ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་སྙན་དེབ་༼ཕར་རྒྱབ་ཀྱི་ལོ་ཟླ་༽བཀླགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་སྙན་དེབ་༼ཕར་རྒྱབ་ཀྱི་ལོ་ཟླ་༽བཀླགས
ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་སྙན་དེབ་༼ཕར་རྒྱབ་ཀྱི་ལོ་ཟླ་༽བཀླགས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/5/2ལྟ་ཀློག (8569)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྒྱུ་རྩལ་གྱི་ཉམས་སད་པའི་མདངས།

ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་སྙན་དེབ་༼ཕར་རྒྱབ་ཀྱི་ལོ་ཟླ་༽བཀླགས་པ།

      དེ་ཡང་སྙན་ངག་ནི་རྟོག་པའི་སྒྱུ་འཕྲུལ་གྱི་རྩལ་ལས་བྱུང་བའི་རྣམ་ཤེས་དང་དེའི་གྲོགས་སུ་བྱུང་བའི་ཤེས་རབ་ཟུང་འཇུག་གི་འཚོལ་སྙེག་ཞིབ་གཤེར་གྱི་ལོངས་སྤྱོད་ཉག་གཅིག་ཏུ་གྱུར་ཡོད་པ་གདོན་མི་ཟ་ཞིང་། རྣམ་ཤེས་ཀྱི་བཙའ་བཤིག་པ། རོལ་དབྱངས་ལའང་ཟ་འཕྲུག་སློང་བའི་ཚེ་སྲོག་གི་གཏིང་རུམ་ཞིག་ནས་ཐ་སྙད་དང་ཡིད་བརྙན། ཁ་དོག་དང་སྤྲོས་བརྗོད། གོ་རིམ་དང་བསྡུས་བརྗོད་ཅི་རིགས་ཀྱི་ལག་རྩལ་འདོད་དགུ་བ་ཞིག་གིས་དགའ་སྐྱོ་ཆགས་སྡང་གི་སྣོད་ལ་ཁ་གསབ་བྱས་ནས་སྙན་ངག་གམ་སྐད་ཆའི་སྒྱུ་རྩལ་གྱི་རིག་པ་སྔོགས་འདོན་བྱེད་བཞིན་མཆིས་སོ། ། དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་ཧྥ་རན་སའི་སྙན་ངག་པ་བྷོ་སྒྲེ་ལེ་ཨར་(波德莱尔Baudelaire.1821-1867)ནི་ལྷུག་རྩོམ་སྙན་ངག་ཅེས་པའི་རྩོམ་ཐབས་མི་འདྲ་བ་འདི་རང་རྐྱ་ཐུབ་པའི་རྩོམ་རིག་ཅིག་ཏུ་ངོས་འཛིན་དང་གསར་གཏོད་གནང་བའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་པ་ནས་བཟུང་། འཛམ་གླིང་རྩོམ་རིག་ངོས་འཛིན་གྱི་སྡིངས་ཆའི་ཁྲོད་སྔ་ཕྱིར་ལྷུག་རྩོམ་སྙན་ངག་གི་རང་མདངས་ཇེ་བཟང་དུ་གྱུར་ནས་ད་ལ་ཐུག་ཡོད། དུས་ཚོད་ཀྱི་ལྟོས་བཅས་དབང་གིས་བོད་ལའང་རྩོམ་རིག་གསར་བའི་ལོ་ལེགས་འཕེལ་རྒྱས་སུ་སླེབས་དང་སླེབས་མུས་སུ་ཡོད་ནའང་། བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཁྲོད་ལྷུག་རྩོམ་སྙན་ངག་གིས་འཕེལ་རྒྱས་ཀྱི་གོ་ས་ཅི་ཡང་ཟིན་མེད། དེ་བས་བོད་ཀྱི་ལྷུག་རྩོམ་སྙན་ངག་ནི་ཉམ་ང་ཞིང་འཁོས་ཀ་ཞན་པའི་རི་འདབས་ཀྱི་རྫི་བོ་བཞིན་དུ་སྐྱ་ཆད་སྔོ་སྡུག་ཅིག་ཡིན་ནའང་བཀྲ་ཤིས་རྣ་ནག་མ་དང་ལྷན་ཅིག་ཏུ། མི་རབས་གསུམ་པའི་སྙན་ངག་པ་ས་དཀྱིལ་ཚེ་བཀྲ་ལགས་ཀྱིས་ཡུལ་ཅན་རང་ངོས་ཀྱི་འཆར་སྒོ་ཡངས་པོར་ཕྱེས་པའི་བསམ་བཀོད་དང་། ཡུལ་རང་མཚན་གྱི་སྟེང་གི་ཞིབ་འབྲི་དང་དོན་བརྗོད། དེའི་བར་སྟོང་གི་དུས་ཚོད་དང་བརྩེ་དུངས། རྗོད་བྱེད་ཚིག་གི་ཆ་ནས་ཉུང་བསྡུས་རན་པའི་ལྷུག་རྩོམ་སྙན་ངག་གི་མགོ་དང་ཡན་ལག་ལ་དྭངས་གཙང་གི་བྱབས་ཁྲུས་བྱེད་ཀྱིན་གདའ་འོ་སྙམ།  ལྷུག་རྩོམ་སྙན་ངག་ནི་ལྷུག་རྩོམ་དང་སྙན་ངག་གཉིས་ཆར་ལ་ཉམས་རྒྱུས་ཕུན་སུམ་ཚོགས་པ་རྙེད་པའི་ཐོད་རྒལ་གྱི་རྩོམ་ཐབས་ཤིག་དང་། ཚེ་སྲོག་དང་རོལ་དབྱངས་ཀྱི་བདེན་པ་དེ་ནང་སེམས་ཀྱི་འཆར་ཡན་དང་ཕྱི་དངོས་ཡོད་ཀྱི་གནས་ལུགས་གཉིས་ལྷན་ཅིག་ཏུ་བསྲེས་པའི་ཉིང་བཅུད་དུ་རྩོམ་དགོས་པ་ཞིག་ཀྱང་རེད། དེ་ལྟར་ན་གཉུག་གཤིས་དང་ཚོར་བའི་ཁམས་ཡངས་པའི་ཀློག་པ་པོས་སྒྱུ་རྩལ་གྱི་རྟོགས་པ་ཀློང་བརྡོལ་དུ་ནང་བྱན་ཆུབ་ཐུབ་པའི་ཁྱད་ཆོས་མངའ།


ལྷུག་རྩོམ་སྙན་དེབ་༼ཕར་རྒྱབ་ཀྱི་ལོ་ཟླ༽ཞེས་པར་སྙན་ངག་པས་རང་ཉིད་ཀྱི་ལྷུག་རྩོམ་སྙན་ངག་རྣམས་«གངས»«སྒེའུ་ཁུང་»«གསང་ཉན»«རང་ཁྱིམ»«སེམས་ཚོར»ཞེས་པའི་ལེ་ཚན་ལྔ་རུ་བགོས་ཏེ་པར་དུ་བཏབས་ཡོད། དེ་དག་ལས་དམིགས་བསལ་གྱིས་གླེང་ན། ལྷུག་རྩོམ་སྙན་ངག་གངས་ཞེས་པའི་གངས་ཀྱི་ངོས་འཛིན་ནི་ཧ་ཅང་སླ་སྟེ།  དེ་ནི་སྙན་ངག་པ་ལ་འཇིག་རྟེན་འདིར་སྐྱོ་གར་གྱི་སྣང་བ་ཐོབ་རྗེས་སུ། ད་དུང་ཡང་རེ་ལྟོས་ཀྱི་མིག་ཟུང་གཏད་ས་དང་རྣ་བ་བླག་ས། འཁྲུལ་སྣང་གི་འཚོ་བའི་བར་སྟོང་དུ་ལྷིང་འཇགས་བསྐྲུན་པའི་བྱམས་སེམས་ཀྱི་ཕྱག་གཡས་བརྐྱང་མཁན་ནི་གངས་སོ།། སྙན་ངག་པ་ཁོ་ནར་མ་ཟད་གནས་འགྲོ་མ་དང་ཡུལ་གྱར་པ་དེ་དག་གི་ཡང་བསམ་པའི་རྩེ་ཟུག་ས་དང་འདོད་པའི་མཁོ་སོད་པའི་དྲན་གདུང་དང་ལེགས་སྨོན་ཀློང་གི་བསམ་གཞིག་གི་སྣེ་མོར་ཐོགས་པའི་མཐོ་སྒང་གི་མཆོད་རྟེན་ཞིག་ཀྱང་ཡིན་ངེས་སོ།། སྙན་ངག་པས་མི་རིགས་དང་འཆམ་མཐུན་གྱི་སྙིང་རྩ་དམ་པོར་བསྡམས་ནས་སུ་དང་གང་ཞིག་ལ་རེ་ཆད་སྐྱོ་སྡུག་གི་གནས་བབ་ལྷུག་པོར་བརྗོད་ནས་སེམས་ཀྱི་ལོག་ཕེབས་ལ་ཁ་བཏགས་ཕྱར་བཞིན་མཆིས། ལྷུག་རྩོམ་སྙན་ངག་གིས་དེ་ལྟར་དོན་བརྗོད་དང་བརྩེ་བའི་མེ་ལྕེ་དྲག་ཏུ་སྦར་ནས་དྲོད་ལམ་གྱི་སྣང་ཚོར་རྒྱང་རིང་དུ་སྐུར་བཞིན་ཡོད་ལ། སྙན་ངག་པས་ཁེར་རྐྱང་གི་གདུང་ཤུགས་སྙན་ངག་ལ་བཅངས་ནས་ནང་སེམས་ཀྱི་རེ་བཞག་ལ་བསྐྱར་གསོ་བྱེད་ཀྱིན་ཡང་འདུག་གོ །

སྙན་ངག་«རླུང་»ལས། “རྟོགས་བརྗོད་ཅིག་གི་ཆེད་དུ། ཚོར་དཀའ་བའི་དོགས་གཞི་མང་པོ་ཞིག་སྙིང་ཁར་འཚང་དུས། འཇའ་ཚོན་ལྟ་བུའི་ས་སྲོད་ཀྱི་གྲིབ་ངོགས་ནས། རླུང་། སྙིང་ལ་གཟན་པའི་བྱེ་རླུང་གི་འུར་སྒྲ་བཞིན་གོ་རིམ་མེད་པར་ཚོད་ཚོད་དུ་གཡུགས་པས། སུ་ཞིག་གི་ལྷིངས་འཇགས་དང་རྨི་ལམ་དཀྲོགས་ཤིང་། སུ་ཞིག་གི་དམིགས་ཡུལ་དང་བཞུད་ལམ་བཀག ”ཅེས་དང་དེ་འཕྲལ་དུ།“ རླབས་ཆེ་བའི་གནམ་འོག་ནི་རླུང་གི་ཕ་ས་ཡིན་ནམ།” ཞེས་རང་བྱུང་ལྷན་སྐྱེས་ཀྱི་གཏན་ཚིགས་འགུག་ཤུགས་ཅན་ཞིག་རང་ཆས་སུ་དྲངས་བ་འདིས། སྙན་ངག་པས་སྙན་ངག་གི་བླ་སྲོག་ལ་ཕྱིའི་སྣང་བརྙན་རི་ར་བྲག་ཁང་ཁྱིམ་སོགས་ཕྱི་ཤུན་ཙམ་གྱི་རྗེས་དཔག་གི་རིགས་ལམ་དང་། སྐད་ཆའི་བཞུར་ལམ་གྱི་རྦབ་རྡོ་གཡས་གཡོན་ནས་འདྲིལ་ཏེ། མཐར་སྐད་ཆའི་མཛེས་སྡུག་ཅིག་དང་གསོན་ཉམས་ཤིག་ཏུ་འགྱུར་བའི་རྒྱགས་ཕྱེ་བསྩལ་ཅིང་། ཡིད་ངོར་བཞེངས་པའི་སྙན་ངག་གི་བསམ་བཀོད་ལ་ཁ་དོག་གི་མཛེས་ཆས་སྤྲས་པ་དང་། ཀློག་པ་པོའི་བསམ་པའི་འཆར་ཡན་ཀློང་དུ་སྒྱུ་རྩལ་གྱི་འགུག་ཤུགས་བླ་ལྷག་ཅིག་སླེབས་ནས་དབུ་ལྕོག་ནང་དུ་ལྡེམ་བཞིན་དབྱངས་འགྲོས་ཀྱི་ཚེ་སྲོག་ལའང་དབུགས་དབྱུང་གསར་བ་ཞིག་བསྣན་ཡོད།  སྙན་ངག་པའི་གདུང་སེམས་སྙན་ངག་ཏུ་ཐིམ་ཞིང་། སྙན་ངག་གི་ལང་ཚོར་སྤྲུལ་བའི་གཟུགས་མེད་ཀྱི་ཚེ་སྲོག་དང་ཚེ་སྲོག་བར་གྱི་སྐད་ཆ་དེ་ཚོ། ཀློག་པ་པོའི་སྙིང་རྩ་ནས་ཤ་དང་སྐྱི་པགས་ཀྱི་སྦུབས་སུ་སིམ་འགྲོ་བ་དེ། སྙན་ངག་ལ་དགོས་སོགས་ཆོས་བཞི་ཞིག་འདྲེན་དགོས་པ་ཡིན་ཙང་། དེ་ནི་སྙན་ངག་གི་དགོས་པར་བགྲངས་ཆོག་པ་ཅིའི་ཕྱིར་མིན་གྲང་།  སྙན་ངག་པ་དང་སྙན་ངག་བར་གྱི་ཚོར་བའི་འདར་སྐྱོམ་གྱི་གསང་བརྡ་རེ་རེ་ནི། གཉུག་གཤིས་དག་པའི་ཀློག་པ་པོའི་བདེ་སྡུག་གི་ཆེད་དང་། ནང་སེམས་ཀྱི་སྡུག་ཡུས་དང་འཁང་ར། ཞེ་སྡང་དང་བཟོད་བསྲན། བརྩེ་དུངས་དང་བདེ་སྐྱིད་ཀྱི་རང་བཞིན་ལ་ངོས་འཛིན་གསར་བའི་ཤེས་རབ་ཀྱི་ཉིང་བཅུད་འབབ་པའི་ཕྱིར་དུ་འབྱུང་བ་ཡིན་ནོ། །

«ལམ་འགྲོ་བའི་སྙན་ངག་»ལས། “ནམ་རྒྱུན་འཇིགས་ཡེར་གྱི་ངོ་གདོང་ནག་པོའི་འོག་སྙན་ངག་རེ་བྲིས་ཤིང་། རལ་གྲི་ལྟ་བུའི་སྙན་ངག་རེ་བྲིས་རྗེས། རང་ཉིད་གཞི་ནས་སྡོམ་ཐག་ལྟ་བུའི་དྲ་རྒྱར་ཚུད་འདུག་པ་ཚོར།” བ་དང་། སྙན་ངག་ལས་མཐོང་བའི་དངོས་ཡོད་ཀྱི་འཚོ་བས་སྙན་ངག་པའི་ནང་སེམས་སུ་དགའ་སྐྱོ་ཅི་རིགས་ཀྱི་ཉམས་སྣང་ཅི་ཞིག་འདྲེན་གྱིན་ཡོད་ནའང་། རྣོ་ངར་ལྡན་པའི་མིང་ཚིག་གི་གྲུབ་གྲོལ་དང་གསེད་བཀྲོལ། ཀློང་ཡངས་པའི་འཆར་སྒོ་རྣོན་པོས་ཞིབ་བཀོད་དང་བློས་བསླངས་གྱ་ནོམ་པ་ཞིག་འཛུགས་བསྐྲུན་བྱས་རྗེས། སྙན་ངག་པར་བླ་ན་མེད་པའི་སོས་དལ་བག་ཕེབས་ཀྱི་དབུགས་དབྱུང་ཞིག་ཐོབ་ཅིང་རེག་པ་ནི། སྙན་ངག་པས་སྙན་ངག་བཞེངས་པའི་མི་སྒེར་གྱི་ཁེ་སྤོགས་རེད་ཅེས་བརྗོད་ཆོག  ལྷུག་རྩོམ་སྙན་ངག་ནི་སྤྱིའི་ཆ་ནས་ཀྱང་རང་བྱུང་ཁམས་ཀྱི་དྭངས་གསལ་གྱི་ཆུ་མོ། མཐོ་བརྗིད་ཀྱི་གངས་རི། མཐའ་ཡངས་པའི་རྩྭ་ཐང་ལྟར་འགྲོས་ལྷོད་ལ་དབྱངས་ཀྱི་འདེགས་འཇོག་ངེས་ཅན་ལྡན་པའི་གཅིད་སྡུད་རང་བཞིན་ཅན་ཞིག་ཏུ་མ་ཟད། ཡོངས་གྲགས་སུ། མིའི་བླ་སྲོག་དང་རྣམ་ཤེས་ཀྱི་རྒྱུ་བ་རྨང་ནས་སྐྱོམས་ལ་འཆར་རྟོག་གི་རྒྱུད་སྐུད་ལ་ངར་ལྡུད་པའི་བསམ་བློའི་སྙིང་སྟོབས་དང་དུངས་བརྗོད་གཉིས་ཆུ་ལ་ཆུ་བཞག་བཞིན་འདྲེས་པའི་གཅིག་གྱུར་གྱི་རྩོམ་ཐབས་སུའང་བཤད། དེ་ག་ནང་བཞིན་ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་སྙན་ངག་ཀྱང་རང་གི་ཚོར་བ་དང་འདུ་ཤེས་སྐྱ་འཐབ་ནས། འགྱུར་སྐྱེན་པ་དང་བཟློག་དཀའ་བའི་ནང་སེམས་ཀྱི་བག་ཆགས་རེ་ཟུང་ལས་བཅོས་མེད་དུ་བབས་པའི་ཆུ་མིག་ཅིག་དང་ནར་སོན་པའི་ལང་ཚོ་དང་རྫོབ་འཕྱིང་དུ་གྱུར་པའི་སྐྲ་ལོ་རླུང་གིས་བསྐྱོད་ཐེངས་ཤིག་རེད།

«མེ་ཕུང་»ལས། “མཚན་མོའི་ལྷིང་འཇགས་ལ་འགྲམ་པ་གླན་ཏེ་སྨྲ་བ་མེད་པའི་རྡོ་བའི་ཚོགས་མིག་ཆུ་བཞུར་བ་ཡང་ཁག་མི་འདུག་སྟེ། མེ་ཕུང་། མེ་ཕུང་གིས་མེས་པོའི་རྨི་ལམ་དུ་རྣག་འབྱམས་སུ་གྱུར་པའི་རུས་པ་དག་བདེན་པའི་ཨུ་ཚུགས་ཀྱིས་མེ་རུ་བསྲེགས་སོང་།  མེ་ཕུང་། སྤྲིན་པའི་རྒྱབ་རོལ་དང་ཆུ་མོའི་གཞོང་བ། ཡང་ན། སེམས་དང་སེམས་པའི་བར་ནས་སྐྱ་དམག་ཁྲི་སྟོང་གི་རྨིག་སྒྲས་བསྣུབ་མི་སྲིད་པའི་སྲོག་ལ་བརྒྱུས་ཤིང་སིམ་པའི་སྲོག་དེ་ཡིན།” མེ་ཕུང་ནི་ཇི་ལྟར་ཞིབ་ཕྲས་བརྗོད་ཀྱིན་བརྗོད་ཀྱིན། ལོ་རྒྱུས་ཤིག་གི་ཧྲག་བར་ནས་བྱེ་ཐང་གི་རྐང་རྗེས་འཚོལ་བ་བཞིན་མཐའ་མེད་པ། ཁ་ཕྱོགས་བྲལ་བ། ངེས་གཏན་མེད་པ། གློ་བུར་བ། ཆིག་རྐྱང་བ་དང་བཅས་པའི་སྣང་བའི་ལྡེབས་རིས་ཤིག་དང་འདྲ་ཞིང་།  རྣམ་པར་སྤྲུལ་བའི་དཀྱིལ་འཁོར་དང་བཅས་པའི་མེ་ཏོག་གི་སྐྱེད་མོས་ཚལ་ཞིག་ཏུ་ཆམ་ཆམ་དུ་བསྐྱོད་པ་ལྟར་རྣམ་རིག་བཙན་ཞིང་མཁའ་རླུང་བསིལ། གཡའ་དག་པ་དང་ལྷུན་ཆགས་པ། སྨྲ་བསམ་བརྗོད་འདས་ཀྱི་སྒྱུ་རྩལ་གྱི་བས་མཐར་ལྷུང་ནས་ཕྱོགས་བཞི་མཐའ་བརྒྱད་ལ་རྒྱང་ལྟ་བྱས་པ་དང་ཀུན་ནས་མཚུངས།  གང་ལྟར་ཡང་རང་ཉིད་ཀྱི་འཆར་ཡན་ཀློང་དུ་ཕྱེ་ལེབ་ཁྲ་བོའི་ཉམས་བརྒྱ་འོད་དུ་འབར་བ་དང་སྦྲགས་ཏེ། སྒྱུ་རྩལ་གྱི་རྟོགས་པ་སད་པའི་མདངས་ལ་ལྟ་ཞོར་ལྷུག་རྩོམ་སྙན་དེབ«ཕར་རྒྱབ་ཀྱི་ལོ་ཟླ»བཀླགས་པའི་རྗེས་བྱུང་མྱོང་རོལ་ལ་མཐའ་སྡོམ་ཞིག་བྱས་པའོ།།

རྨོག་ཐང་དཀར་གྱིས༼་ཕར་རྒྱབ་ཀྱི་ལོ་ཟླ༽བཀླགས་རིན་ཙམ་དུ་བྱ་རྫོགས་སྐད་ཅིག་མ་གཅིག་གི་ཡུན་དུ་སྦྱར།

2018/4/26


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2020/2/14
རྗེས་སུ་ཡི་རང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41131062
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1