ད་ལྟའི་སྣང་ཡུལ་འདི་ལ་ཧ་ཅང་སུན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ད་ལྟའི་སྣང་ཡུལ་འདི་ལ་ཧ་ཅང་སུན།
ད་ལྟའི་སྣང་ཡུལ་འདི་ལ་ཧ་ཅང་སུན།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/6/4ལྟ་ཀློག (2427)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ད་ལྟའི་སྣང་ཡུལ་འདི་ལ་ཧ་ཅང་སུན།

ཐེ་བོ་དཀོན་སེང་།

སྟོན་ཟླའི་མཛེས་པ་བསླུ་བའི་ལྷ་མོ་ཁྱེད།།
བདག་མགྲིན་པད་མའི་གདན་ལ་ངལ་གསོ་བཞིན།།
ངག་གི་དངོས་གྲུབ་དྲོད་རླངས་མ་ཡལ་བར།།
ངག་སྒོ་ཡངས་པོར་འབྱེད་པའི་རམ་སྐྱོར་མཛོད།།

སྡིག་སྲིན་མཆེ་བར་གཙིར་བའི་འཇིག་རྟེན་འདིར།།
ལུས་སེམས་སྒྲོག་གིས་བཅིངས་པའི་མི་བུ་རྣམས།།
ལྕི་མོའི་ཁྲལ་ལས་ཤིག་གིས་མི་བཏང་བས།།
འཛད་མེད་འདི་སྣང་ལས་ལ་ཧ་ཅང་སུན།།

ཡང་ཡང་འགྱུར་བས་དགྲ་གཉེན་ཡིད་བརྟན་མེད།།
ཕན་ཚུན་འཐབ་འཁྲུགས་ལན་གྲངས་དུ་མར་བྱས།།
མི་ཡུལ་གང་དུ་རྩོད་གླེང་རྒྱུན་མི་ཆད།།
གཡུལ་སའི་འཇིག་རྟེན་འདི་ལ་ཧ་ཅང་སུན།།

ནང་འཁྲུག་ཁྲག་གི་ཐིགས་པས་ཁོར་ཡུག་སྦགས།།
ཀླད་ཞོ་ས་ལ་གཏོར་བས་གཞི་བདག་འཁྲུགས།།
ལས་ལན་སད་སེར་ཐན་པས་གོད་ཁ་རྒོད།།
མེད་མུག་སྨྲེ་སྔགས་སྒྲ་ལ་ཧ་ཅང་སུན།།

དགའ་དུས་ལྷ་ལ་མཆོད་ཀྱང་བཞེས་མཁན་མེད།།
སྡུག་དུས་མི་ལ་རེ་ཡང་སྐྱོབ་མཁན་མེད།།
ལྷ་མི་ཀུན་གྱི་མིག་ལ་མི་འཛའ་བའི།།
ཕུང་དཀྲུགས་སྦྱོར་བའི་ལས་ལ་ཧ་ཅང་སུན།།

གང་ཞིམ་ཟས་ལ་རོལ་ཀྱང་བྲོ་བ་བྲལ།།
གང་མཛེས་ཡུལ་གྲུ་འགྲིམས་ཀྱང་སྐྱིད་ཉམས་བྲལ།།
གང་སྙན་དབྱངས་ལ་གསན་ཀྱང་སྙན་ཆ་བྲལ།།
སྡུག་ཉམས་མོད་པའི་འཁོར་བར་ཧ་ཅང་སུན།།

དབེན་པར་བག་ཡངས་འཚོ་བའི་རི་དྭགས་ཀྱང་།།
བརྩེ་མེད་རྔོན་པའི་མདའ་ཡིས་རྒྱུན་དུ་འཚེ།།
སྲོག་ཆགས་སུ་ཡང་འཆི་བས་མནར་ངེས་པས།།
སྐྱེ་བའི་མཁར་མཛོང་འདི་ལ་ཧ་ཅང་སུན།།

ཕྱོགས་དང་རིས་སུ་བཅད་པའི་གཡོ་འཕྲུལ་གྱིས།།
བཟང་ངན་མཚན་གྱི་སྒྲོ་སྐུར་མང་དུ་འདོགས།།
ཆགས་སྡང་བློ་ཡིས་མི་ཡུལ་ཐམས་ཅད་རྙོག།
ཞེ་སྡང་འཕེལ་བའི་ཡུལ་ལ་ཧ་ཅང་སུན།།

མངོན་གྱུར་གདོང་ན་དགའ་བའི་འཛུམ་ཉམས་སྟོན།།
ལྐོག་གྱུར་རྒྱབ་ན་ངན་ཇུས་ཡོད་དགུ་བཤམས།།
མངོན་ལྐོག་བར་ན་ཕམ་ཁ་མང་མཐུག་སའི།།
ཡུལ་གྲུ་དེ་ལ་ང་རང་ཧ་ཅང་སུན།།

ཕྱི་ཡི་ཁོར་ཡུག་ལྷ་ཡི་ཚལ་དང་མཚུངས།།
ནང་གི་འབྱོར་བ་མིག་སྐྱའི་མཛོད་ལ་འགྲན།།
ཚན་རྩལ་འཕྲུལ་གྱིས་སྲིད་པ་གཡོམ་གཡོམ་བསྒུལ།།
བརྩེ་མེད་ཚན་རྩལ་དཔལ་ལ་ཧ་ཅང་སུན།།

གྲོང་དང་གྲོང་ཁྱེར་སྐད་ཅིག་ཡུན་ཙམ་ལ།།
རྨང་ནས་བསྣུབས་པའིི་ནུས་པ་ཆེར་རྫོགས་པའི།།
མེ་ཤུགས་འཕུར་མདའ་རབས་དང་རིམ་པ་ཞིག།
སྐྲུན་པའི་ལག་ཤེས་ཅན་ལ་ཧ་ཅང་སུན།།

ཁྲེལ་མེད་དཔའ་བོར་བཙན་པོའི་མཚན་སྙན་འདོགས།།
གཡོ་ཅན་མི་ལ་མཁས་པའི་ཆོ་ལོ་བསྩལ།།
དྲང་བོའི་མི་ལ་བླུན་པོའི་མིང་གིས་བརྙས།།
དེང་གི་སྤྱི་ཚོགས་འདི་ལ་ཧ་ཅང་སུན།།

མིག་ནས་མཆི་མ་འཐོར་ཀྱང་ཡིད་མི་ཆེས།།
ཁ་ནས་གནའ་རྒན་བསྐྱལ་ཀྱང་བདེན་མི་འཛིན།།
སྤྱི་ཚོགས་རུལ་བའི་ཤན་ཞུགས་ནུས་པ་ཡིས།།
ལྷད་པའི་མི་ཚོགས་འདི་ལ་ཧ་ཅང་སུན།།

མཐོན་པོའི་དབང་དང་ཕྱུག་པོའི་རྒྱུ་དག་གིས།།
སྣུབ་ནུས་མི་ཡིས་བཟོས་པའི་མི་ཁྲིམས་རྣམས།།
ཉམ་ཐག་མི་བུ་རྔོ་བའི་དམྱལ་ཟངས་དེ།།
འཁྱོག་པོའི་ཁྲིམས་ལུགས་འདི་ལ་ཧ་ཅང་སུན།།

གནམ་གྱིས་ང་ཚོར་གནང་བ་མུན་ནག་སྤྲིན།།
ས་ཡིས་ང་ཚོར་བསྩལ་བ་འདམ་རྙོག་ཁུ།།
གནམ་ས་ཁྲོས་པའི་ལས་ལན་སྨིན་པའི་འབྲས།།
སྡུག་གི་རྒྱ་མཚོ་འདི་ལ་ཧ་ཅང་སུན།།

མི་རྒྱུད་མི་གཅིག་མི་རིགས་སྣ་ཚོགས་པའི།།
མི་ཚང་གྱུར་བའི་མི་ཁྱིམ་གོ་ལ་འདི།།
མི་དཔོན་རེ་འགའ་ཞིག་གིས་བརླག་ཉེ་བས།།
མི་སྤྱོད་ངན་པའི་རིགས་འདིར་ཧ་ཅང་སུན།།

ང་ལ་མཛེས་པ་ཁྱོད་ལ་མི་སྡུག་ཅིང་།།
ཁྱེད་ལ་མངར་བ་ང་ལ་ཁ་བར་འགྱུར།།
བལྟ་བྱ་གཅིག་ལ་མི་མཐུན་སྣང་ཚུལ་མང་།།
མི་མཐུན་ཁ་རྩོད་བྱུང་བར་ཧ་ཅང་སུན།།

རྟོག་བློ་འཁྲུལ་བར་མཁས་པས་ཐག་བཅད་ཀྱང་།།
མཁས་རྣམས་རྟོག་སྣང་རྗེས་སུ་རྒྱུག་རྐྱང་བྱེད།།
གྲུབ་མཐའི་ཕྱོགས་ཞེན་མཁས་ལས་མཁྲེགས་ཤིག་མེད།།
ཕྱོགས་ཞེན་འཛིན་པ་འདི་ལ་ཧ་ཅང་སུན།།

ལས་དབང་མི་མཚུངས་ལས་རིགས་སྣ་མང་གིས།།
ལས་ཀྱི་རྣམ་སྨིན་སྐྱིད་སྡུག་སྣ་ཚོགས་ཤིག།
མི་མྱོང་རང་དབང་བྲལ་བའི་གཤིས་ཀ་འདིས།།
མི་དགེ་སྡིག་ལས་འདི་ལ་ཧ་ཅང་སུན།།

གྲྭ་བ་གྲྭ་བའི་ས་ནས་སྡུག་བསྔལ་ཞིག།
ཁྱིམ་པ་ཁྱིམ་པའི་ས་ནས་སྡུག་བསྔལ་ཞིག།
མི་འདོད་སྡུག་བསྔལ་སྐྱེད་པའི་ཁྲལ་ལས་ལ།།
བཙན་སྦྱོར་མ་རིག་བྱེད་པོར་ཧ་ཅང་སུན།།

ཀུན་འབྱུང་རྨུ་ཐག་གཏན་བཅད་མ་ཐུབ་པར།།
སྡུག་བདེན་འཁོར་བར་ཡང་ཡང་འཁོར་དགོས་པས།།
འགོག་འཐོབ་ཐབས་ལམ་བསྒྲུབ་པར་བརྩོན་པ་ལ།།
གེགས་བྱེད་ལེ་ལོའི་དགྲ་བོར་ཧ་ཅང་སུན།།

ཡུལ་གྱི་ཡག་བཙོག་ནང་གི་རྟོག་པས་བཞག།
ནང་གི་རྣམ་རྟོག་ཕྱི་ཡི་ཡུལ་ལས་སྐྱེས།།
ཕན་ཚུན་བརྟེན་པའི་ལྟ་གྲུབ་ཟབ་གསལ་གྱིས།།
ལྷན་སྐྱེས་བདེན་འཛིན་མཁྲེགས་པོར་ཧ་ཅང་སུན།།

དུག་གསུམ་ནུས་པས་སེམས་པ་ཡོངས་སུ་ལྷད།།
སེམས་ལ་སྣང་ཚད་འཁྲུལ་སྣང་བརྙན་གྱིས་ལྷད།།
བརྙན་རིས་བདེན་པར་ཞེན་པའི་བསླུ་བྲིད་འདིས།།
སྒྱུ་མའི་སྣང་བརྙན་འདི་ལ་ཧ་ཅང་སུན།།

ཅི་ལ་བལྟས་ཀྱང་སྐྱོ་བའི་ཉམས་ཀྱིས་ཁེངས།།
སུ་དང་འགྲོགས་ཀྱང་སྡུག་གི་ཉམས་ལས་མེད།།
ཅི་ཞིག་རྩོམ་ཡང་སྡུག་གི་སྣོན་པར་འགྱུར།།
ད་ལྟའི་སྣང་ཡུལ་འདི་ལ་ཧ་ཅང་སུན།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
db3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རོལ་གྲོལ། སྤེལ་དུས:2018/6/5
ནང་དོན་ཡག་ཀྱང་། རྩོམ་ཚུལ་ནི། སྙན་ངག་རིགས་གཅིག་ལས་ཉམས་འགྱུར་སྣ་ཚོགས་མེད་པ་ཞིག་ཏུ་སྣང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41350506
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1