ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གི་གསུང་འབུམ་འགྲེམ་སྤེལ་མཛད་སྒོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གི་གསུང་འབུམ་འགྲེམ་སྤེལ་མཛད་
ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གི་གསུང་འབུམ་འགྲེམ་སྤེལ་མཛད་སྒོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/6/3ལྟ་ཀློག (8721)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁྱབ་བདག་རྫོགས་ཆེན་པ༧པདྨ་སྐལ་བཟང་མཆོག་གི་གསུང་འབུམ་དབུ་འབྱེད་འགྲེམ་སྤེལ་མཛད་སྒོ་ཁྲིན་ཏུའུ་ནས་བསྡུས།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་མཆོག་ནི། ཕྱི་ལོ་༡༩༤༣ པ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར་མདོ་ཁམས་རྫ་ཆུ་ཁར་སྐུ་འཁྲུངས། དགུང་ལོ་ལྔ་ཡི་སྟེང་རྫོགས་ཆེན་མཁན་ཆེན་པདྨ་བཛྲ་རྩལ་གྱི་ཡང་སྲིད་གསུམ་པར་ངོས་བཟུང་ནས་རྫོགས་ཆེན་གདན་སར་མངའ་གསོལ། སྐུ་ན་ཆུང་ངུའི་དུས་ནས་དགེ་བའི་བཤེས་གཉེན་དམ་པ་མང་པོར་བསྟེན་ཏེ་གཞུང་ཆེན་བཅུ་གསུམ་གཙོར་གྱུར་མདོ་སྔགས་རིག་གནས་བཅས་པ་གསན་བཞེས་གནང་། དུས་འགྱུར་ཆེན་མོའི་ཡོ་ལངས་སྐབས་དགུང་ན་གཞོན་ཡང་དམ་པའི་རང་གཤིས་མ་འགྱུར་བ་མཁས་བཙུན་བཟང་པོའི་བདག་ཉིད་དུ་བཞུགས་ཤིང་སྐུ་གསུང་ཐུགས་རྟེན་གྱི་རིག་དངོས་མང་པོ་སྐུ་སྲོག་དང་བསྡོས་ཏེ་ཉར་བསྡུ་མཛད། གངས་ལྗོངས་བསྟན་པ་ཡང་དར་གྱི་སྐབས་སུ་བོད་ཀྱི་ཆོས་དང་རིག་གཞུང་སླར་གསོའི་ཕྱིར་དུ་ཉེ་རབས་བོད་ཁུལ་གྱི་ཆེས་ཐོག་མའི་རིག་གནས་གླིང་ཀ སི་ཁྲོན་བོད་ཡིག་སློབ་གྲྭ་རྫོགས་ཆེན་དུ་བཙུགས་པར་སློབ་ཁྲིད་འཆར་འགོད་དང་སློབ་ཁྲིད། རྒྱུགས་ཡིག་གཏན་འཁེལ་དང་དགེ་རྒན་གདན་ཞུ། རྫོགས་བྲིས་གསར་གཏོད་སོགས་ཕྱག་ལས་རྒྱ་ཆེར་གནང་། དེ་བཞིན་རྙིང་མའི་གདན་ས་ཆེན་མོ་རྫོགས་ཆེན་དགོན་པ་སླར་གསོའི་ཐུགས་ཁུར་ཆེད་བཞེས་མཛད་པ་དང་གེ་སར་རིག་གནས་ཀྱི་རྩ་ཆེའི་ཤུལབཞག་ལོ་རྒྱུས་བསྐྱར་གསོ་དར་སྤེལ་བཏང་།  ཕྱི་ལོ་༡༩༨༨ ལོ་ནས་མདོ་ཁམས་ཡུལ་གྱི་ལོ་རྒྱུས་རིང་ཤོས་ཀྱི་བཤད་གྲྭ་སྟེ། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོ་བསྐྱར་གསོ་རྒྱ་བསྐྱེད་མཛད་དེ་སྡེ་སྣོད་འཛིན་པ་སྟོང་ཕྲག་གཉིས་ལྷག་བསྐྱེད་སྲིང་བྱུང་། གངས་རིའི་ལྗོངས་ཀྱི་ཆོས་རིག་གི་སྒྲོན་མེ་སྦར་བའི་མཛད་རྗེས་ཟླ་མེད་དུ་སྐྱོང་བཞིན་སྐུ་བཞུགས་པ་དང་། ༢༠༡༦ ལོར་སྐུ་ཆས་ཉེར་སྤྱོད་སྟབས་བདེ་ཙམ་ལས་གཞན་བདོག་པའི་དངོས་པོ་ཡོད་ཚད་སྔར་སྐུའི་ཟུངས་ཁྲག་གིས་རྨང་གཞི་བྱས་ཏེ་གསར་འཛུགས་གནང་བའི་སྐལ་བཟང་ལེགས་བྱས་ཐེབས་རྩ་ཚོགས་པར་སྤྱི་ཚོགས་དགེ་ལས་སུ་ཕུལ། སྔར་གཞུག་ཏུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་བཅས་ནས་གསུང་རྩོམ་པོད་བཅུ་གྲངས་ཐེངས་དུ་མར་དཔར་སྐྲུན་འགྲེམ་སྤེལ་བྱས།
༢༠༡༨  ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི་《སྐལ་བཟང་ལེགས་བཤད་དཔེ་ཚོགས 》འགྲེམ་སྤེལ་བྱས། དེ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཁྲོད་བོད་ཀྱི་མཁས་པ་ཞིག་ལ་རྩོམ་དེབ་ཀྱི་གྲངས་མང་བའི་རྩོམ་པ་པོ་ཞིག་ཡིན།

       སྐལ་བཟང་ལེགས་བཤད་དཔེ་ཚོགས་དབུ་འབྱེད་འགྲེམ་སྤེལ་མཛད་སྒོ་བོད་རབ་རྒྱན་ས་ཁྱི་ལོའི་ཧོར་ཟླ་བཞི་བའི་ཚེས་བཅུ་དགུ་སྟེ། སྤྱི་ལོ་2018 ཟླ་ 6ཚེས་2 ཉིན་གྱི་ཞོགས་པའི་དུས་བཟང་དང་འགྲོགས་ནས་སྤོས་ལྡན་གྲོང་ཁྱེར་གྱི་ཤམ་བྷ་ལའི་གསོལ་མགྲོན་ཁང་ཆེན་མོ་རུ།  ཀྲུང་གོ་མཚོ་སྔོན་བོད་ཀྱི་གསོ་བ་རིག་པའི་དངོས་མང་ཁང་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས།  སི་ཁྲོན་ཞིང་ཆེན་སློབ་གྲྭ་ཆེན་མོའི་རིག་གནས་དངོས་མང་ཁང་། སི་ཁྲོན་ཞིང་ཆེན་བོད་བརྒྱུད་རིག་དངོས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། ཁྲིན་ཏུའུ་དར་རྒྱས་ཧི་མ་ལ་ཡ་རིག་གནས་སྒྱུ་རྩལ་དངོས་མང་ཁང་། པདྨའི་འོད་སྣང་ཚོགས་པ། སི་ཁྲོན་ཧྲན་ཤན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་བསྒྲུབས་བྱས་ནས་གཟབ་རྒྱས་ངང་འཚོགས་ཡོད་པ་དང་།

      འཚོགས་འདུ་དེར་འབྲེལ་ཡོད་རིམ་པའི་སྲིད་གཞུང་གི་དབུ་ཁྲིད་སོ་སོ་དང་། ལྷོ་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གྱི་སློབ་དཔོན་ཆེན་མོ། ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་བོད་བརྒྱུད་ནང་བསྟན་གྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་མཁས་དབང་རྣམ་པ་དང་།  སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་སྨིན་གྲོལ་གླིང་དང་། ཀཿཐོག དཔལ་ཡུལ། ཞེ་ཆེན་དགོན།  ཆོས་སྡེ་ཆེན་མོ་ཡ་ཆེན། གསེར་རྟ་བླ་རུང་།  ལི་མདོ་ཆོས་སྒར་གསུམ་ནས་ཕེབས་པའི་གལ་ཆེའི་མཁན་སྤྲུལ་རྣམ་པ་དང་། རྫོགས་ཆེན་གདན་ས་རང་གི་བསྟན་བདག་ཁྲི་པ་དང་མཁན་ཆེན་ཁྲི་ཟུར་དང་ཁྲི་པ་སོགས་ཞུགས་ཡོད།

《 བློ་བཟང་ལྷུན་འགྲུབ་རྡོ་རྗེས་གསུང་བཤད་གནང་བ། 》

        ད་དུང་ཧྲང་ཧེ་ཧྥོའུ་ཏན་སློབ་ཆེན།  ཀྲུང་དབྱང་མི་རིགས་སློབ་གླིང་། ལན་ཀྲུའུ་སློབ་ཆེན་དང་། ནུབ་བྱང་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་བོད་ཡིག་སློབ་གྲྭ་བཅས་སློབ་ཆེན་ཁག་གི་སློབ་དཔོན་ཆེན་མོ། རབ་འབྱམས་པ།  ཞིབ་འཇུག་པ། རྩོམ་པ་པོ།  རིག་གནས་སྡེ་ཁག་སོ་སོའི་ཆེད་ལས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དང་། སྐལ་བཟང་ལེགས་བཤད་དཔེ་ཚོགས་ཀྱི་གཙོ་སྒྲུབ་མི་སྣ་དང་། གཞན་ཡང་ཆེད་ལས་པ་སོགས་ཚོགས་ཞུགས་མི་གྲངས་གཉིས་བརྒྱ་ལས་བརྒལ་བ་ཆེད་ཕེབས་ཀྱིས་དངོས་ཞུགས་གནང་ཡོད་འདུག

     ཚོགས་འདུའི་བརྒྱུད་རིམ་ཀྱང་། སྔ་དྲོར་དབུ་འབྱེད་འགྲེམ་སྤེལ་གྱི་མཛད་སྒོ་དངོས་སུ་འཚོགས་ཏེ་གལ་ཆེའི་སྐུ་མགྲོན་དག་གིས་རྟེན་འབྲེལ་ཤིས་ཚིག་དང་འབྲེལ། ཁྱབ་བདག་རྫོགས་ཆེན་པ་༧སྐྱབས་རྗེ་པདྨ་སྐལ་བཟང་སྟེ། མཁྱེན་རབ་ཡེ་ཤེས་ཀྱི་མངའ་བདག སྡོམ་བརྩོན་བཙུན་པའི་ཁྱུ་མཆོག རིམ་གཉིས་རྣལ་འབྱོར་གྱི་དབང་ཕྱུག ཉམས་རྟོགས་གཟུངས་སྤོབས་ཀྱི་གཏེར་འཆང་། གངས་ལྗོངས་ཆོས་རིག་ཉམས་གསོ་ལ་བླ་ན་ལྷག་པའི་མཛད་པ་དགེ་བ། ཡང་སྙིགས་དུས་ཀྱི་མཐའ་འདིར་ཀུན་བཟང་ཐུགས་ཀྱི་བསྟན་པ་གསལ་བར་བྱེད་པ་ལ་སྨོན་ལམ་གྱི་མཐུ་གྲུབ་པའི་རིས་མེད་བསྟན་འཛིན་གྱི་གཙུག་ནོར་དམ་པ་གང་གིས། མདོ་སྔགས་རིག་གནས་དང་བཅས་པའི་བརྗོད་དོན་ཆ་ཚང་བ།

 《 ཁང་དཀར་ཚུལ་ཁྲིམས་སྐལ་བཟང་》

      རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་དྲངས་པའི་བཅད་ལྷུག་སྤེལ་མ་སོགས་སྙན་འཇེབས་བརྗིད་ཆགས་ཀྱི་ཉམས་བརྒྱས་ཡོངས་སུ་ཕྱུག་པའི་སྙན་རྩོམ་འབེལ་གཏམ་སྐོར་དང་།  སྒྲུབ་ལ་རྩེ་གཅིག་གཞོལ་བའི་བཅད་རྒྱའི་ཐུན་གསེང་རྣམས་སུ་རིས་སུ་མ་ཆད་པའི་སྐལ་ལྡན་གྱི་སློབ་ཚོགས་ལ།  ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་ནས་གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པའི་ཡང་རྩེ་ཨ་ཏི་ཡོ་གའི་གནད་གསང་ཐམས་ཅད་རྡོ་རྗེའི་གསུང་གིས་ལེགས་པར་བཀྲལ་བའི་རིན་བྲལ་འདོད་འབྱུང་གི་ཕ་ནོར་ཕྱི་རབས་བསྟན་པའི་བཙས་སུ་བསྩལ་བ། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་ཇི་སྙེད་ཅིག་མཆིས་པ་ལས། ཐེངས་འདིར་གཞི་རྒྱ་ཆེ་བའི་པོ་ཏི་མཚན་བཟང་སོ་གཉིས་ཀྱི་གྲངས་དང་ལྡན་པ་དངོས་སུ་པར་སྐྲུན་ལེགས་འགྲུབ་བྱུང་བའི་གསུང་འབུམ་ཉིད། 

        མིའི་རིགས་ལ་བླ་ན་མེད་པའི་ཤུལ་བཞག་གི་ནོར་བུ་ཆེན་པོ་ཞིག་ཡིན་ཚུལ་དང་། ཉེ་རབས་རྒྱལ་ནང་ལོ་རྒྱུས་ཁྲོད་གསུང་རྩོམ་མང་ཤོས་ཀྱི་བོད་ཀྱི་མཁས་དབང་ཞིིག་ཡིན་པའི་ངོས་འཛིན་བྱས། རྩོམ་པ་པོ་ཁོང་ནི་དུས་རབས་ལས་བརྒལ་བའི་རླབས་ཆེན་གྱི་མི་སྣ་ཡིན་ཞིང་། མཁས་དབང་ཁོང་གི་སྐུ་ཚེ་ཧྲིལ་པོ་བསྟན་དོན་དང་མི་རིགས་སློབ་གསོའི་ལས་དོན་ལ་ཕུལ་བའི་ཁྱད་དུ་འཕགས་པའི་མཛད་ཕྲིན་ལ་བཀའ་དྲིན་རྗེས་དྲན་དང་། ཚད་མཐོ་བའི་གདེངས་འཇོག་མཛད་པའི་གསུང་བཤད་གནང་འདུག མ་ཟད་སྤྱི་ཚོགས་སློབ་གསོའི་བྱ་བཞག་ལ་དུས་ཀུན་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་པའི་ལས་ཁུངས་དང་སྤྱི་གཉེར་ཁང་།   ལས་རིགས་འདྲ་མིན་གཉེར་བའི་སྒེར་བ་སོ་སོ་ནས་སྦྱིན་བདག་བྱས་ཏེ། ཕྱི་ནང་རྒྱལ་ཁབ་ཡོངས་གྲགས་ཀྱི་དཔེ་མཛོད་ཁང་དང་།   སློབ་ཆེན་ཁག་གི་དཔེ་མཛོད་ཁང་། ས་ཁུལ་སོ་སོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དང་། དགོན་སྡེ་དང་ཆོས་གྲྭ། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་སྔོན་མངགས་གནང་བ་ལྟར། གསུང་འབུམ་མཚན་བཟང་གི་གྲངས་དང་ལྡན་པ་ཚར་གྲངས་ཉིས་ཁྲི་ལས་བརྒལ་བ་ཆོས་སྦྱིན་གནང་བའི་རླབས་ཆེན་གྱི་མཛད་པ་བཟང་པོར། ཐོག་མཐའ་ཀུན་ཏུ་ཕྱག་ལས་གནང་མཁན་གྱི་མི་སྣ་ཡོངས་ལའང་བཀའ་དྲིན་ཞུས་འདུག

ལྷོ་རྒྱུད་ནང་བསྟན་གྱི་འཐུས་ཚབ་པ།

མདོ་འཛིན་པ། མཚོ་སྔོན་བརྙན་འཕྲིན་ཁང་གི་བཀྲ་ཤིས་དབང་ཕྱུག  ཁམས་པ་བརྙན་འཕྲིན་ཁང་གི་སྐལ་བཟང་དབང་མོ།

སྔ་དྲོའི་ལས་རིམ་རྫོགས་པའི་མཉམ་པར།

ཁྱབ་བདག་རྫོགས་ཆེན་པ་༧པདྨ་སྐལ་བཟང་མཆོག་གི་གསུང་འབུམ་དཔྱད་གླེང་ཚོགས་འདུ།

ཕྱི་དྲོའི་དཔྱད་གླེང་ཚོགས་འདུའི་ཟུར་དངོས་ཤིག

ཤེས་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་སོགས་ཀྱིས་གསུང་བཤད་གནང་བཞིན་པ།

དགུ་རོང་བསྟན་འཛིན་གྱིས་ཕྱི་དྲོའི་ལས་རིམ་ལ་མདོ་འཛིན་མཛད།

ཕྱི་དྲོའི་ཚོགས་འདུའི་ཡུལ་དངོས།

རྒན་བདུད་ལྷ་རྒྱལ་གྱིས་གསུང་བཤད་གནང་བཞིན་པ།

      ཕྱི་དྲོར་མཁས་དབང་བཞི་བཅུ་ལྷག་གིས་རྩོམ་པ་པོ་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེའི་སྐུ་ཚེའི་བརྒྱུད་རིམ་གྱི་རྣམ་ཐར་དང་འབྲེལ། གསུང་འབུམ་གྱི་བརྗོད་བྱའི་རིན་ཐང་སོགས་ཀྱི་སྒྲོམ་གཞིའི་ཐོག་ནས་དཔྱད་གླེང་གནང་ཞིང་། བརྗོད་བྱ་དོན་གྱི་སྙིང་པོ་མདོ་སྔགས་རིག་གཞུང་རྒྱ་མཚོའི་དགོངས་འགྲེལ་དག་ལས།མདོ་མཚན་ཉིད་ཐེག་པའི་གཞི་ལམ་འབྲས་བུའི་ཟབ་གནད་དེ།    བཀའ་ཆོས་འཁོར་རིམ་པ་གསུམ་གྱི་བརྗོད་དོན་ཡོངས་རྫོགས་ཉུང་ངུའི་ཚིག་གིས་ཆ་ཚང་བར་བསྡུས་ཤིང་གདམས་ངག་གིས་གསལ་བར་བཀྲལ་བའི་ཁྱད་ཆོས་དང་།  ཁྱད་པར་ནང་རྒྱུད་སྡེ་གསུམ་སྤྱི་དང་། བྱེ་བྲག་སེམས་བདེ་རྫོགས་ཆེན་གྱི་ལྷ་སྒོམ་སྤྱོད་འབྲས་དང་བཅས་པ་མན་ངག་གི་དྲོད་བཅུད་མ་ཡལ་བར་བསྟན་ཚུལ་སོགས། མདོར་ན་མདོ་སྔགས་རིག་གནས་དང་བཅས་པའི་བརྗོད་དོན་ཆ་ཚང་བའམ་ནང་ཆོས་མཚན་ཉིད་རིག་པ། སྤྱི་ཚོགས་སེམས་ཁམས་རིག་པ། རྩོམ་རིག་སྙན་དངགས། ནང་བསྟན་སྤྱི་ཚོགས་སློབ་གསོ་དང་། ལོ་རྒྱུས་སོགས་གངས་ལྗོངས་བཅུ་ཕྲག་རིག་གནས་ཀྱི་ཉིང་བཅུད། རྨད་བྱུང་ལེགས་བཤད་ཀྱི་གསུང་འབུམ་འདི་ནི་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་ཉག་གཅིག་ཏུ་འཁུམས་ཤིང་། འཛམ་གླིང་རིག་གནས་བང་མཛོད་ཁྲོད་དུ་མཛེས་སྡུག་རབ་ཏུ་བཀྲ་བའི་མེ་ཏོག་གི་ཕྲ་ཚོམ་ཞིག་ཏུ་གྲུབ་ཡོད་ཚུལ་དང་། འདི་ནི་ཡང་སྙིགས་དུས་ཀྱི་མཐའ་འདིར་སྤྱི་བྱེའི་རྒྱལ་བསྟན་རིན་པོ་ཆེ་གསལ་བར་བྱེད་པའི་སྒྲོན་མེ་དང་། མི་རབས་ཤིག་དང་དུས་རབས་ཤིག་གི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གྲུབ་ཆ་མཚོན་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་ཚད་མཐོ་བའི་གདེངས་འཇོག་དང་ངེས་གཏན་གནང་ཡོད་འདུག

     མཛད་སྒོ་དེར་སི་ཁྲོན་བརྙན་འཕྲིན་ཁང་དང་། ཁྲིན་ཏུའུ་བརྙན་འཕྲིན་ཁང་། ཁམས་པའི་བརྙན་འཕྲིན།   བོད་མིའི་རིག་གནས་དྲ་རྒྱ།  གངས་ལྗོངས་ཉི་གཞོན། མཆོད་མེ་རྩོམ་རིག་དྲ་བ། བཙན་པོ་མགར་དྲ་བ། གངས་ལྗོངས་ཤེས་རིག་དྲ་བ། རྫོགས་ཆེན་དྲ་བ་བཅས་ཀྱི་འཕྲིན་སྦྱོར་ཁང་དངོས་སུ་ཕེབས་ཡོད་པ་དང་།   ཀྲུང་གོ་ཉིན་རེའི་ཚགས་པར་དྲ།   མདོ་ལྷོ་དྲ་བ།  ཀྲུང་གོ་ན་གཞོན་དྲ།    ཀྲུང་ཧྭ་དྲ།    རྒྱལ་སྤྱིའི་དྲ་ལམ།   ཀྲུང་གོའི་དྲ་བ།  ཧྥིན་ཧོང་དྲ་ལམ།       ཀྲུང་གོ་བོད་ཀྱི་དྲ་བ།    མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།       མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བ།    སྔགས་མང་ཞིབ་འཇུག་ཁང་།  ཁམས་པའི་དྲ་བ་སོགས་འཕྲིན་སྦྱོར་ཁང་གང་མང་ཞིག་གིས།    ས་གནས་སོ་སོ་ནས་དོ་ཁུར་དང་བརྒྱུད་འགོད་བྱེད་བཞིན་ཡོད་འདུག 

གསར་འགྱུར་མཁོ་སྤྲོད་པ།  རྫོགས་ཆེན་དོན་འགྲུབ་རྡོ་རྗེ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30s6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/15
སྐུ་ཚེ་མི་འགྱུར་རྡོ་རྗེ་ཞེས་སུ་བརྟན།། འཕྲིན་ལས་མཛད་པ་ཕྱོགས་ཀྱི་འཁོར་ལོ་ཁྱབ།
 སྤེལ་མཁན: ཀ སྤེལ་དུས:2018/6/4
ངོ་མ་ཡག་པོ་རེད། ལྷག་ཏུ་གྲུབ་མཐའ་རིས་མེད་དང་སྐྱ་སེར་རིས་མེད་ཀྱི་མཁས་དབང་རྒན་གཞོན་ཐམས་ཅད་མཉམ་དུ་འཛོམས་པ་ནི་ཨེ་མ་ཧོ་རྨད་བྱུང་བསྐལ་བ་བཟང་སྙམ།
 སྤེལ་མཁན: ངོ་མ་ཡག་པོ་རེད། སྤེལ་དུས:2018/6/4
སི་ཁྲོན་ཟེར་བ་ན་ངོ་མ་མི་འཇོན་ཐང་ཅན་མང་གི འདི་ལྟ་བུ་ཞིག་འཚོགས་ཐུབ་པ་ལའང་ཞིང་ཆེན་གཞན་པ་ཚོས་སློབ་སྦྱོང་དང་ནུས་ཤུགས་འདོན་དགོས་པ་རེད། རྫོང་དང་ཁུལ་རིམ་པས་ཀྱང་འདི་ལྟ་བུ་བསྒྲུབ་པ་དཀའ་ཚོད་རེད། ངོ་མ་ཡག་པོ་རེད། ལྷག་ཏུ་གྲུབ་མཐའ་རིས་མེད་དང་སྐྱ་སེར་རིས་མེད་ཀྱི་མཁས་དབང་རྒན་གཞོན་ཐམས་ཅད་མཉམ་དུ་འཛོམས་པ་ནི་ཨེ་མ་ཧོ་རྨད་བྱུང་བསྐལ་བ་བཟང་སྙམ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41335581
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1