁོག་བྲང་ལ་འབྱར་ཡོད་ཀྱང་། ངས་བརྐུས་ཡོང་བའི་ཨ་རྡོག་དང་སྲན་མ་མི་བཞེས་པར་མ་ཟད། མི་ཐམས་ཅད་ལྟོ་སྡུག་གིས་མནར་བའི་སྐབས་འདིར་ངེད་གཉིས་གྲོད་ཁོག་བརྒྱགས་ནས་སྡོད་ས་མེད། མ་གཞི་ནས་ཨ་རྡོག་དང་སྲན་མ་འདི་རིགས་མི་མང་གི་རྒྱུ་རྫས་ཡིན་པས། ངེད་གཉིས་ལ་རང་འདོད་ཀྱིས་བཟའ་རྒྱུའི་ཐོབ་ཐང་གཏན་ནས་མེད། རྗེས་མ་བྱ་སྤྱོད་ངན་པ་འདི་རིགས་མ་བྱེད། ཅེས་མོར་ཨ་རྡོག་དང་སྲན་མ་གཏན་ནས་བརྐུ་འཇུག་གི་མེད་ཅེས་བཤད་པ་གོ་མྱོང།

    སྐབས་དེར་ལྟོ་སྡུག་ཤིན་ཏུ་ཆེ་བས་རྩམ་པ་ཕྲན་བུ་ཙམ་ཡང་ཕན་ཚུན་སྤྲོད་རྒྱུ་དཀའ་ཡང། ཨ་ཁུ་ཚུལ་ཁྲིམས་ཀྱི་སར་མི་དཀའ་ངལ་ཅན་ཞིག་སླེབས་པ་ཡིན་ན། ཁོ་རང་ལ་བཟའ་རྒྱུ་གང་ཡོད་པ་ཐམས་ཅད་ཕངས་སེམས་མེད་པར་དཀའ་ངལ་ཅན་གྱི་མི་དེ་ལ་སྤྲད་དེ། ཁོ་རང་གྲོད་ཁོག་སྟོང་པར་སྡོད་རྒྱུ་ཡིན་པ་ཐེ་ཚོམ་མེད། ཅེས་ཨ་ཁུ་ཚུལ་ཁྲིམས་ལ་འདྲིས་ཆེ་བའི་མི་མང་པོས་བཤད། ལོ་རྒྱུས་དུམ་བུ་འདི་གཉིས་ཀྱི་ཐོག་ནས་ཁོང་གི་གཞི་རྩའི་བསམ་བློ་དང། གཏོང་ལེན་གྱི་ཚད་གཞི་གང་འདྲ་ཞིག་ལ་སླེབས་ཡོད་མེད་ཚོད་དཔག་རོབ་ཙམ་བྱེད་ཐུབ་པ་ཞིག་ཡིན།

    ཕྱི་ལོ་ ༡༩༧༦ ལོ་ནས་ལོ་ལྔ་དྲུག་རིང་མཁས་དབང་མཛོད་དགེ་ཨ་ཁུ་ཉི་མ་དང། མཁས་དབང་དམུ་དགེ་བསམ་གཏན། སྨན་རམས་པ་ཨ་ཁུ་བསྟན་ཁོ་སོགས་ཀྱི་མདུན་ནས་སྒྲ་གཞུང་དང་། བརྡ་སྤྲོད།   སྙན་ངག གསོ་བ་རིག་པའི་གཞུང་ལུགས་སོགས་ལ་གསན་སྦྱོང་མཐིལ་ཕྱིན་པར་མཛད་རྒྱུའི་གོ་སྐབས་བྱུང་འདུག   སྐབས་དེར་ཁོང་གིས་རྐང་རྗེན་གནང་སྟེ། སློབ་སྦྱོང་གི་བར་གསེང་ནམ་ཡོད་ལ་སྨན་ཁུག་རྒྱབ་ཏུ་ཁུར་ནས་རི་གྲོང་མྱུལ། སུ་ལ་དགོས་མཁོ་ཡོད་པ་དེ་ལ་སྨན་བཅོས་ཀྱིས་རོགས་རམ་མཛད། ཁོང་ནི་རང་ཉིད་གང་དུ་དགོས་མཁོ་ཆེ་བ་དེར་ཕྱིན་ཏེ། གཞན་ཕན་སྒྲུབ་པར་འབད་བརྩོན་བྱེད་པ་ལས། རྩྭ་གང་བཟང་དང་ཆུ་གང་བཟང་བྱས་ནས་སྐྱིད་ཉལ་ལྷོད་སྡོད་བྱེད་པའི་གོམས་གཤིས་མ་ཆགས་པ་ཞིག་ཡིན་སོང་།

    ཕྱི་ལོ་ ༡༩༨༡ ལོར་ཆོས་སྒོ་ཕྱེས་པའི་རྗེས་ཨ་ཁུ་ཚུལ་ཁྲིམས་ཕྱིར་གདན་ས་སྟག་ཚང་ལྷ་མོར་བྱོན།  མཁས་པའི་ཁྱུ་མཆོག་འབུ་སྒང་བ་ཨ་ཁུ་བརྩོན་འགྲུས་དང་། ཚོགས་ཆེན་ཁྲི་ཟུར་ཨ་ཁུ་རྒྱལ་མཚན་སོགས་ཀྱི་དྲུང་ནས་སྔར་གྱི་ཐོས་བསམ་གྱི་འཕྲོ་བསྐྱངས་ཏེ། མདོ་སྔགས་གཞུང་ལུགས་ཀུན་ལ་གསན་བསམ་མཐའ་ཕྱིན་པར་མཛད།

   ཕྲན་སྟག་ཚང་ལྷ་མོའི་ཆོས་སྒོར་ཞུགས་པའི་རྗེས་ཨ་ཁུ་ཚུལ་ཁྲིམས་ལན་མང་པོ་མཇལ་གྱི་ཡོད། སྐབས་དེར་ཨ་ཁུ་ཚུལ་ཁྲིམས་དགུང་ལོ་དྲུག་ཅུ་ཡས་མས་ཤིག་ཡིན། ཨ་ཁུ་ཚུལ་ཁྲིམས་ལ་དཔེ་ཆ་སྐྱོར་མཁན་དང་དཔེ་ཁྲིད་གནང་སའི་དགེ་ཕྲུག་བཞི་བཅུ་ནང་ཞིག་ཡོད་ཀྱང་། ཁོང་གིས་ཆེ་ཚུགས་དང་བགྲེས་ཉམས་མི་མཛད་པར་རང་ཉིད་ཀྱང་དགེ་ཕྲུག་ཉམ་ཆུང་ཞིག་གི་ཚུགས་ཀ་བྱས་ཏེ། ཉིན་འཆར་ཅན་དགེ་རྒན་གྱི་སར་དཔེ་ཁྲིད་ལ་ཕེབས་ཀྱི་འདུག་པས། ང་ལ་སྐབས་དེར་ཡ་མཚར་བའི་སྣང་བ་ཞིག་བྱུང་།

    ཕྱིས་སུ་ཨ་ཁུ་ཚུལ་ཁྲིམས་ལ་རྒྱུས་མངའ་གཏིང་ཟབ་བྱུང་བའི་སྐབས།  ཁོང་གིས་སྐུ་ཚེ་ཧྲིལ་པོར་རང་ཉིད་སློབ་གཉེར་པ་ཞིག་ཡིན་པའི་འདུ་ཤེས་གཏན་ནས་འདོར་མྱོང་མི་འདུག་ལ། སྐུ་ཚེའི་མཐའ་མར་ཡང་རྒྱུན་དུ་དཔེ་མཛོད་ཁང་ནས་བཀའ་འགྱུར་བསྟན་འགྱུར་དང་། ཆོས་བརྒྱུད་རིས་མེད་ཀྱི་མཁས་པའི་གསུང་རྩོམ་མང་པོ་གཟིམ་ཤག་ཏུ་འཁྱེར་ནས་དཔེ་གཟིགས་གནང་གི་ཡོད།  བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། སྐྱེས་བུ་དམ་པའི་རྣམ་ཐར་མང་ཆེ་བ་ཁོང་གིས་ལྟ་ཀློག་གནང་གི་ཡོད་སྟབས།  ཤིན་ཏུ་གཟིགས་རྒྱ་ཆེ་ཞིང་གང་ནས་དྲིས་ཀྱང་རྒྱུས་མངའ་མེད་པ་མི་སྲིད་པ་ལྟ་བུ་ཡིན།

    ཁོང་དང་ནམ་མཇལ་ཡང་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་ཕན་ཐོགས་ཅན་གྱི་བཀའ་མོལ་ཤ་སྟག་གནང་བ་མ་གཏོགས། དགོས་མེད་ཀྱི་གཏམ་གླེང་རིགས་ནམ་ཡང་མི་མཛད། ཕྲན་སྟག་ཚང་ལྷ་མོར་བསྡུས་ཆེན་འཛིན་གྲྭར་ཡོད་པའི་སྐབས་ཤིག་ལ། ཉིན་ཞིག་ཨ་ཁུ་ཚུལ་ཁྲིམས་དང་མཇལ་བས་ཁོང་གིས། ཁྱེད་ཀྱིས་ཡི་གེ་འབྲི་རྒྱུ་སྦྱོང་གི་ཨེ་ཡོད་ཅེས་བཀའ་འདྲི་ཕེབས་བྱུང་། ངས་ད་དུང་མཚན་ཉིད་ཀྱི་དཔེ་ཆར་ཕྲན་བུ་བལྟ་བ་ལས་རིག་གནས་ཀྱི་རིགས་སྦྱོང་གི་མེད་ལགས། ཞེས་ཞུས་པར། ཡི་གེ་འབྲི་རྒྱུ་ངེས་པར་སྦྱོང་དགོས། ཡི་གེ་འབྲི་མ་ཤེས་ན་ལག་པ་ཡོད་པས་གོ་མ་ཆོད་པ་རེད། ཅེས་ནན་ཏན་གྱིས་གསུངས་བྱུང་བ་ད་དུང་ཡང་གསལ་པོར་དྲན་གྱི་འདུག སོག་པོ་བསྟན་དར་ལྷ་རམས་པས། མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། །རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །ལྕེ་བརྒྱ་སྦྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་སོགས་གསུངས་པ་མཇལ་ཐེངས་རེར་ཨ་ཁུ་ཚུལ་ཁྲིམས་ཀྱི་གསུང་མོལ་དེ་དྲན་ཡོང་གི་འདུག

      ཕྱི་ལོ་ ༡༩༩༣ ལོར་ཁོང་གདན་ས་སྟག་ཚང་ལྷ་མོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོར་བསྐོ་བཞག་ཞུས། དགེ་རྒན་ཆེན་མོའི་མཛད་འགན་བཞེས་པའི་རིང་གཙོ་བོར་སློབ་གྲྭའི་དགེ་རྒན་རྣམས་ལ་ལམ་རིམ་བློ་སྦྱོང་དང་། གྲུབ་མཐའ། རིག་གནས་བཅས་སློབ་ཁྲིད་མཛད། ཁོང་གིས་རྒྱུན་དུ་སློབ་མ་རྣམས་ཆོས་ཀྱི་ཞག་རྩི་ཡོད་པ་དང་། ཡ་རབས་སྤྱོད་བཟང་ལྡན་པ། སློབ་གཉེར་ལ་སྤྲོ་བ་ལྡན་པ་ཞིག་ཡོང་ཐུབ་མིན་ནི། དགེ་རྒན་རྣམ་པའི་རྒྱུན་གྱི་ཀུན་སྤྱོད་དང་བསམ་བློའི་འཁྱེར་སོ་ལ་འབྲེལ་བ་ཆེན་པོ་ཡོད་པས། དགེ་རྒན་ཚོས་ཁ་ནས་བཤད་པ་ཙམ་མ་ཡིན་པར་རང་ངོས་ནས་དོན་མཐུན་པ་དང་། དོན་སྤྱོད་པ་ཞིག་གནང་དགོས་པ་གལ་ཆེ་བའི་སྐོར་བསླབ་བྱའི་སྙིང་དོན་བྱས་ནས་གསུང་གི་ཡོད།

    ཕྱི་ལོ་ ༡༩༩༨ ལོར་༧སྐྱབས་མགོན་ཀིརྟི་རིན་པོ་ཆེས་རྒྱ་གར་དུ་ཡོད་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་གཞོན་པ་ཚོར་ལམ་རིམ་བློ་སྦྱོང་གིས་གཙོས་ནང་དོན་རིག་པའི་དཔེ་ཁྲིད་དགེ་རྒན་དུ་ཡོང་དགོས་པའི་བཀའ་ཡིག་ཕེབས། སྐབས་དེར་ཨ་ཁུ་ཚུལ་ཁྲིམས་ཀྱིས་རྔ་ཡུལ་ཀིརྟིའི་དགོན་པར་ལྷ་རམས་པའི་སྔོན་འགྲོའི་དམ་བཅའ་བཞག་ཟིན་ནས། གདན་ས་སྟག་ཚང་ལྷ་མོར་དངོས་གཞིའི་ལྷ་རམས་པའི་དམ་བཅའ་འཇོག་རྒྱུའི་མཚམས་སུ་ཡོད། འོན་ཀྱང་ཁོང་གིས། དྲིན་ཆེན་བླ་མའི་བཀའ་འབྱོར་ན་ཡི་གེ་ནའི་སྐེད་པ་གཅོད་ཅེས་པའི་དཔེ་ལྟར། བླ་མའི་བཀའ་ལ་ཕྱིར་འགྱངས་གཏན་ནས་བྱེད་མི་རུང་གསུངས་ཏེ། ལམ་གྱི་ངལ་བ་མང་པོ་ལ་གདོང་ལེན་གྱིས་འཕྲལ་མར་རྒྱ་གར་འཕགས་ཡུལ་དུ་བྱོན། རྒྱ་གར་དུ་ལོ་བདུན་བཞུགས་པའི་རིང་ཆེད་དུ་དམིགས་པའི་དགོས་དོན་ལྟར། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་རྣམས་ལ་ལམ་རིམ་བློ་སྦྱོང་འཆད་ཁྲིད་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་དགེ་སློབ་རྣམས་ལ་ལམ་རིམ་དང་གྲུབ་མཐའ་སོགས་དཔེ་ཁྲིད་མཛད་ཅིང། རིགས་ལམ་འཛིན་གྲྭ་རྣམས་ལ་བཀའ་ཆོས་ལན་མང་པོ་གནང་།

    དུས་ཡུན་འདིའི་རིང་ཕྲན་གྱིས་ཀྱང་ཨ་ཁུ་ཚུལ་ཁྲིམས་ཀྱི་མདུན་ནས་ལམ་རིམ་བསྐྱར་ཁྲིད་ཞུ་མྱོང་ལ། ཁོང་ལ་ཤེས་ཡོན་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་བཀའ་འདྲི་ཡང་ཞུས་མྱོང་། ལྷག་པར་དུ་ཕྲན་གྱི་ལས་ཀའི་ངོ་བོའི་ཐོག་ནས་དུས་འགྱུར་གོང་གི་འབྲེལ་ཡོད་དགོན་སྡེ་ཁག་གི་ལོ་རྒྱུས་དང་། མི་སྣ་གལ་ཆེ་བའི་རིགས་ཀྱི་རྣམ་ཐར། འཆད་ཉན་སློབ་གཉེར་གྱི་ལམ་སྲོལ། སྐབས་དེའི་སྤྱི་ཚོགས་ཡོངས་ཀྱི་འཚོ་བ་དང་འཕྲོད་བསྟེན། དཔལ་འབྱོར། ཤེས་ཡོན་སློབ་སྦྱོང་བཅས་ཀྱི་གནས་སྟངས། དུས་འགྱུར་སྐབས་ཀྱི་མགོ་མཇུག་བར་གསུམ་གྱི་ལོ་རྒྱུས་ཀྱི་གནས་སྟངས་སོགས་བརྗོད་གཞི་མ་འདྲ་བ་སྣ་ཚོགས་ཐོག་བཅར་འདྲི་ཞུས་པ་སྒྲ་ཐག་བཅུ་གྲངས་ཤིག་ཡོད། ད་ལྟ་ཁོང་དགོངས་པ་རྫོགས་པའི་སྐབས་སྒྲ་ཐག་འདི་རིགས་ལ་དམིགས་བསལ་རིན་ཐང་ལྡན་པའི་ཚོར་སྣང་ཞིག་རང་བཞིན་གྱིས་ཡོང་གི་འདུག

    ཁོང་ལྷག་བསམ་དག་ཅིང་ཐུགས་རྒྱུད་དྲང་བས་ཅི་ཞིག་གསུངས་ཀྱང་སེམས་ལ་འཇུག་པོ་དང་ཡིད་ཆེས་འཕེལ་བ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། ཁོང་གིས་རྒྱུན་དུ་གཞན་གྱི་བསམ་ཚུལ་དང་བདེ་སྡུག་ལ་དགོངས་པ་གུ་ཡངས་པོས་གསན་བཞེས་མཛད་ཅིང། དེ་དང་དེའི་གནས་བབ་དང་འཚམས་པར་འདོར་ལེན་དང་སྤང་བླང་གི་ལམ་སྟོན་མཛད་པས། ཀུན་གྱིས་ཉན་བདེ་བ་དང་ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་ཡོང་གི་ཡོད། ཁོང་གི་ཐུགས་གཤིས་ལ་ཉེ་རིང་དང་ཕྱོགས་ལྷུང་གི་ལྟ་ཚུལ་ཡེ་ནས་མེད་པར་ཀུན་ལ་སྤྱི་སྙོམ་མཛད་ཐུབ་མཁན་ཞིག་ཡིན་པས། ཀུན་གྱིས་སྤྱི་མི་ཚད་ལྡན་ཞིག་ཏུ་བཀུར་ཐུབ་པའི་ཁྱད་ཆོས་དམིགས་བསལ་ལྡན་པ་ཞིག་ཀྱང་ཡིན།

    ཕྱི་ལོ་ ༢༠༠༤ ལོ་ཁོང་དགུང་ལོ་དོན་གསུམ་ལ་ཕེབས་པས་དགུང་ནའི་བབ་དང། སྐུའི་སྙུང་གཞིའི་སྐུ་ངལ་བཅས་ལ་བརྟེན་ནས་༧སྐྱབས་མགོན་ཀིརྟི་རིན་པོ་ཆེའི་བཀའ་འཁྲོལ་འོག་རང་ཡུལ་གྱི་གདན་ས་སྟག་ཚང་ལྷ་མོར་ཕེབས། ལོ་དེར་སྟག་ཚང་ལྷ་མོར་དངོས་གཞིའི་ལྷ་རམས་པའི་དམ་བཅའ་ཆེན་མོ་དང་། ཕྱི་ལོ་ ༢༠༠༦ ལོར་སྔགས་རམས་དམ་བཅའ་ཆེན་མོ་བཞག་སྟེ། མདོ་སྔགས་རབ་འབྱམས་པའི་མཚན་རྟགས་བཞེས།

    ཕྱི་ལོ་ ༢༠༠༧ ལོར་གདན་ས་སྟག་ཚང་ལྷ་མོའི་གསོ་རིག་འགྲོ་ཕན་གླིང་གྲྭ་ཚང་གི་མཁན་པོར་བསྐོ་བཞག་ཞུས། གསོ་རིག་འགྲོ་ཕན་གླིང་གི་མཁན་པོའི་མཛད་འགན་བཞེས་པའི་རིང་། གྲྭ་ཚང་ལ་བརྩི་བཞག་དང་བཀའ་ཆོས་གང་མང་འཆད་པའི་ཞོར་དུ། དོན་གཉེར་ཅན་མང་པོར་ལམ་རིམ་བློ་སྦྱོང་དང་བསླབ་བྱ་མང་པོ་འཆད་ཁྲིད་མཛད་དེ། གྲྭ་ཚང་འདིའི་འཆད་ཉན་ཡར་རྒྱས་ཡོང་བའི་དོན་དུ་ཕྱོགས་ཡོངས་ནས་འབད་པ་ལྷོད་མེད་མཛད།

    ཁོང་ལ་གསུང་རྩོམ་དཔར་བསྐྲུན་ཟིན་པ་དེབ་གཅིག་དང། སྤྱོད་འཇུག་ཆེན་མོའི་ས་བཅད་སོགས་དཔར་བསྐྲུན་མ་ཞུས་པའི་ཐོར་བུ་ཡང་སྣ་ཚོགས་བཞུགས་ཤིང། ཁོང་གིས་ཞུས་བསྒྲིགས་མཛད་པའི་ཨ་ཁུ་བྱམས་པ་ཚང་གི་གསུང་འབུམ་དཔར་བསྐྲུན་ཟིན་ཡོད།

ཉེ་བའི་ཟླ་ ༣ ཚེས་ ༢༩ ཉིན་གྱི་ཞོགས་པ་ཆུ་ཚོད་བདུན་པའི་ཐོག་དགོས་པ་རྫོགས་འདུག་ཅིང། དེ་ནས་ཉིན་བརྒྱད་རིང་ཐུགས་དམ་ལ་བཞུགས། ཕྱི་ཟླ་ ༤ ཚེས་ ༥ ཐོ་རངས་ལ་ཐུགས་དམ་གྲོལ་བས། དེ་རིང་སྟེ་ཕྱི་ཟླ་ ༤ ཚེས་ ༦ ཉིན་སྐུ་གདུང་ཞུགས་འབུལ་ཞུ་རྒྱུ་ཡིན་འདུག་པས། སྐུ་གདུང་ཞུགས་འབུལ་གྱི་དུས་ཚིགས་འདི་དང་བསྟུན་ནས་ཕྲན་རང་ཉིད་ཀྱི་མཐོང་ཐོས་གཞི་ལ་བཞག་སྟེ། ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་ངོ་སྤྲོད་ཀྱི་ཚུལ་དུ་འཕྲལ་མར་སྤེལ་བ་ལགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41284545
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1