མདོ་སྨད་ཧེ་རུ་ཀའི་རང་མོས་སྙན་ངག༼མི་ལོ་ག་ཙམ་འགོར་རྗེས་ཁྱོད་དང་འཕྲད་སྲིད༽ཅེས་པ་བཀླགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མདོ་སྨད་ཧེ་རུ་ཀའི་རང་མོས་སྙན་ངག༼མི་ལོ་ག་ཙམ་འགོར་རྗེས་ཁྱོད་དང
མདོ་སྨད་ཧེ་རུ་ཀའི་རང་མོས་སྙན་ངག༼མི་ལོ་ག་ཙམ་འགོར་རྗེས་ཁྱོད་དང་འཕྲད་སྲིད༽ཅེས་པ་བཀླགས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/4/28ལྟ་ཀློག (2952)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མདོ་སྨད་ཧེ་རུ་ཀའི་རང་མོས་སྙན་ངག༼མི་ལོ་ག་ཙམ་འགོར་རྗེས་ཁྱོད་དང་འཕྲད་སྲིད༽ཅེས་པ་བཀླགས་པ།

ཀླུ་ཐར་བཀྲ་ཤིས།

     ཁོ་བོར་མཚོན་ན། སྙན་ངག་འབྲི་བ་ནི་སྤྲོ་སྣང་ལྡན་པའི་ལས་ཀ་ཞིག་ཡིན་པ་ནང་བཞིན་གཞན་གྱིས་བྲིས་པའི་སྙན་ངག་ལ་རོལ་མྱོང་བྱ་རྒྱུ་དེ་ཡང་སྤྲོ་སྣང་ལྡན་པའི་ལས་ཀ་ཞིག་ཡིན། རང་གི་བདེ་སྡུག་དང་རྒྱལ་ཕམ། དགའ་སྐྱོ།  ཐོབ་ཤོར་ཅི་རིགས་སྙན་ངག་ལ་བཅོལ་ཏེ་རང་སེམས་གསོ་བ་ནང་བཞིན་གཞན་པའི་སྙན་ངག་བཀླགས་པས་ཀྱང་ཡིད་ལ་དགའ་བདེ་དང་སྤྲོ་བ་དཔག་མེད་འཁྱིལ་འོང་། དེ་ནི་སྙན་ངག་གིས་བསྐྱེད་པའི་ཡིད་ཀྱི་དགའ་བདེ་དང་ལོངས་སྤྱོད་ཅིག་མ་ཡིན་ནམ། སྙན་ངག་པ་ཚོས་སྙན་ངག་བཀླགས་ཤིང་སྙན་ངག་བྲི་བའི་དགོས་པ་ཡང་དེར་ཐུག་ཡོད་ཤས་ཆེ།
     འོ་ན། འདིར་གླེང་བར་བྱ་བའི་མདོ་སྨད་ཧེ་རུའི་ཀའི་རང་མོས་སྙན་ངག་འདིར་མཚོན་ན། ཁ་བྱང་གཅིག་པུའི་ངོས་ནས་བལྟས་ན་ཡང་འདི་ནི་དུངས་བརྗོད་སྙན་ངག་ཅིག་ཡིན་པའི་ཚོར་བ་ཞིག་ག་ལེར་སྦྱིན་འོང་། མ་ཟད། དུས་དང་ཡུལ་གྱི་བར་ཐག་གིས་བསྐྱེད་པའི་ན་གཞོན་ཕོ་མོ་གཉིས་ཀྱི་ཤོར་ཟིན་པའི་བརྩེ་དུང་དང་། བརྩེ་དུང་དེ་ལས་འཕྲོས་པའི་གཏམ་རྒྱུད་ལ་ཕྱིར་དྲན་ཐེངས་ཤིག་བྱེད་ཚུལ་ཞིག་ཀྱང་རེད། སྙན་ངག་པའི་ལྷོག་ལྷོག་གདུ་བའི་སེམས་ཀྱི་གཙང་ཆབ་དེ་ལྷོད་ཡངས་དང་མཉེན་གཤིས།འཇམ་གཉེན་གྱི་ཚིག་གི་བསྟར་ལ་བརྒྱུས་ཏེ་ང་ཚོའི་མཐོང་ལམ་དུ་ཡིད་འོང་གི་ལྗོངས་ཤིག་བསྐྲུན་ཡོད་ལ། ལྗོངས་དེ་ལས་ང་ཚོས་གཏམ་རྒྱུད་ཅིག་གི་ཕྱི་ནང་མཐོང་ཐུབ་ཅིང་མི་བུ་ཞིག་གི་ནང་སེམས་རིག་ཐུབ།
      "སྙན་ངག་ནི་ཚོར་བ་ཙམ་མིན་པར་མྱོང་བ་དང་ཉམས་ལེན་ཞིག"ཞེས་པ་ལྟར། ཁོང་གི་སྙན་ངག་འདི་ལ་མཚོན་ན། ཁྱད་ཆོས་གཙོ་བོ་མཚོན་ཐབས་ཀྱི་སྟེང་ན་མེད་པར་དེ་ནི་བརྗོད་བྱའི་སྟེང་ན་ཡོད་པར་སྙམ། ཁོའི་སྙན་ངག་འདི་ནི་སྣང་བ་ཟ་ཟི་ཙམ་མིན་པར་འདིའི་རྒྱབ་ལྗོངས་ནི་སྙན་ངག་པ་ཁོང་དང་གཞོན་ནུ་མ་ཞིག་གི་བརྩེ་དུང་གི་གཏམ་རྒྱུད་ཅིག་ལ་སྦྱར་ཡོད། སྙན་ངག་པ་དང་གཞོན་ནུ་མ་གཉིས་ལོ་ངོ་མང་པོའི་རྗེས་སུ་ཡང་བསྐྱར་སྟེས་དབང་ངམ་ལས་དབང་གིས་ག་ཤེད་ཅིག་ནས་འཕྲད་ཙ་ན་སྙན་ངག་པས་ཡང་བསྐྱར་གས་ཆག་ཤོར་བའི་བརྩེ་དུང་གི་གཏམ་རྒྱུད་དེ་དྲན་པར་བྱས་ཤིང་། སྐད་ཅིག་མའི་ཡིད་ཀྱི་ཚོར་འདུ་ཐད་ཀར་བརྗོད་ཡོད།
     སྙན་ངག་པ་ནི་བརྩེ་དུང་གི་བདག་ཉིད་ཅན་ཞིག་ཡིན་ལ། སྙན་ངག་པའི་བརྩེ་དུང་ནི་སྙན་ངག་གི་བླ་སྲོག་ཏུ་འཁུམས།"བརྩེ་དུང་མེད་ན་སྙན་ངག་ཡོད་མི་སྲིད་ལ་སྙན་ངག་མཁན་ཡང་ཡོད་མི་སྲིད"ཅེས་པའི་གཏམ་དེ་ཡང་བདེན་པར་སྣང་།"ངས་སྤྱི་སྤྱོད་རླངས་འཁོར་ལས་ཁོ་མོ་མཐོང་བྱུང"ཞེས་བྲལ་ནས་ཡུན་རིང་འགོར་བའི་ཁོ་མོ་མཐོང་བའི་སྐད་ཅི་མར་སྙན་ངག་པའི་ཡིད་ཀྱི་གནག་མཚོ་ག་ཤེད་ཅིག་ནས་སྐྱོམས་པས་རེ་ཞིག་ཕྱིར་དྲན་གི་ཀློང་དུ་ཕྱིན་ཅིང་འདས་དོན་མང་པོ་ཞིག་དལ་གྱིས་ཡིད་ལ་དྲན་པར་གྱིས།"ལོ་ན་དྲུག་ཙམ་ལས་མེད་པའི་བུ་མོ་ཆུང་ཆུང་དེ། ཁོ་མོའི་སྙིང་ཉེ་བའི་བུ་མོ་ཡིན་ནམ། ཡང་ན། ཁོ་མོའི་ཡིད་དུ་འོང་བའི་བྱིས་དུས་ཀྱི་ལང་ཚོ་ཡིན"ཞེས་པ་ལས་"ཁོ"དང་མོ་གཉིས་བྲལ་ནས་ཡུན་རིང་ཕྱིན་པ་ཤེས་ཐུབ་པ་མ་ཟད། ཁོའི་མཐོང་ལམ་ན་མོའི་བུ་མོ་དང་མོའི་བྱིས་དུས་ཀྱི་ལང་ཚོ་གཉིས་གཞི་གཅིག་ཏུ་སྣང་བ་དེས་མོ་ནི་ཁོ་ལ་མཚོན་ནས་སྤྱིར་བཏང་གི་མི་ཞིག་མིན་པར་སེམས་སྟེང་ན་གོ་གནས་འགངས་ཆེན་ཟིན་པའི་བུ་མོ་ཞིག་ཡིན་པའང་ག་ལེར་རྟོགས་ཐུབ།
      དེ་ལྟར་སྙན་ངག་གི་ཚན་པ་དང་བོ་ནི་ཁོ་དང་མོ་གཉིས་འཕྲད་པའི་ཁག་དང་། ཚན་པ་གཉིས་པ་ནི་ཁོའི་མཐོང་ལམ་གྱི་མོའི་སྣང་བརྙན་བརྗོད་པའི་ཁག་ཡིན།  ཚན་པ་གསུམ་པ་རུ་ལས་ཀྱི་དབང་གིས་ཁོ་དང་མོ་གཉིས་འཕྲད་པར་གྱུར་ཡང་ཆོས་ཉིད་ཀྱིས་ཁོང་གཉིས་ཁ་ཁ་སོ་སོར་བཏང་བའི་སྡུག་ཡུས་དང་འཁང་ར་དེ་བརྗོད་པའི་ཁག་ཡིན།  ཚན་པ་གསུམ་པ་ནི་སྙན་ངག་པས་ཁོ་མོའི་ལས་དབང་དང་མི་ཚེའི་གོ་རོམ་ལ་བསམ་གཞིགས་དང་ཕྱིར་རྟོག་བྱེད་པའི་ཁག་ཡིན། ཚན་པ་ལྔ་བ་ནི་སྙན་ངག་པས་ཞེ་ཐོགས་སའི་གཞོན་ནུ་མ་དེ་ཡང་བསྐྱར་ག་ཤེད་ཅིག་ནས་སླར་མཇལ་གྱི་སྐལ་བ་ལ་རེ་སྒུག་བྱེད་པའི་ཁག་ཡིན།
      སྙན་ངག་འདི་ལ་ཐུན་མིན་གྱི་ཆ་གཞན་ཞིག་ཡོད་པ་ནི་སྙན་ངག་པས་ཁོ་དང་མོའི་བར་གྱི་འབྲེལ་བ་དེ་ཐད་ཀར་མཚོན་མེད་པར།  བརྩེ་དུང་དང་ལྡན་པའི་སྒོ་ནས་ཧ་ཅང་གཟབ་ནན་ངང"མི་ལོ་ག་ཙམ་འགོར་སོང་ངམ"ཞེས་ན་དང"མི་ལོ་ག་ཙམ་འགོར་རྗེས་ཞེས་ཆེས་སྤྱིར་བཏང་གི་སྐད་ཆས་ཤུགས་ནས་མཚོན་པར་བྱས་ཡོད་པ་དེ་རེད།   སྙན་ངག་པས་དེ་ལྟ་བུའི་རྒྱུན་སྤྱོད་ཀྱི་སྐད་ཆའི་སྦྱོར་བར་བརྟེན་ཏེ་འདོད་འདུན་དང་རེ་བ། བརྩེ་དུང་ཇི་སྙེད་དུས་ཚོད་ཀྱི་རྒྱུན་ལ་བཅོལ་ཏེ་ཚད་འཇལ་བྱས་ཤིང"མི་ལོ་ག་ཙམ་འགོར་རྗེས་ཁྱོད་དང་འཕྲད་སྲིད"ཅེས་སླར་མཇལ་གྱི་ལས་སྐལ་རེ་ཞིང་སྒུག་ཡོད།

དེ་ཡང་སྙན་ངག་ཧྲིལ་བོ་ཞིབ་ཏུ་བཀླགས་ན།

     འདི་ནི་ཡིའུ་ཚིའི་༼ནམ་ཞིག་ཁྱོད་རང་རྒས་པར་གྱུར་ན༽ཞེས་པ་ལྟར་ཨུ་ཚུགས་ཆེན་པོས་ཕ་རོལ་བའི་བརྩེ་དུང་ཨེ་ཐོབ་ལ་རེ་བ་འཆང་བའི་སྙན་ངག་ཅིག་མིན་པར། འཇུ་སྐལ་བཟང་གི༼ལམ་འཕྲད༽་བཞིན་བརྩེ་དུང་ལ་ཉིས་བཤད་ཐོབ་པའི་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་བཀྲམ་སྟེ་སྙན་ངག་པས་མོའི་བདེ་སྡུག་དང་ལང་ཚོ་ལ་དོ་ཁུར་བྱེད་པའི་བསམ་བློ་མངོན་ཡོད་པའི་རིགས་ཤིག་ཡིན།
     མདོར་ན། སྙན་ངག་པས་གཞུང་ལམ་དང་སྤྱི་སྤྱོད་རླངས་འཁོར། ཁོ་མོ་དང་ཡིད་འོང་གི་བུ་མོ་ཆུང་ཆུང་།  སྒེའུ་ཁུང་སོགས་ཆེས་སྤྱིར་བཏང་གི་ཡིད་གཟུགས་མང་པོ་བློས་བསླངས་བྱས་ཏེ"ཁོ"དང་ཁོ་མོའི་སྐྱིད་ལ་སྡུག་པའི་བརྩེ་དུང་གི་གཏམ་རྒྱུད་རབ་རིབ་ཅིག་ཀློག་མཁན་གྱི་མཐོང་ལམ་དུ་བསྟར་ཡོད་ཅིང་འདུན་མ་ཡང་ཤུགས་ན་མངོན་ཡོད། ཡིན་ཡང་དེ་ནི་སྙན་ངག་པ་སྒེར་གྱི་མཐོང་སྣེ་ལས་བསྐྱེད་པའི་རྟོག་འཆར་དང་།  སྒེར་གྱི་འདུན་མའམ་རེ་སྨོན་འབའ་ཞིག་ཡིན་པ་ལས་ཁོ་དང་མོ་གཉི་གའི་གཅིག་མཐུན་གྱི་འདོད་འདུན་དེ་མཚོན་མི་ཐུབ།དེས་ཕྱོགས་གཅིག་ནས་ཀློག་མཁན་ལ་བསམ་གཞིག་གི་བར་སྟོང་ཞིག་ཡངས་པོར་ཕྱེ་ཡོད།

2018ལོའི་ཟླ4བའི་ཚེས26ཉིན་ཀན་སུའུ་དགེ་འོས་སློབ་ཆེན་ནས་འཕྲལ་མར་སྦྱར།

ཟུར་བཀོད་སྙན་ངག


མི་ལོ་ག་ཙམ་འགོར་རྗེས་ཁྱོད་དང་འཕྲད་སྲིད།

མདོ་སྨད་ཧེ་རུ་ཀ

ངས་ནི་སྤྱི་སྤྱོད་རླངས་འཁོར་ལས་ཁོ་མོ་མཐོང་བྱུང་།
ཁོ་མོ་གཞུང་ལམ་གྱི་ཚུར་རོལ་ནས་ཕར་ངོགས་སུ་བགྲོད་ཀྱིན་པ་མཐིང་ཡོང་།
ཡིད་དུ་འོང་བའི་བུ་མོ་ཆུང་ཆུང་ཞིག་ཁོ་མོའི་ལག་མགོར་ཁྲིད་ཡོད་པ་མཐོང་།
ལོ་ན་དྲུག་ཙམ་ལས་མེད་པའི་བུ་མོ་ཆུང་ཆུང་དེ།
ཁོ་མོའི་སྙིང་ཉེ་བའི་བུ་མོ་ཡིན་ནམ།
ཡང་ན། ཁོ་མོའི་ཡིད་དུ་འོང་བའི་བྱིས་དུས་ཀྱི་ལང་ཚོ་ཡིན།

ངས་སྒེའུ་ཁུང་ལས་ལག་བརྡ་བཏང་ནའང་།
ངས་སེམས་ཁོང་ནས་ཁྱོད་རང་བོས་ན་ཡང་།
ཁོ་མོ་གཞུང་ལམ་དེའི་ཚུར་རོལ་ནས་ཕར་ངོགས་སུ་ཆས་བཞིན་ཡོད།
རང་ཉིད་ལས་མེད་པའི་སྣང་བ་མཐོ་རུ་བཏེགས་ནས་འགྲོ་བཞིན་ཡོད།

མི་ལོ་ག་ཙམ་འགོར་སོང་ངམ།
ང་ཚོས་ཕན་ཚུན་བར་འབྲེལ་འདྲིས་ཤོར་ནས་མི་ལོ་ག་ཙམ་ཕྱིན་པ་མ་ཤེས།
སྤྱི་སྤྱོད་རླངས་འཁོར་དེས།
དུས་ཡུན་སྐད་ཅིག་མའི་བར་གླགས་བཙལ་ཏེ།
ང་ཚོ་ཇེ་ཉེར་བཏང་ཡོང་རྗེས་སླར་ཡང་རྒྱང་རིང་ལ་ཁྲིད་འགྲོ

ད་ལྟ། ཁོ་མོས་དངོས་ནས་གཞུང་ལམ་འགྲོ་བཞིན་པའང་ངས་ཤེས་ཡོད།
འདི་ནི་བུ་མོ་ཞིག་མ་རུ་གྱུར་བའི་བརྒྱུད་རིམ་ཆ་ཚང་ཡིན་ནམ།
འདི་ནི་སྙིང་ཉེ་བའི་བུ་མོ་ཞིག་ལ་སྦས་བསྐུང་བྱུང་བའི་ནོངས་འགྱོད་ཡིན་ནམ།

མི་ལོ་ག་ཙམ་འགོར་རྗེས།
ངས་ད་གཟོད་རེ་ཞིང་སྙེག་པའི་གྲོང་ཁྱེར་དེ་མཐོང་ཐུབ།
གྲོང་ཁྱེར་ལས་ཡིད་འོང་བའི་བུ་མོ་དེ་མཐོང་ཐུབ།
རྨི་ལམ་མིན་ལ་གྲིབ་གཟུགས་ཀྱང་མིན་པའི་བུ་མོ་དེ།
ད་ལྟ་དྲན་གྱིན་ཡོད་པའི་བུ་མོ་དེ།
ངས།  ཡང་བསྐྱར་མཐོང་ཐུབ།

2016/1/20ཉིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkdr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མར་མེ། སྤེལ་དུས:2018/11/1
ཡག་བྱུང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41285538
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1