ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ཁག་གཅིག་གིས་དྲིས་ལན་ཕྱོགས་བསྒྲིགས།
དྲི་ལན་གནང་མཁན།
སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས།
དྲི་བ་དང་པོ།
སངས་རྒྱས་ཞེས་པའི་དོན་གང་ཞིག་རེད་དམ།
ལན།
སངས་རྒྱས་ཞེས་པ་རྒྱ་གར་སྐད་དུ་བུདྡྷ་ཞེས་པ་དེའི་ཐོག་ནས་བཤད་དགོས་པ་ཡིན། དེ་ཡང་བུདྡྷ་ཞེས་པ་གནས་ལུགས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་འཇུག་པས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པ་ལ་སངས་རྒྱས་ཞེས་བརྗོད་དགོས། བོད་སྐད་དུ་དོན་བསྒྱུར་བྱས་པས། སངས་ཞེས་པ་ཉོན་མོངས་པ་དང་ཤེས་སྒྲིབ་ཀྱི་གཉིད་ལས་སངས་པ་དང་། རྒྱས་ཞེས་པ་ཤེས་བྱར་བློ་གྲོས་རྒྱས་པ་ལ་བྱེད་དགོས། དེ་ཡང་རྒྱ་གར་སྐད་དུ་བུདྡྷ་ཞེས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་མཐར་ཕྱིན་པའི་དོན་ནི། བོད་སྐད་དུ་བསྒྱུར་བའི་ཚེ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་སྒྲིབ་བྱེད་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་དག་ཚུལ་སངས་ཞེས་པས་བསྟེན་པ་དང་། དྲི་མས་དག་པ་ན་ཤེས་བྱ་མཐའ་དག་གི་གནས་ལུགས་ལ་ཐོགས་པ་མེད་པར་འཇུག་པའི་ཚུལ་རྒྱས་ཞེས་པས་བསྟེན་པ་ཡིན་ནོ།།
མདོར་ན། སངས་ཞེས་པས་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀྱིས་དག་པའི་སྤངས་པ་ཕུན་ཚོགས་དང་། རྒྱས་ཞེས་པས་ཤེས་བྱ་མཁྱེན་པ་མཐར་ཕྱིན་པའི་རྟོགས་པ་ཕུན་ཚོགས་ཏེ་དོན་གཉིས་ཕུན་ཚོགས་ལ་སངས་རྒྱས་ཞེས་བརྗོད་པ་ཡིན།
དྲི་བ་གཉིས་པ།
སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཀྱི་རྩ་བ་གང་དག་ཡིན་ནམ།
ལན།
འདི་ནི་གཞིའི་དངོས་པོའི་གནས་ལུགས་དེ་རེད། དེ་ཡང་ཆོས་ལུགས་འདིའི་ལྟ་གྲུབ་ཐམས་ཅད་ཀྱི་དགོས་མཁོ་ནི་མཐར་གཏུགས་ན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཀྱི་ཆེད་ཡིན་པས་ནང་པའི་ལྟ་གྲུབ་ཀྱི་རྩ་བ་ནི། བདེན་པ་བཞི་ལ་ངོས་འཛིན་དགོས་པ་ཡིན། དེ་ཉམས་སུ་ལེན་ལུགས་ལ་ཡང་ཐེག་པ་ཆེ་ཆུང་གཉིས་དང་། ཐེག་པ་ཆེན་པོའི་ལུགས་ལ་མདོ་སྔགས་གཉིས་ཡོད་པ་ཡིན། མདོ་སྔགས་གང་གི་ལུགས་ལྟར་ན་ཡང་ལྟ་བ་རྟེན་འབྲེལ་གྱི་ལྟ་བ་དང་། སྤྱོད་པ་འཚེ་བ་མེད་པ་ཞེས་པ་དེ་གཉིས་སུ་འདུས་པ་ཡིན། ཐེག་པ་ཆེན་པོའི་ལུགས་ཀྱི་ལྟ་གྲུབ་ཐམས་ཅད་ཀྱི་རྩ་བ་ནི། ལྟ་བ་རྟེན་འབྱུང་གི་ལྟ་བ་དང་། དེ་ལ་བརྟེན་ནས་སྤྱོད་པ་འཚེ་བ་མི་བྱེད་པ་འདི་གཉིས་ཡིན། དེ་ཡང་གཞིའི་དངོས་པོའི་གནས་ལུགས་བདེན་པ་གཉིས་དང་བདེན་པ་བཞི་པོ་རྩ་བ་བྱས་ནས་དེ་ལས་ལམ་བགྲོད་པའི་རིམ་པ་དང་། དེ་ལས་འབྲས་བུ་མངོན་དུ་བྱེད་པ་དེ་ཡོང་གི་ཡོད་པས་ནང་པའི་ལྟ་གྲུབ་ཐམས་ཅད་ཀྱི་རྩ་བ་བདེན་པ་བཞི་འཇོག་དགོས་པ་ཡིན། དེས་ན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོར་བསྐོར་བའི་ཚེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་གཞི་དངོས་པོའི་གནས་ལུགས་དང་། སྡུག་བསྔལ་ཤེས་པར་བྱ། ཞེས་ལམ་བགྲོད་པའི་རིམ་པ་དང་། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཅེས་འབྲས་བུ་མངོན་དུ་བྱེད་ཚུལ་གསུངས་པ་ལྟར། ཀུན་འབྱུང་སོགས་ལ་ཡང་དེ་ལྟར་སྦྱོར་དགོས་ཤིང་། རྒྱུད་བླ་མ་དང་མངོན་རྟོགས་རྒྱན་གཉིས་ཀ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། ། བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་གཞི་དངོས་པོའི་གནས་ལུགས་དང་། ཡང་དག་ཉིད་ལ་ཡང་དག་ལྟ། །ཞེས་གནས་ལུགས་དེ་བསྒོམ་པའི་ཚུལ་ལམ་བགྲོད་པའི་རིམ་པ་དང་། ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་ལམ་བསྒོམས་པ་ལས་འབྲས་བུ་འཐོབ་ཚུལ་ཤིན་ཏུ་གསལ་བར་གསུངས་པ་འདི་དག་ཐམས་ཅད་ཀྱི་རྩ་བ་བདེན་པ་བཞི་ལས་བརྩམས་ནས་བཤད་དགོས་པ་ཡིན།
དྲི་བ་གསུམ་པ།
ནང་ཆོས་ཀྱི་སྙིང་པོ་གང་ཡིན་ནམ།
ལན།
དྲི་བ་འདི་གནད་ཆེ་བ་ཞིག་ཡིན། སྤྱིར་ནང་པའི་ཆོས་ཞེས་པ་ལ། སློབ་དཔོན་འཕགས་པ་ལྷའི་གཞུང་བཞི་བརྒྱ་པའི་རབ་བྱེད་བཅུ་གཉིས་པ་ལས། ཤཱཀྱ་གོས་མེད་བྲམ་ཟེ་སྟེ། ། གསུམ་པོ་རྣམས་ཀྱིས་ཆོས་ཡིད་དང༌། །མིག་དང་རྣ་བ་ཡིས་འཛིན་པ། །དེ་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ། །ཞེས་ཆོས་ལ། ཤཱཀྱ་ཐུབ་པའི་ཆོས་དང་། གོས་མེད་གཅེར་བུའི་ཆོས་དང་། བྲམ་ཟེ་རིག་བྱེད་པ་རྣམས་ཀྱི་ཆོས་ཞེས་འདོད་ཚུལ་གསུམ་བྱུང་ཞིང་། གོས་མེད་གཅེར་བུ་བས་ཆོས་ཞེས་པ་ལུས་ཀྱི་ཆོས་ཏེ། ཕྱི་ཚུལ་གྱི་ལུས་ཀྱི་རྣམ་པ་མིག་གིས་མཐོང་ཆོས་སུ་ཡོད་པ་ལ་ཆོས་སུ་འདོད་པ་དང་། བྲམ་ཟེ་རིག་བྱེད་པ་རྣམས་ཀྱིས་སྒྲའི་རིག་བྱེད་རྣ་བས་ཐོས་པར་བྱ་བ་ལ་ཆོས་སུ་འདོད་པ་དང་། ཤཱཀྱ་ཐུབ་པས་སྟོང་རྟེན་འབྲེལ་གཅིག་གྲོགས་གཅིག་ཏུ་སོང་བ་ཡིད་ཀྱིས་འཛིན་པ་དེ་ལ་བརྟེན་ནས་གཞན་ལ་འཚེ་བ་སྤངས་པའི་ཡིད་ལ་ཆོས་སུ་འདོད་ཚུལ་གསུམ་ལས། ནང་པའི་ཆོས་དེ་ཟབ་ཅིང་ཕྲ་བར་གསུངས་སོ། །དེ་ལ་ནང་པའི་ཆོས་ཞེས་པའི་གོ་དོན་མདོར་བསྡུས་ནས་བཤད་ན། སློབ་དཔོན་འཕགས་པ་ལྷས། ཆོས་ནི་མདོར་ན་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ །ཞེས་དམ་པའི་ཆོས་ཀྱིས་བསྒྲུབ་བྱ་ལ་མངོན་མཐོ་དང་ངེས་ལེགས་གཉིས་སུ་འདུས་པས་སྒྲུབ་བྱེད་ཀྱི་ཐབས་ལ་ཡང་མངོན་མཐོ་སྒྲུབ་བྱེད་ལས་རྒྱུ་འབྲས་བརྩི་སྲུང་བྱེད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དེའི་ཐོག་ནས་གཞན་ལ་མི་འཚེ་བ་དང་། ངེས་ལེགས་སྒྲུབ་བྱེད་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བྱེད་པར་གསུངས་པས་ནང་ཆོས་འདི་འགྲོ་བ་ཡོངས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་དམ་པ་ཞིག་ཡིན། མདོར་བསྡུས་ཏེ་བཤད་ན། ནང་པའི་ཆོས་ཀྱི་སྙིང་པོ་ནི། གཞན་ལ་ཕན་འདོགས་མ་ནུས་ནའང་གཞན་ལ་གནོད་པ་དང་འཚེ་བ་མི་བྱེད་པའི་ཐོག་ནས་གང་ཟག་རང་རང་གི་སེམས་འདུལ་བའི་ཐབས་ཤིག་ལ་གོ་དགོས་ཤིང་། ལྷག་པར་ཐེག་པ་ཆེན་པོའི་ཆོས་ཀྱི་སྙིང་པོ་ནི་གཞན་ལ་འཚེ་བ་མི་བྱེད་པ་མ་ཟད་གཞན་ལ་ཕན་པ་འབའ་ཞིག་སྒྲུབ་བྱེད་ཞིག་ལ་འཇོག་དགོས་པ་ཡིན་ནོ།། གཟའ་འཁོར་རེའི་གཟའ་ལྷག་པར་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་གིས་གནང་བའི་དྲི་ལན་རྣམས་ཕྱོགས་བསྒྲིགས་བྱས་ཏེ་མུ་འགོད་བྱ་རྒྱུ་ཡིན་པས་དེ་དོན་དགོངས།
དྲི་བ་བཞི་པ།
སངས་རྒྱས་པའི་ཆོས་ཀྱི་སྤྱོད་པ་འཚེ་བ་མེད་པ་ཞེས་པའི་དོན་གང་ཞིག་རེད་དམ།
ལན།
སྤྱོད་པ་འཚེ་བ་མེད་པ་ཞེས་པ་དེ་གོང་དུ་སོང་ཟིན་མོད། གཙོ་བོ་ནི། རང་ལས་གཞན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དགྲ་གཉེན་བར་མའི་ཁྱད་པར་མེད་པར་ལུས་ངག་ཡིད་གསུམ་གྱིས་འཚེ་བ་མི་བྱེད་པ་དེ་འདྲ་ཞིག་ལ་གོ་དགོས་པ་ཡིན། དེ་ཡང་ལུས་ཀྱི་འཚེ་བ་སྲོག་གཅོད་པ་མ་བྱིན་པ་ལེན་པ་ལོག་པར་གཡེམ་པ་གསུམ་དང་། ངག་གིས་འཚེ་བ་རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི་དང་། ཡིད་ཀྱིས་འཚེ་བ་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་སྟེ་མི་དགེ་བཅུ་པོ་དེ་རྣམས་འཚེ་བའི་གཙོ་བོ་དག་ཡིན། དེ་དག་གི་ཆར་གཏོགས་དང་དེ་དག་དང་འདྲ་བའི་འཚེ་བ་ཐམས་ཅད་ལ་འཚེ་བ་ཡིན་པར་ངོས་འཛིན་བྱེད་པ་ཡིན་པས། འཚེ་བ་མི་བྱེད་པ་ཞེས་པ་ཡང་གཙོ་བོ་མི་དགེ་བ་བཅུ་པོ་དེ་དག་འཁོར་དང་བཅས་པ་ལ་མི་འཇུག་པ་དང་། ཐབས་མེད་དབང་མེད་ཀྱིས་འཇུག་དགོས་བྱུང་བ་ལ་འགྱོད་པ་དང་སུན་སྣང་སེམས་གཏིང་ནས་བྱེད་པ་ཞིག་དགོས་པ་ཡིན། ནང་པ་སངས་རྒྱས་པར་ཁས་འཆེ་བ་སུ་ཞིག་ཡིན་ཡང་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་བསླབ་བྱ་སེམས་ཅན་ལ་འཚེ་བ་སྤང་ཞེས་པའི་འཚེ་བ་སྤོང་ཚུལ་ཡང་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་བཅུ་པོ་འདི་དག་སྤོང་ཚུལ་ཉིད་ལ་བཤད་དགོས་པ་ཡིན་པས། མི་དགེ་བ་བཅུ་པོ་འདི་དག་ལ་འཛེམ་དགོས་པ་ནི་ནང་པ་ཞིག་གི་སྤང་བྱ་སྤོང་ཚུལ་གྱི་ཆ་ནས་མ་མཐའི་ཆ་རྐྱེན་ངོ་མ་དེ་ཡིན། ལུས་ངག་ཡིད་གསུམ་གྱི་འཚེ་བ་འདི་དག་སྤོང་བའི་ཆེད་དུ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་གསུངས་པ་ཡིན་མོད་ཞིབ་ཏུ་མི་སྤྲོའོ།།
དྲི་བ་ལྔ་པ།
སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སྐྱབས་སུ་འགྲོ་སའི་ཡུལ་དེ་ཇི་འདྲ་ཞིག་རེད་དམ།
ལན།
སྐྱབས་སུ་འགྲོ་སའི་ཡུལ་ལ་སྤྱིར་དཀོན་མཆོག་གསུམ་ཡོད་མོད། སྐྱབས་ཡུལ་དངོས་སམ་སྐྱབས་སུ་འགྲོ་ས་དངོས་ནི། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །བདག་ཉིད་ལེགས་པར་ཐུལ་བ་ན། །མཁས་པའི་མཐོ་རིས་ཐོབ་པར་འགྱུར། །ཞེས་སོགས་ལྟར་རང་གི་རྒྱུད་ཀྱི་སྡོམ་པ་སོགས་ཚུལ་ཁྲིམས་དང་། རང་རྒྱུད་ཀྱི་ལུང་རྟོགས་ཀྱི་ཡོན་ཏན་དེ་ཚོ་ཡིན་ལ། དེ་དག་གོང་འཕེལ་དུ་སོང་ནས་འཕགས་པའི་རྒྱུད་ཀྱི་སྤངས་རྟོགས་ཡོན་ཏན་གྱི་ངོ་བོ་གྱུར་པ་དེའི་ཚེ་ཆོས་དཀོན་མཆོག་དངོས་ལ་འཇོག་པ་ཡིན། ཡོན་ཏན་དེ་དག་སྒྲུབ་བྱེད་ཀྱི་ཐབས་སྟོན་མཁན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་སྐྱབས་སྟོན་པ་པོ་སངས་རྒྱས་དང་། ཉན་རང་དང་བྱང་སེམས་འཕགས་པ་སློབ་པ་རྣམས་འཕགས་པའི་གང་ཟག་ཡིན་པས་དགེ་འདུན་དཀོན་མཆོག་དངོས་དང་། སངས་རྒྱས་ཀྱི་བཀའི་དགོངས་པ་འགྲེལ་མཁན་གྱི་སོ་སྐྱེས་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་། དེ་སྒྲུབ་པའི་ཆོས་ཀྱི་གྲོགས་པོ་རྣམས་དགེ་འདུན་དཀོན་མཆོག་གི་སྐུ་གསུང་ཐུགས་གསུམ་གྱི་ཚབ་ལྟ་བུ་རང་ཅག་རྣམས་དང་འདྲིས་ཤིང་འདྲོགས་པའི་སྒོ་ནས་ཆོས་སྒྲུབ་པའི་ཟླ་གྲོགས་ཡིན་པས་དགེ་འདུན་དཀོན་མཆོག་དང་འདྲ་ཞིང་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་པར་ཤེས་དགོས། དེས་ན་སྐྱབས་ཡུལ་ལ་སྐྱབས་སྟོན་པ་པོ་སངས་རྒྱས་དང་སྐྱབས་དངོས་ཆོས་དཀོན་མཆོག་དང་སྐྱབས་སྒྲུབ་པའི་ཟླ་གྲོགས་དགེ་འདུན་དཀོན་མཆོག་གསུམ་དུ་ངེས་ཤིང་། འདི་གསུམ་ལས་མང་མི་དགོས་ཤིང་ཉུང་ན་མི་འདུ་བ་ཡིན་ནོ། །དཔེར་ན། ནད་པ་ཞིག་སྐྱོབ་པ་ལ་སྨན་པ་དང་སྨན་དང་ནད་གཡོག་གསུམ་དགོས་པ་ལྟར་རོ། །
དྲི་བ་དྲུག་པ།
ང་རང་ཚོ་མང་པོ་ཞིག་སངས་རྒྱས་པའི་ཆོས་ལ་དད་པ་ཡོད་ཀྱང་། བསམ་བློ་ཡར་རྒྱས་ཀྱི་འགྱུར་བ་དེ་ཙམ་མི་འགྲོ་བ་དེ་གང་གིས་ལན་པ་རེད་དམ།
ལན།
ང་ཚོ་ལ་དད་པ་ཡོད་པ་ཙམ་ལས་ཆོས་དང་རིག་གཞུང་གི་སློབ་སྦྱོང་ལ་དོ་སྣང་དང་དེ་དག་གི་ནང་དོན་ཤེས་པའི་ཤེས་ཡོན་མེད་པས་བསམ་བློ་ཡར་རྒྱས་མ་བྱུང་བ་རེད། བསམ་བློ་ཡར་རྒྱས་ཟེར་བ་དེ་ཆོས་དང་རིག་གཞུང་སོ་སོའི་ཐད་ལ་བསམ་བློ་ཡར་རྒྱས་སོ་སོ་ནས་བརྩི་རྒྱུ་ཡོད་པ་ཞིག་རེད། དེ་ལ་ནང་བསྟན་ཆོས་ཀྱི་ཕྱོགས་ལྟ་བུར་མཚོན་ན་ང་ཚོ་བོད་རིགས་ཀྱི་དམངས་ཚོགས་མང་ཆེ་བ་དད་པ་རེ་བྱེད་རྒྱུ་དང་། ཚོགས་ལ་སྐུ་འགྱེད་རེ་རྒྱག་རྒྱུ་དང་། གཟུངས་སྔགས་བགྲང་བ་དང་། ཕྱག་སྐོར་བྱེད་པ་སོགས་ཅུང་ཟད་བསྒྲུབ་སླ་བ་འགའ་ཞིག་མ་གཏོགས་ནང་དོན་དངོས་ཀྱི་ཐོག་ནས་སློབ་སྦྱོང་བྱེད་འདོད་ཀྱི་བསམ་བློ་མེད་པ་དེས་བཟོས་པ་རེད། རྗེས་མ་ནས་དུས་རབས་ཉེར་གཅིག་པའི་རབ་བྱུང་ངམ་ཆོས་པ་ཞིག་གིས་ དུས་རབས་དང་མཐུན་པའི་ནང་ཆོས་དང་སྐད་ཡིག་གི་སློབ་སྦྱོང་རང་མགོ་ཐོན་པ་ཞིག་མ་བྱུང་བར་དུ་མི་སོ་སོའི་ཐོག་ནས་ཆོས་ཀྱི་བསམ་བློ་རྗེས་ལུས་རེད་ལ། སྐད་ཡིག་གི་བསམ་བློ་རྗེས་ལུས་རེད་ཅེས་བཤད་ཐུབ། འོན་ཀྱང་འཛམ་གླིང་སྤྱི་ཡོངས་ནས་བཤད་ན། ནང་པའི་ཆོས་ཀྱི་སྐོར་ནས་དེང་སྐབས་བོད་ནང་བཞིན་གྱི་འཆད་ཉན་དང་སློབ་སྦྱོང་གི་ཤེས་ཚད་ཅན་ཧ་ཅང་དཀོན་པོ་ཆགས་ཡོད་ཅིང་། ནང་ཆོས་ཀྱི་འབུམ་རམས་པ་སོགས་མིང་འདོགས་ཇི་ལྟར་བྱས་ཀྱང་ཕལ་ཆེར་བརྒྱ་ཆའི་དགུ་བཅུ་གོ་གྲངས་ལ་བོད་ཀྱི་དགོན་པ་ཁག་གི་གཞུང་ཆེན་སློབ་གཉེར་བ་ཕལ་བ་ཞིག་གི་ཚད་གཞི་ཡང་མེད་པ་ང་ཚོས་ཤེས་ཀྱི་ཡོད། ལྷག་པར་ནང་ཆོས་ཉམས་ལེན་ཅན་དེ་ལས་ཀྱང་ཉུང་བར་ཆགས་ཡོད། དེ་ལ་ལྟོས་ན་ང་ཚོ་བོད་འདི་ནང་བསྟན་ཆོས་ལུགས་ཀྱི་སློབ་སྦྱོང་གི་ཚད་གཞི་དང་། འཆད་ཉན་དང་སྒོམ་སྒྲུབ་སོགས་གང་ཐད་ནས་སྔོན་ཐོན་རེད་ཅེས་བཤད་ཆོག་པ་ཡིན།
དྲི་བ་བདུན་པ།
སངས་རྒྱས་པའི་ཆོས་དང་ཆོས་ལུགས་གཞན་ལ་ཁྱད་པར་གང་ཡོད་དམ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་བར་གྱི་ཁྱད་པར་དང་མང་ཚོགས་ཀྱིས་དེའི་ཐད་ལ་འདུ་ཤེས་གང་འདྲ་འཛིན་དགོས་མིན་སྐོར་གསུང་རོགས།
ལན།
ནང་པའི་ཆོས་དང་ཆོས་ལུགས་གཞན་བར་ལྟ་གྲུབ་གཏིང་ཟབ་ལོས་དང་གཞུང་ལུགས་རྒྱ་ཆེ་ཆུང་གི་ཁྱད་པར་ཧ་ཅང་ཆེན་པོ་ཡོད། དཔེར་ན། ལྟ་གྲུབ་ཡོད་པའི་ཆོས་ལུགས་དང་ལྟ་གྲུབ་མེད་པའི་ཆོས་ལུགས་མང་པོ་ཡོད་ལ། ཆོས་ལུགས་མིན་པའི་གྲུབ་མཐའ་རྐྱང་པ་འཇིག་རྟེན་རྒྱང་འཕེན་ལྟ་བུ་དང་། ལྟ་གྲུབ་ཡོད་པ་ལའང་གྲངས་ཅན་དང་གཅེར་བུ་སོགས་ཕྱི་རོལ་བའི་ཆོས་ལུགས་དང་། ནང་པའི་ཆོས་ལུགས་གཉིས་ལྟ་བུ་རྒྱ་གར་གྱི་ཆོས་ལུགས་ཁག་དང་། ཡེ་ཤུ་དང་ཁ་ཆེ་ལྟ་བུ་ལྟ་གྲུབ་མེད་པའི་ཆོས་ལུགས་ཡོད་མོད། ཆོས་ལུགས་ཚང་མ་དང་པོར་རང་རང་གི་ཁོངས་སུ་གཏོགས་པའི་མང་ཚོགས་ཀྱི་གནས་སྐབས་ཀྱི་བདེ་སྐྱིད་དང་། གྲུབ་མཐའ་རང་རང་གིས་འདོད་པའི་དོན་མཐར་ཐུག་པ་འགའ་ཞིག་གི་ཆེད་དུ་བཟོས་པ་གཅིག་གྱུར་དུ་ཡོད་ཅེས་ཕལ་ཆེར་བཤད་ཆོག་པ་ཡིན། འོན་ཀྱང་བསླབ་བྱ་འཐུས་སྒོ་ཚང་མ་ཚང་དང་ལྟ་གྲུབ་ཁྱབ་ཆེ་ཆུང་། གནས་ལུགས་དོན་ལ་གནས་མིན་དང་། དེ་ལ་བརྟེན་ནས་མང་ཚོགས་ཀྱིས་ཁས་ལེན་ཐོབ་མིན་སོགས་ཀྱི་ཁྱད་པར་འདྲ་མིན་ཡོད་པ་ཡིན། དེང་སྐབས་མིའི་རྣམ་དཔྱོད་དང་ཤེས་རིག་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་ཆོས་ལུགས་དང་ཆབ་སྲིད་ཚང་མ་ལ་ཞིབ་འཇུག་དང་དཔྱད་བརྗོད་སྣ་ཚོགས་བྱེད་པའི་སྐབས་སུ་ཆོས་ལུགས་སོ་སོའི་ལྟ་གྲུབ་དང་བསླབ་བྱ་དེས་འདང་གི་ཡོད་མེད་ཡོངས་གྲགས་ལྟ་བུ་ཆགས་པའི་དབང་གིས། ནང་པའི་ཆོས་ལུགས་འདི་འཛམ་གླིང་གི་ནང་དུ་ཆོས་ལུགས་ཆེས་གཟི་བརྗིད་ལྡན་པ་ཞིག་ཏུ་རྩི་མཁན་ཇེ་མང་ལ་འགྲོ་བཞིན་པ་རེད། འོན་ཀྱང་རྒྱུ་མཚན་ཕྱོགས་རེ་བ་དང་མང་ཚོགས་ཕྱོགས་རེ་བ་ཞིག་གིས་གནས་སྐབས་ཀྱི་བསམ་བློའི་ཁྱེར་སོར་དང་ཚོར་བ་བྱེ་བྲག་པ་ཞིག་གིས་བསྟོད་པ་བྱས་པ་ལ་དེ་ཙམ་ཧ་ལས་དགོས་པ་དང་ང་ཚོའི་བློ་ཁ་ཁེངས་དགོས་པ་གང་ཡང་མིན་ལ། དེ་འདྲ་བ་འགའ་ཞིག་གིས་སྨད་ར་བྱས་པ་ཙམ་གྱིས་ཡིད་ཆད་དགོས་པ་དང་བློ་ཕམ་སྐྱེ་དགོས་པ་ཡང་མིན། ཡིན་ནའང་ལོ་མང་རིང་ཆོས་ལུགས་མང་པོ་གཤིབས་ཏེ་ཞིབ་འཇུག་དང་དཔྱད་གླེང་བྱས་པ་དང་། ལྷག་པར་བྱ་བ་ལག་ལེན་དངོས་པོའི་ཐོག་ནས་གདེང་འཇོག་དང་ཚད་གཞི་སླེབས་པ་འདི་དགའ་འོས་པ་ཞིག་དང་། ནང་པའི་ཆོས་ཀྱི་གཟི་བརྗིད་གཅིག་ཀྱང་རེད།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཚོའི་ཁྱད་པར་ནི། ལྟ་བའི་ཐོག་ནས་བྱུང་བ་ཞིག་ཡིན་ལ། ལྟ་བའི་ཐོག་ནས་འདྲ་མིན་སྣ་ཚོགས་བཤད་ཀྱི་ཡོད་ཅིང་བཤད་སྟངས་མི་འདྲ་ས་མང་པོ་ཡོད། འོན་ཀྱང་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་སུ་བྱེད་དགོས་ཞེས་ཆོས་རྒྱལ་ཚོས་སྐབས་ནས་བཀས་བཅད་ཡོད་པ་ལྟར་ཚང་མས་ཁས་ལེན་དགོས་པ་ནི་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བའི་ལུགས་ཐམས་ཅད་ཀྱི་ཁུངས་གཏུག་ས་དེ་འཕགས་མཆོག་ཀླུ་སྒྲུབ་ལ་བྱེད་ཀྱི་ཡོད་པས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལུགས་ལྟར་འགྲོ་དགོས་པ་ཡིན། དེ་དང་མི་མཐུན་ན་ཐེག་པ་ཆེན་པོའི་ལྟ་བ་མིན་པར་ཐག་གཅོད་ཆོག ། གཞན་དུ་ན་ང་རང་གི་ལྟ་བ་ཡིན། དེ་གསར་པ་ཡིན། མི་འདྲ་བ་ཞིག་ཡིན་ཟེར་ཡང་ཆོག་མོད། འོན་ཀྱང་ལྟ་བ་དེ་བསྒོམས་ནས་ཐེག་པ་ཆེན་པོའི་གཞུང་ནས་གསུངས་པའི་མཁས་ཤིང་གྲུབ་པ་བརྙེས་པ་ཞེས་པ་དེ་ཡོང་ཐབས་མེད་ལ། སངས་རྒྱས་ཀྱི་གོ་འཕང་ཞེས་པ་དེ་དེ་ལས་ཀྱང་ཡོང་ཐབས་མེད་པ་ཡིན། བོད་ཀྱི་ཆོས་ལུགས་ཁག་གི་མཁས་པས་གསུང་སྟངས་མི་འདྲ་བ་གང་ལྟར་བྱས་ཀྱང་མཐར་ཐུག་ན་ལྟ་བ་ཀླུ་སྒྲུབ་དང་མཐུན་དགོས་པ་ཡིན། དཔེར་ན། ལྷ་སར་འགྲོ་དགོས་པ་ཞིག་གིས་འགྲོ་ལམ་ཆབ་མདོ་དང་ཨ་མདོ་སྐྱེ་རྒུ་སོགས་གང་ནས་སོང་ཡང་མདོར་ན་ལྷ་སར་སླེབས་ཐུབ་པའི་ལམ་ཞིག་ཡིན་ན་ཆོག་པ་ལྟར་ཡིན།
སྤྱོད་པའི་ཐོག་ནས་བོད་ཀྱི་ཆོས་བརྒྱུད་ཁག་ནང་དེ་ཙམ་ཁྱད་པར་མེད་ཅེས་ལབ་ན་འགྲིགས། འོན་ཀྱང་། སོ་ཐར་གྱི་སྡོམ་ཁྲིམས་ལྟ་བུ་ལ་ཆོས་ལུགས་དང་དགོན་པ་སོ་སོའི་ངོས་ནས་རྩིས་མཐོང་དང་ཆ་འཇོག ལྷག་པར་དགོན་པ་སོ་སོའི་ངོས་ནས་དོ་དམ་ཡག་པོ་བྱེད་ཀྱི་ཡོད་མེད་འདྲ་མི་འདྲ་རེད་དེ། ཚང་མས་སྡོམ་ཁྲིམས་སྲུང་ཐུབ་མིན་ལ་མ་ལྟོས་པར་བསྲུང་བྱའི་སྡོམ་པ་གཅིག་གྱུར་དང་བསྲུང་བྱ་གཅིག་གྱུར་རེད། སངས་རྒྱས་ཀྱི་བཀའ་དང་དགོངས་འགྲེལ་ལྷག་པར་འདུལ་བའི་གཞུང་ཐམས་ཅད་གཅིག་གྱུར་ཡིན་པས། ང་ཚོས་འདི་བསྲུང་དགོས་ལ་འདི་བསྲུང་མི་དགོས་པའི་སྐད་ཆ་གཅིག་ཀྱང་མེད་པར་བོད་ཀྱི་ནང་པའི་ཆོས་ལུགས་ཐམས་ཅད་གཅིག་པ་རེད། འོན་ཀྱང་ཆོས་བརྒྱུད་ནང་ཕན་ཚུན་ལ་འདུལ་ཁྲིམས་བསྲུང་དགོས་མིན་སོགས་ཀྱི་ཁྱད་པར་ཡོད་མདོག་བཤད་པ་ཡོད་དེ་འདུལ་བ་དང་ཆོས་མ་ཤེས་པའི་རྟགས་མཚན་ངོ་མ་དེ་ཡིན།
བོད་ཀྱི་ཆོས་ལུགས་ཁག་གི་མཁས་པ་སོ་སོས་གསུང་སྟངས་ཇི་ལྟར་བྱས་ཀྱང་། དོན་དངོས་སུ་འོག་གི་མི་དམངས་ཚོས་ཆོས་ལུགས་ཀྱི་ནང་དོན་གང་ཤེས་ཤེས་ཤིག་སྦྱང་རྒྱུ་དང་། གང་སྦྱངས་པའི་དོན་དེ་ལག་ལེན་ལ་ཁེལ་ཐབས་ལ་འབད་རྒྱུ་དེ་གལ་ཆེ་ཤོས་རེད་མ་གཏོགས། རང་གི་ལག་ལེན་གྱི་ཐོག་ནས་ཕན་གནོད་ཀྱི་འབྲེལ་བ་གང་ཡང་མེད་པར་ཆོས་ལུགས་ཡག་བཙོག་དང་། ལྟ་གྲུབ་འཐད་མིན་རྐྱང་རྐྱང་བཤད་ཀྱིན་སྡོད་པ་ནི། དཔེར་ན། རང་རང་ལ་གསེར་ཅུང་ཟད་ཀྱང་མེད་པའི་མི་འགའ་ཞིག་གིས་གཞན་གྱི་གསེར་དེ་ཡག་སྡུག་དང་རིན་གོང་ཆེ་ཆུང་རྐྱང་རྐྱང་བཤད་དེ་དུས་ཚོད་འཕྲོ་བརླག་གཏོང་ངེས་ཞིག་དང་འདྲ་བ་ཡིན། ལྷག་པར་ཆོས་ལུགས་ཚང་མ་ལ་དད་པ་དང་དམ་ཚིག་གཙང་མ་ཞིག་བཞག་མ་ཐུབ་ཀྱང་། སྐུར་འདེབས་དང་ལོག་ལྟ་བྱེད་པ་ནི་རང་གི་བསམ་བློ་ལ་གནོད་པ་དང་། རང་གི་བསོད་ནམས་ལ་གནོད་པ་དང་། ལྷག་པར་ཕྲག་དོག་གིས་གདུང་སྟེ་བརྙས་སྨོད་བྱེད་མཁན་ཚོ་ནི། རང་གི་སེམས་ཁམས་ལ་གནོད་པ་དང་། དེ་ལས་ལུས་ལ་གནོད་པ། གཞན་གྱི་སེམས་ཁམས་ལ་གནོད་པ། དེ་ལ་བརྟེན་ནས་ཕན་ཚུན་དཀྲུག་ཤིང་གི་རྒྱུ་འགྱུར་བ་སོགས་ཀྱི་གནོད་ཚབས་ཆེན་པོར་འགྲོ་བཞིན་འདུག
མདོར་ན། ཡག་བཙོག་གི་སྐད་ཆ་གང་ཡང་མེད་པར་རང་རང་ལ་ཕན་ན་ཉམས་སུ་བླངས། མ་ཕན་ན་བསྐྱུར་ཞོག་དང་ཆོག་པ་དང་། ལྷག་པར་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་གྱིས་ཆགས་སྡང་གི་གཏམ་གྱིས་ཉིན་མཚན་འདའ་ཞིང་། བྱ་བ་ཡང་དེ་ལྟར་བྱེད་པ་དག་ནི་ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་མཁན་དང་། བོད་ཀྱི་གཅིག་སྒྲིལ་དང་མཐུན་ལམ་གཏོར་བཤིག་གཏོང་མཁན་དང་། ཡ་ང་བའི་ནང་དཀྲུག་མཁན་ཧ་ཅང་གི་ཐབས་སྡུག་པོ་ཞིག་ཡིན་པས། དཔལ་སྤྲུལ་རིན་པོ་ཆེས། དད་པ་དག་སྣང་མེད་ཀྱང་། ། སྐུར་འདེབས་གཏན་ནས་མི་རུང་། །ཞེས་པ་ལྟར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་སུ་ལེན་དགོས་པ་ཡིན། ལྷག་པར་བསམ་བཞིན་ཤེས་བཞིན་དུ་བླ་དཔོན་ཕན་ཚུན་བར་གཞི་མེད་སྐུར་འདེབས་བྱེད་མཁན་དང་ཆོས་ལུགས་ཕན་ཚུན་བར་དཀྲུག་ཤིང་བྱེད་མཁན་ཚོ་ཆོས་ལུགས་མཐུན་ལམ་གཏོར་བཤིག་བྱེད་མཁན་དང་། འཇིག་རྟེན་ཡ་རབས་ཀྱི་འགྲོ་སྟངས་ཀྱང་མེད་པའི་དཀྲུག་ཤིང་མཁན་དང་དགེ་འདུན་སྡེ་དཀྲུགས་བྱེད་མཁན་གྱི་སྡིག་ཅན་དངོས་མ་ཞིག་ཡིན་པས་རང་རང་གིས་དད་འདུན་འཇོག་མ་ཐུབ་ཀྱང་ངན་སྨོད་སྣ་ཚོགས་མི་བྱེད་པར་རང་དགར་བཞག་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
དྲི་བ་བརྒྱད་པ།
རྒྱུ་འབྲས་རྟེན་འབྲེལ་དང་། བརྟེན་ནས་བཏགས་པའི་རྟེན་འབྲེལ། ལྟོས་གྲུབ་རྟེན་འབྲེལ། རྟོག་པས་བཏགས་པའི་རྟེན་འབྲེལ་ཞེས་ཐ་སྙད་མང་པོ་མཐོང་རྒྱུ་འདུག་པ་དེ་དག་གི་གོ་དོན་དང་ཁྱད་པར་ག་རེ་ཡོད་དམ།
ལན།
སྤྱིར་རྟེན་འབྲེལ་ཞེས་པའི་ཐ་སྙད་དེ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅན་གྱི་ཚིག་གཅིག་དང་། ནང་པའི་གཞུང་གི་ནང་དུ་ཆེས་གལ་གནད་ཆེ་བའི་ཐ་སྙད་གཅིག་དང་། གཞི་དངོས་པོའི་གནས་ལུགས་གཏན་ལ་ཕབ་པའི་གནས་ལུགས་རང་བཞིན་བརྗོད་པའི་ཐ་སྙད་གནད་ཆེ་བ་ཞིག་ཀྱང་རེད། སྤྱིར་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་སེམས་ཙམ་པ་བཅས་ཀྱི་གཞུང་གི་ནང་དུ་རྟེན་འབྲེལ་ཞེས་པ་ཕལ་ཆེ་བ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་བཤད་པ་བྱེད་ཀྱི་ཡོད་པ་ལྟ་བུ་དང་། ལྷག་པར་རྒྱུ་འབྲས་ཀྱི་རྟེན་འབྲེལ་དེ་གཙོ་བོར་བྱས་ནས་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པ་ཁས་ལེན་ཞེས་སྨྲས་ན་ཆོག་པ་ལྟ་བུ་རེད། དེ་ནི་རྟེན་འབྲེལ་གྱི་གོ་བ་རགས་པ་ཞིག་རེད། དབུ་མ་རང་རྒྱུད་པའི་གཞུང་གི་ནང་དུ་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པ་དང་། དེ་ཡང་རང་རང་གི་ཆ་ཤས་རེ་ལ་ལྟོས་ཏེ་གྲུབ་པ་དང་། ཡང་ན་གདགས་གཞི་གཞན་ཞིག་ལ་བརྟེན་ནས་གྲུབ་པས་རྟེན་འབྲེལ་ཞེས་གསུངས་པ་རེད། དེ་ནི་རྟེན་འབྲེལ་གྱི་གོ་བ་འབྲིང་པོ་ཞིག་ཡིན། དབུ་མ་ཐལ་འགྱུར་བས་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པ་དང་། དེ་ཡང་རང་རང་གི་འཇོག་བྱེད་རྟོག་པས་ཕར་བཏགས་པ་ཙམ་ཞིག་དང་། རྟོག་པས་ཕར་བཏགས་པ་ཙམ་གྱིས་རྟེན་འབྲེལ་འཇོག་ལུགས་འདི་རྟེན་འབྲེལ་གྱི་གོ་བ་ཤིན་ཏུ་ཕྲ་མོ་ཞིག་ཡིན།
རྒྱུ་རྐྱེན་ལ་ལྟོས་པའི་རྟེན་འབྲེལ་ལ་ཆ་ཤས་ལ་ལྟོས་པའི་རྟེན་འབྲེལ་ཡིན་པས་ཁྱབ་པ་དང་། དེ་གཉིས་ཀ་ལ་རྟོག་པས་ཕར་བཏགས་པའི་རྟེན་འབྲེལ་ཡིན་པས་ཁྱབ་པས། རྟེན་འབྲེལ་གྱི་མིང་མི་འདྲ་བ་དེ་དག་གི་དོན་འགལ་བ་མིན་ནོ།། དེས་ན་སྒྲ་བཤད་ན། རྒྱུ་དང་རྐྱེན་རགས་པ་ལ་བརྟེན་ནས་བྱུང་བའི་འབྲས་བུ་དག་ལ་རྒྱུ་རྐྱེན་ལ་ལྟོས་པའི་རྟེན་འབྲེལ་ཞེས་བརྗོད། དཔེར་ན། ས་བོན་ལ་བརྟེན་ནས་བྱུང་བའི་མྱུ་གུ་ལྟ་བུ། རང་རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ་ལ་ཆ་ཤས་ལ་ལྟོས་པའི་རྟེན་འབྲེལ་ཞེས་བརྗོད། དཔེར་ན། རྡུལ་དུ་མ་བསགས་པའི་ལེབ་མོ་ལ་རྩིག་གྱང་འཇོག་པ་ལྟ་བུ། བཏགས་ཆོས་མ་ཡིན་པའི་གདགས་གཞི་གཞན་ལ་ལྟོས་ནས་བཞག་པ་ལ་གདགས་གཞི་གཞན་ལ་ལྟོས་པའི་རྟེན་འབྲེལ་ཞེས་བརྗོད། དཔེར་ན། བཀྲ་ཤིས་ཀྱི་ཕུང་པོ་ལྔ་ཚོགས་ཙམ་ལ་བཀྲ་ཤིས་ཞེས་བརྗོད་ཅིང་དེ་ཙམ་གྱིས་བཀྲ་ཤིས་ཐ་སྙད་དུ་འཇོག་ནུས་པ་ལྟ་བུ། རྟོག་པས་ཕར་བཏགས་པ་ལ་ལྟོས་ནས་བཞག་པའི་རྟེན་འབྲེལ་ལ་རྟོག་པས་བཏགས་པའི་རྟེན་འབྲེལ་ཞེས་བརྗོད། དཔེར་ན། ཤོག་བུའི་སྟེང་དུ་རི་མོ་འགའ་བཟོས་ནས་ལས་ཀའི་འགན་ཁུར་ཡོད་པའི་མི་འགའ་ཞིག་ཁ་མཐུན་གྱི་ཐག་གཅོད་བྱས་པའི་ཤོག་སྒོར་བཞིན་ནོ། །དེས་ན་རྟེན་འབྲེལ་ཞེས་པ་འདི་ལ་གོ་བ་ལེན་ལུགས་དང་། འགྲེལ་བཤད་རྒྱག་ལུགས་མི་འདྲ་བ་མང་ཞིང་འདི་ན་ནང་པའི་གཞུང་གི་གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་པའི་སྐབས་སུ་རྩ་བ་རྟེན་འབྲེལ་ནས་བཙུགས་ཏེ། ལས་རྒྱུ་འབྲས་དང་། ངེས་འབྱུང་བྱང་ཆུབ་ཀྱི་སེམས་སོགས་ཐམས་ཅད་ཀྱི་ཉམས་ལེན་བྱུང་བ་ཡིན་པས་འདི་ནི་ནང་པའི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་ཐམས་ཅད་ཀྱི་གཞི་རྩ་ཡིན་ཏེ། བདེན་བཞི་འཇོག་པའི་སྐབས་ནས་ཀུན་ཉོན་དང་རྣམ་བྱང་གི་རྒྱུ་འབྲས་རྟེན་འབྲེལ་ཚན་པ་གཉིས་བྱས་ནས་མགོ་བཙུགས་དགོས་པས་སོ།།
དྲི་བ་དགུ་པ།
ད་ལྟ་དམངས་ཁྲོད་ན་ཚད་ལས་བརྒལ་བའི་ལྷ་སྲུང་བསྟེན་ཕྱོགས་སྐོར་གྱི་བཤད་ཡམས་དང་རྩོད་སྙོག་རྒྱ་ཆེན་པོ་ཞིག་འདུག དགེ་བཤེས་ལགས་ཀྱིས་དེའི་ཐད་ལ་བླང་དོར་གྱི་བཀའ་སློབ་ཅིག་གནང་རོགས།
ལན།
འདི་ནི་བོད་སྤྱི་པའི་རྐྱེན་ངན་བར་ཆད་འཇིགས་སུ་རུང་བ་ཞིག་རེད། འདི་ལ་ངའི་ངོས་ནས་འདི་བྱས་དང་འདི་མ་བྱས་ཞེས་བཤད་པས་ཉན་མཁན་ཡོད་མེད་མི་ཤེས། འོན་ཀྱང་ཤེས་དགོས་པ་ཞིག་ནི། ཚང་མ་གཅིག་གྱུར་གྱིས་བླང་དོར་ཚུལ་བཞིན་དུ་བྱེད་རྒྱུ་དེ་རེ་བ་ཆེ་ཤོས་ཡིན། ང་ཚོ་ཚང་མས་ལྷ་སྲུང་དུ་མིང་བཏགས་པ་ཞིག་གིས་ག་ཚོད་སྐྱོབ་ཀྱི་ཡོད་མེད་ཤིན་ཏུ་བཤད་དཀའ་བ་ཞིག་དང་། ལྐོག་གྱུར་ཞིག་རེད་ལ། སྤྱིར་བཏང་ནས་བོད་དུ་ཡོད་པའི་ཆོས་ལུགས་དང་ཆོས་བརྒྱུད་ཐམས་ཅད་ཀྱི་ལུང་རྟོགས་ཀྱི་བསྟན་པ་གང་ཡིན་ཡང་། ལྷ་བསྟེན་འདྲེ་བསྟེན་དང་བཙན་མཆོད་བསངས་གསོལ་བྱས་ཏེ་འཛིན་དགོས་བྱུང་ན་བསྟན་པ་མི་ཟིན་པ་ཐག་ཆོད་པ་རེད། ཁ་ཤས་ཀྱིས་འཇམ་མགོན་བླ་མའི་བསྟན་པ་ལ་ཤ་ཚ་བ་དང་། འགན་ཁུར་བའི་རྣམ་པ་ཤིན་ཏུ་ཆེན་པོ་ཞིག་བསྟན་ཏེ་དོལ་རྒྱལ་བསྟེན་དགོས་ཀྱི་ཡོད་རབས་བཤད་ཀྱིན་ཡོད་རེད། དེ་ངོས་ལེན་མེད། འཇམ་མགོན་བླ་མའི་བསྟན་པ་ལ་ཤ་ཚ་ན་གསུང་འབུམ་པོད་བཅོ་བརྒྱད་ལ་ཐོས་བསམ་སློབ་གཉེར་ཚུལ་མཐུན་ཞིག་ཡོང་ཐབས་ལ་ཤུགས་རྒྱག་དགོས་པ་རེད་ལ། རི་བོ་དགེ་ལྡན་པའི་གདན་ས་ཆེ་ཁག་གསུམ་པོ་གཙོས་དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་ཐམས་ཅད་གཅིག་སྒྲིལ་ངང་ཐུགས་མཐུན་ཁྲིམས་གཙང་གཞི་ལ་བཞག་སྟེ་རྗེ་བླ་མ་ཡབ་སྲས་ཀྱི་བླ་ན་མེད་པའི་མཛད་རྗེས་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་འཆད་ཉན་སློབ་གཉེར་དང་། དེ་དང་མཐུན་པའི་སྒོམ་སྒྲུབ་ཉམས་བཞེས་ཀྱི་ཕྱག་ལེན་རྣམ་པར་དག་པ་ཕྱི་གཙང་ནང་གཙང་གསེར་སྦྱངས་བཙོ་མ་ལྟ་བུ་དེ་མི་ཉམས་རྒྱུན་འཛིན། ཉམས་པ་སོར་ཆུད་ཡོང་ཐབས་ལ་འབད་དགོས་པ་དང་། ལྷག་པར་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགེ་ལུགས་པའི་མཁས་པ་ཁག་དང་དགོན་སྡེ་ཁག་ཕན་ཚུན་གཅིག་སྒྲིལ་དང་མཐུན་ལམ་ཐོག་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཡར་རྒྱས་ཡོང་ཐབས་ལ་ཤུགས་རྒྱག་དགོས་པ་དེ་དེང་སྐབས་ཤིན་ཏུ་གལ་ཆེ་བར་སེམས། དགེ་ལུགས་པའི་བསྟན་པ་འཛིན་པ་ལ་ཐོས་བསམ་སློབ་གཉེར་ལ་ཤུགས་མ་རྒྱག་པར་དམ་ཅན་ཆོས་རྒྱལ་བསྟེན་རྒྱུ་དེ་གཙོ་བོར་བྱེད་དགོས་ཞེས་ཟེར་ན་དེ་ལ་ཡང་ངོས་ལེན་མེད།
མཐའ་དོན། དོལ་རྒྱལ་བསྟེན་མཁན་དང་མི་བསྟེན་མཁན་ཚོ་ཕན་ཚུན་གོ་བརྡ་མ་འཕྲོད་པའི་ཐོག་ནས་གཡམ་རྒྱུགས་དང་རྩོད་གླེང་བྱེད་པ་ནི་ཆེས་ཤིན་ཏུ་ནོར་བ་ཆེན་པོ་ཞིག་དང་བློ་ཕམ་དགོས་པ་ཞིག་རེད། ལྷག་པར་མགོ་ལ་ཡོད་པའི་བླ་མ་དགེ་བཤེས་དགེ་རྒན་གྱི་མིང་ཁུར་མཁན་འགའ་ཞིག་གིས་དགེ་ལུགས་པའི་བསྟན་པ་ལ་ཤ་ཚ་མདོག་བསྟན་ཏེ། རང་རང་གི་དཔལ་འབྱོར་དང་ཐོབ་ཐང་རེའི་ཆེད་དུ་དོལ་རྒྱལ་བེད་སྤྱད་ཅིང་། རང་རང་གི་འདོད་དོན་རེ་དང་དམིགས་ཡུལ་རེའི་ཆེད་དུ་མི་བདེན་རྫུན་སྒྲིག་གི་གོ་སྐབས་འཚོལ་བའི་ཐོག་ནས་དམངས་ཚོགས་ཀྱི་ནང་དུ་ཀུན་སློང་འདྲ་མིན་སྤྲད་པ་དང་། དེ་ལ་བརྟེན་ནས་ཅི་ཡང་མི་ཤེས་ཤིང་མགོ་མ་ཚུགས་པའི་དམངས་ཚོགས་ཚོ་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་འགའ་ཞིག་ཡོད་པར་གོ་ཐོས་བྱུང་སོང་བས་ཧ་ཅང་ཐབས་སྐྱོ་བོ་དང་འགན་མ་ཁུར་བ་ཞིག་རེད་བསམ་གྱི་ཡོད། རྒྱལ་ཁབ་གང་དུ་བསྡད་ཀྱང་རྒྱལ་ཁྲིམས་ཁུར་དགོས་ལ། དམངས་ཚོགས་བདེ་འཇགས་དགོས་པ་སྤྱིར་མཚུངས་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་རེད། དམངས་ཚོགས་རྣམས་ནས་ཀྱང་གོ་བརྡ་འཕྲོད་པའི་ཐོག་ནས་བསྟེན་མི་བསྟེན་ནི་རང་དབང་ཞིག་རེད་ལ། གནས་ཚུལ་དང་རྒྱུ་མཚན་ཧ་གོ་བཞིན་དུ་ད་དུང་བསྟེན་ན་དེ་བས་ཀྱང་རང་དབང་རེད་མོད་བསྟན་པ་སྤྱི་དང་བོད་མི་རིགས་ཀྱི་མཐུན་ལམ་སོགས་ལ་བསམ་བློ་རེ་གཏོང་བའི་རེ་བ་ཡོད། རྒྱབ་ལྗོངས་གཞན་ཞིག་ཡོད་ན་བཤད་རྒྱུ་གང་ཡང་མེད།
དྲི་བ་བཅུ་པ།
དགེ་བཤེས་ལགས་ཀྱིས་སློབ་སྦྱོང་གནང་བའི་རྒྱུད་རིམ་ཞིག་གསུངས་རོགས་གནང་།
ལན།
ངའི་སློབ་སྦྱོང་གི་རྒྱུད་རིམ་གུར་གུམ་ཆུན་པོ་སོགས་དུས་དེབ་དང་དྲ་བ་འདྲ་མིན་གྱི་ཐོག་ལ་རགས་རིམ་བཤད་པ་རེ་དང་། སྤུ་འཇམ་ས་ནས་བཤད་པ་བྱས་པ་འགའ་ཞིག་ཡོད་པ་ལས་མཁྱེན་པ་གནང་རོགས། དཀའ་ངལ་ཆེད་གསོད་ཀྱིས་སློབ་གཉེར་ལོ་མང་བྱས་ཤིང་རང་གིས་གང་ཐུབ་ཀྱིས་བསྟན་པ་ལ་ཕན་ཐོགས་རེ་སྒྲུབ་བཞིན་ཡོད་ཟེར་ནའང་རྫུན་ཆེན་པོ་རང་ཆགས་རྒྱུ་མ་རེད།
དྲི་བ་བཅུ་གཅིག་པ།
དབུ་ཚད་སེང་གེའི་འགྱིང་སྣོལ་ཞེས་པའི་དོན་གང་ཡིན།
ལན།
མཁན་ཆེན་ཞི་བ་འཚོས་དབུ་མའི་ལྟ་བ་དང་། ཚད་མའི་རིགས་པ་ཟུང་དུ་འབྲེལ་བའི་ལྟ་གྲུབ་སྐྱོང་བ་ལ་ཟེར། དེ་ཡང་མཁན་ཆེན་ཞི་བ་འཚོའི་གསུང་ལ། དབུ་མ་རྒྱན་རང་འགྲེལ་དང་བཅས་པ་དང་། བདེན་གཉིས་དཀའ་འགྲེལ་སོགས་དབུ་མའི་ལྟ་བ་སྟོན་པའི་གཞུང་དང་། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལྟ་བུ་ཚད་མའི་གཞུང་གི་བརྗོད་བྱ་སྟོན་པའི་གཞུང་འདི་དག་མཛད་དེ། དབུ་མའི་ལྟ་བ་དང་ཚད་མའི་རིགས་པ་ཟུང་འབྲེལ་གྱི་གྲུབ་མཐའ་སྐྱོང་བ་ལ་དབུ་ཚད་སེང་གེའི་འགྱིང་སྣོལ་ཞེས་བརྗོད་ཀྱི་ཡོད་པ་རེད།
དྲི་བ་བཅུ་གཉིས་པ།
ཆོས་སྲིད་ཟུང་འབྲེལ་གྱི་དགེ་སྐྱོན་སྐོར་ལ་གསུང་རོགས།
ལན།
ཟུང་འབྲེལ་ལ་ལེགས་ཆ་ཡོད་དམ་ཉེས་ཆ་ཡོད་ཅེས་ཐག་གཅོད་བྱས་ཏེ་བཤད་དགོས་ན་ཁག་པོ་ཞིག་རེད། གཅིག་གིས་ཡག་པོ་འདུག་ཅེས་སྨྲས་ཀྱང་གཅིག་གིས་སྡུག་ཆགས་འདུག་ཅེས་བཤད་རྒྱུ་རེད། འོན་ཀྱང་། ང་ཚོ་མི་མང་ཆེ་བས་ལོ་རྒྱུས་ཀྱི་ཕྱོགས་ཡོངས་ལ་ལྟ་རྟོག་དང་བསམ་ཤེས་བྱེད་ཐུབ་ཀྱི་ཡོད་མ་རེད་ལ། ལྷག་པར་སྐབས་དེ་དང་དེའི་གནས་སྟངས་དང་སྤྱི་ཚོགས་ཀྱི་དགོས་མཁོ། སྤྱི་ཚོགས་ཀྱི་ཁ་ཕྱོགས་བཅས་ལ་བསམ་བློ་དེ་བས་ཀྱང་གཏོང་ཐུབ་མེད། ང་ཚོ་མང་ཆེ་བས་ད་ལྟའི་མིའི་བསམ་བློ་དང་ཀུན་སྤྱོད། ཡང་ན་ཁེ་ཕན་ལྟ་བུ་ལ་བསམ་བློ་བཏང་ནས་སྔོན་ཆད་ཀྱི་བྱེད་སྟངས་སོགས་སྐབས་དེ་དུས་ཀྱི་གནས་སྟངས་ཤིག་ལ་དེ་འགྲིགས་འདུག་ཅེས་པ་དང་ཡང་ན་འགྲིགས་མི་འདུག་ཅེས་ཐག་བཅད་དེ་བཤད་པ་ཕལ་ཆེ་བ་ལོ་རྒྱུས་སུ་བཀོད་ཟིན་པའམ་འགོད་པར་འགྱུར་བ་ཞིག་རེད། འོན་ཀྱང་དེ་ནི་ལོ་རྒྱུས་འབྲི་རྩོམ་བྱེད་མཁན་གྱི་མི་སོ་སོའི་སྐབས་ཐོབ་ཀྱི་བསམ་ཚུལ་དང་འབྲེལ་བའི་བཤད་ཚུལ་རེད་ལ། སྐབས་དེའི་རྩོམ་པ་པོ་དེ་དང་དེའི་ཁ་ཕྱོགས་དང་། སྐབས་དེའི་གནོན་ཤུགས་སོགས་ཀྱིས་དྲང་བདེན་དངོས་མ་ཡིན་པ་དཀོན་པོ་རེད་ལ། སྐབས་དེ་དུས་ཀྱི་རང་རང་གི་མཐོང་ཚུལ་ཞིག་བཀོད་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད། ལྷག་པར་དེང་སང་གི་མི་ཞིག་གིས་བསམ་བློ་གཞི་བཞག་གིས་དེ་དུས་ཀྱི་བྱེད་སྟངས་དེ་འགྲིགས་མི་འདུག་ཅེས་སོགས་མང་པོ་བཤད་པ་ནི་ཕལ་ཆེ་བ་ཆགས་བཞག་བྱེད་ས་ཁག་པོ་རེད་བསམ་གྱི་ཡོད། དཔེར་ན། མི་ཕལ་ཆེ་བ་ལོ་ན་ཅུང་མཐོ་བར་གྱུར་བའི་ཚེ་ལོ་ན་གཞོན་པའི་མི་དག་གི་བསམ་སྤྱོད་མང་ཆེ་བ་མི་འགྲིགས་པར་ངོས་འཛིན་བྱེད་པ་ལྟ་བུ་ཞིག་རེད་སྙམ་གྱི་ཡོད།
སྤྱིར་ཆོས་སྲིད་ཟུང་དུ་འབྲེལ་ལུགས་ལ་དུང་དཀར་རིན་པོ་ཆེས་ཆོས་སྲིད་གཉིས་ཀའི་བདག་པོ་བླ་མ་གཅིག་གིས་བྱས་པ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་བཤད་པ་དེ་ཚོ་ཕྱོགས་གཅིག་གི་བསམ་བློ་དང་ངོས་འཛིན་ཞིག་ཡིན་པ་ལས་ཆ་ཚང་བ་དེ་ལྟར་ཡིན་དགོས་པའི་ངོས་ལེན་བྱེད་ཀྱི་མེད། འདི་ལ་འདྲ་མིན་མང་པོ་ཡོད། དཔེར་ན། འབྲུག་ལྟ་བུ་བླ་དཔོན་གཉིས་ཆོས་སྲིད་གཉིས་ཀྱི་ཕྱོགས་སོ་སོར་དབང་ཚད་དང་ཐོབ་ཐང་མཉམ་པོ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་རྒྱལ་ཁབ་གཞུང་གིས་ཆོས་ལུགས་གང་ཞིག་ངོས་ལེན་དང་འབྲེལ་ཆོས་སྲིད་གཉིས་ཐོབ་ཐང་འདྲ་མཉམ་གྱིས་སྲིད་སྐྱོང་བ་ལ་ཆོས་སྲིད་ཟུང་འབྲེལ་དུ་བྱས་པ་དང་། ཐེའི་ལན་ལྟ་བུ་རྒྱལ་པོ་མན་ཆད་རྒྱལ་ཁབ་ཀྱི་མི་སུ་ཞིག་གིས་ཀྱང་ཆོས་བྱེད་ཆོག་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཆོག་པའི་ཐོག་ནས་སྲིད་ལ་གནས་བཞིན་དུ་ཆོས་བྱེད་ཆོག་པའི་ཆོས་སྲིད་ཟུང་འབྲེལ་བྱེད་ལུགས་ཤིག་ཀྱང་ཡོད་པ་རེད། ས་པཎྜི་ཏས། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །ཞེས་པ་ལ་འགྲེལ་ལུགས་མང་པོ་ཡོད་ཀྱང་། ཆོས་དང་མཐུན་པའི་དྲང་བདེན་གྱི་སྒོ་ནས་སྲིད་སྐྱོང་ལུགས་ཤིག་ཡོད་པའི་ཚུལ་ལ་གོ་བ་ལེན་མཁན་མང་ལ་རང་གིས་ཀྱང་དེ་ལྟར་བསམ་གྱིན་ཡོད་ཀྱང་། རྒྱལ་ཁབ་ཕལ་ཆེ་བ་ཞིག་དང་མི་མང་པོ་ཞིག་གིས་སྲིད་ལ་གཡོ་སྒྱུ་དང་མ་འདྲེས་པ་ཞིག་མེད་པར་བཤད་ཀྱི་ཡོད་རེད། དེ་ཡང་རྒྱལ་ཁབ་མང་པོ་ཞིག་གི་ལོ་རྒྱུས་ནང་དུ་དྲང་བདེན་གྱི་སྲིད་ལུགས་བྱུང་མ་མྱོང་ཞིང་། ཆབ་སྲིད་ཅེས་པ་གཡོ་སྒྱུ་ཁོ་ན་ཡིན་པའི་གཞུང་ལུགས་བརྩམས་ཡོད་པ་དང་། དེ་ཚོ་ལ་སློབ་སྦྱོང་རྒྱུན་ལྡན་དུ་བྱེད་བཞིན་པའི་བསམ་སྤྱོད་ལས་བྱུང་བ་སེམས།
མདོར་ན། ཆོས་སྲིད་ཟུང་འབྲེལ་ལ་དགེ་སྐྱོན་ཐད་རྩོད་གླེང་མང་པོ་བྱེད་དགོས་དོན་དེ་ཙམ་མེད་དེ། འཛམ་གླིང་ཤར་ནུབ་ཀུན་ཏུ་དམངས་གཙོའི་ལམ་ལུགས་དར་ཁྱབ་ཆེ་རུ་སོང་ཞིང་དམངས་ཚོགས་ཀྱིས་དཔོན་པོ་འདེམས་པའི་སྐབས་ཡིན་པས་དམངས་ཚོགས་ཀྱིས་ཁེ་ཕན་གང་ཆེ་བ་དང་འདོད་མོས་གང་ཆེ་བ་དེས་དཔོན་པོ་བྱེད་འོང་བས་སུ་འཇོན་པ་དེས་བྱེད་རྒྱུ་རེད། སྔོན་ཆད་ཀྱི་ལོ་རྒྱུས་ལས་བྱུང་བའི་དགེ་སྐྱོན་དེ་རང་རང་གི་ཤེས་དགོས་པ་ཞིག་ལོས་ཡིན། འོན་ཀྱང་དེ་ལ་ཚོར་ཤུགས་དྲག་པོས་སྐྱོན་བརྗོད་དང་ལེགས་སོ་ཞེ་བོ་ཞིག་བྱེད་དགོས་དོན་མེད་ཅིང་། བྱས་ཀྱང་ཕན་གནོད་ཀྱི་འབྲེལ་བ་དེ་ཙམ་མེད་ལ་དེའི་དགེ་སྐྱོན་ལ་བསམ་བློ་མང་པོ་བཏང་སྟེ་སེམས་ལ་དགའ་སྡུག་གི་ཚོར་བ་ཆེན་པོ་ཞིག་བླངས་ན་རང་གི་བསམ་བློ་ལ་གྱོང་ཁ་ཆེན་པོ་ཞིག་རག་པ་ཡིན་ཞིང་། རང་ཉིད་ཀྱི་ཁྲག་ཤེད་ཇེ་ཆེར་གཏོང་བ་ཙམ་ཡིན། དཔེར་ན། གློག་བརྙན་བལྟས་ནས་ཆགས་སྡང་གི་ཚོར་ཤུགས་འཕར་བ་ལྟ་བུ་རེད་སྙམ་གྱི་ཡོད།
དྲི་བ་བཅུ་གསུམ་པ།
དེང་སྐབས་མི་འགའ་ཞིག་གིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདིས་བོད་ཀྱི་བསྟན་སྲིད་ལ་ཕན་པ་ལས་གནོད་ཆེ་བ་འདུག་ཅེས་ལབ་ཀྱིན་འདུག སྐུ་ཉིད་ལ་དེའི་ཐད་དགོངས་ཚུལ་ག་རེ་ཡོད་དམ།
ལན།
སྤྱིར་སྤྲུལ་སྐུའི་ལམ་ལུགས་འདི་ལ་གདུང་རྒྱུད་ཀྱི་ཐོག་ནས་སྤྲུལ་སྐུ་ངོས་འཛིན་བྱེད་པ་ས་སྐྱ་གོང་མ་ཚོ་ལྟ་བུ་དང་། ཡང་སྲིད་ཕྱི་མའི་ཚུལ་གྱིས་ངོས་འཛིན་བྱེད་པ་རྒྱལ་པཎ་སོགས་ཕལ་ཆེ་བ་ལྟ་བུ་དང་། མ་འདས་སྤྲུལ་སྐུ་ངོས་འཛིན་བྱེད་པ་དེ་འདྲ་ཡང་ཁ་ཤས་བྱུང་ཡོད་པ་ཞིག་རེད། སྤྲུལ་སྐུའི་ལམ་ལུགས་འདི་ཀརྨ་པ་ནས་མགོ་བཙུགས་ཏེ། ད་ལྟའི་ཆར་ཆོས་བརྒྱུད་ཡོངས་རྫོགས་ཀྱི་ནང་དུ་ཁྱབ་པ་མ་ཟད་རྒྱལ་ཕྱི་ནང་གི་མི་རིགས་གཞན་གྱི་ནང་དུ་བོད་ཀྱི་སྤྲུལ་སྐུ་ཡོང་གི་ཡོད་པ་རེད། སྤྲུལ་སྐུའི་ལམ་ལུགས་འདི་ལ་ཕན་གནོད་ཀྱི་ཆ་གཉིས་ཀ་ཏན་ཏན་ཡོད་རྒྱུ་རེད། བཀྲ་ཤིས་མ་དང་སྣ་ནག་མ་གཉིས་འགྲོགས་ནས་ཡོང་བ་ཕལ་ཆེར་དངོས་པོའི་གཤིས་ལུགས་ལྟ་བུ་རེད། དཔེར་ན། སློབ་སྦྱོང་བ་དང་ཆེ་མཐོང་ཅན་དུ་བརྩི་བཞིན་པའི་འཛམ་གླིང་ན་སྐད་གྲགས་ཡོད་པའི་སློབ་ཆེན་ཁག་གི་ནང་དུ་རྙོག་གླེང་ཇི་འདྲ་ཞིག་ཡོང་གི་འདུག སྤྱོད་ངན་གྱི་རིགས་ཇི་འདྲ་ཡོང་གི་འདུག སྤྱི་ཚོགས་ཤིག་གི་ཆ་ཤས་ལ་དགེ་སྐྱོན་གཉིས་ཀ་ཡོང་བ་ཆོས་ཉིད་ཡིན། སྤྱིའི་ཆ་ནས་བཤད་ན། བོད་དུ་སྤྲུལ་སྐུའི་ལམ་ལུགས་འདིས་ཕན་ཆེ་བ་མེད་ན་གནོད་ཆེ་བ་ཏན་ཏན་ཡོད་མ་རེད་བསམ་བཞིན་ཡོད། དཔེར་ན་རྒྱལ་བ་པཎ་ཆེན་དང་། གུང་ཐང་ཚང་ལ་སོགས་པ་ལྟ་བུ། ད་དུང་དགོན་སྡེ་མང་པོ་ཞིག་གི་ནང་དུ་སྤྲུལ་སྐུ་ཆེས་མང་པོ་ཞིག་གིས་དགོན་པ་དང་རང་རང་གི་སྡེ་བ་བདག་སྐྱོང་ཡག་པོ་གནང་གི་ཡོད་ས་རེད། འཆལ་སྤྱོད་འདྲ་མིན་བྱེད་མཁན་ཡང་མང་པོ་རེད་དེ། འགའ་ཞིག་ང་ཚོས་ཕར་བལྟས་ཚོད་ལ་དེ་འདྲའི་སྤྲུལ་སྐུ་ཞིག་གིས་ཅི་ཞིག་ཕན། སྤྲུལ་སྐུ་འདི་ལ་ལྷག་བསམ་དང་ཤེས་ཡོན་དེ་ཙམ་མི་འདུག་བསམ་ཡོང་བ་མང་པོ་ཞིག་ལ། རང་རང་གི་དགོན་པ་དང་སྡེ་བ་མང་པོས་རྨོངས་དད་ལྟ་བུ་ཡང་ཡིན་སྲིད། གང་ལྟར་ང་ཚོ་ལ་སྤྲུལ་སྐུ་རིན་པོ་ཆེས་བཀའ་དྲིན་ཆེན་པོས་སྐྱོང་ཡོད་ཅེས་ཁ་གཅིག་མཐུན་གྱིས་བཤད་ཡོང་གི་འདུག་ལ། ཡག་པོ་མི་འདུག་ཅེས་བཤད་ན་ཉེས་རྡུང་རེག་པའི་ཚོད་རེད། དེས་ན། ང་རང་གི་བསམ་བློ་ཞིག་གཏོང་གིན་ཡོད། འདི་ནི་བོད་ཀྱི་ས་ཁུལ་སོ་སོ་ནས་སྤྲུལ་སྐུ་ལ་བརྩི་འཇོག་ཇི་ལྟར་བྱས་པ་དེ་ལྟར་འཇོག་རྒྱུ་ལས་འོས་མེད་སྙམ། ང་ཚོས་ཟ་མ་ཟ་བ་ལྟ་བུ་ཞིག་རེད། དཔེར་ན། ངས་འདི་ཞིམ་ཤོས་རེད་ཅེས་བརྗོད་ཚེ་ཕར་ཕྱོགས་དེས་ཁས་ལེན་གྱི་མ་རེད་ལ། དེ་ཕར་ཕྱོགས་ལ་ཞིམ་པོ་མེད་པ་ཡང་ཡིན་སྲིད། དེ་རང་ལ་ཡང་མཚུངས། དེས་ན། སྤྱི་ཚོགས་སུ་ཞིག་ལ་ཡང་མི་འདི་ཡག་ཤོས་རེད་ཅེས་ཐག་གཅོད་བྱས་ཏེ། ཚང་མས་ཡག་ཤོས་ལ་ཁས་ལེན་པ་ཞིག་གཏན་ནས་མི་སྲིད་ལ། མི་འདི་སྡུག་ཤོས་རེད་ཅེས་ཐག་གཅོད་བྱས་ཏེ་ཁྱབ་བསྒྲགས་ཇི་ལྟར་བྱས་ཀྱང་ཚང་མས་སྡུག་ཤོས་ལ་ཁས་ལེན་པ་ཞིག་གཏན་ནས་མི་སྲིད་པས། སྤྲུལ་སྐུའི་ལམ་ལུགས་འདི་དགོས་དང་མི་དགོས་ཞེས་པ་དེ་རྒྱལ་ཁབ་གཅིག་གམ་ཆོས་ལུགས་གཅིག་གམ་ཡང་ཚོགས་པ་གཅིག་ལྟ་བུས་ཐག་གཅོད་བྱེད་པའི་དབང་ཆ་ཡང་མེད་ལ། གང་ཟག་སྒེར་པ་ཞིག་ལ་དེ་ལས་ཀྱང་ཐག་གཅོད་བྱེད་པའི་དབང་ཚད་དང་ཐོབ་ཐང་དང་ནུས་པ་གང་ཡང་མེད་པ་ཡིན། དེས་ན། དགེ་ལུགས་པས་འདི་མི་དགོས་ཟེར་ནས་ཕན་ཐོགས་མེད་ལ། རྙིང་མ་པས་འདི་མི་དགོས་ཟེར་ན་ཕན་ཐོགས་མེད་པ་སོགས་ཆོས་ལུགས་བྱེ་བྲག་པ་སུ་ཞིག་ལ་ཡང་འདི་མེད་པར་བཟོ་བའི་དབང་ཚད་དང་ཐོབ་ཐང་མེད་པ་ཡིན། སྤྱི་ཚོགས་ཡོངས་ཀྱི་ནང་དུ་སྤྲུལ་སྐུ་ཟེར་བ་དེས་ཕན་ཐོགས་མེད་པ་དང་དགོས་མཁོ་མེད་པ་སོགས་ཀྱི་ལྟ་ཚུལ་གཅིག་གྱུར་བྱུང་ནས་སྤྱི་ཚོགས་ཀྱི་ནང་དུ་བེད་མེད་དུ་གྱུར་ན། རང་བཞིན་གྱིས་སྤྲུལ་སྐུ་ལ་ཆེ་མཐོང་མེད་པ་དང་ནུས་པ་མེད་པར་གྱུར་ཟིན་པས་སྤྲུལ་སྐུ་མེད་པ་དང་གཅིག་མཚུངས་ཡིན། དེ་ལྟར་ཡོང་དང་མི་ཡོང་སྤྲུལ་སྐུ་ཁོང་རྣམ་པ་ཚོའི་འཇོན་ཐང་དང་ལྷག་བསམ་ནུས་པ་སོགས་ལ་རག་ལས་པ་ཡིན།
དེང་སྐབས་མང་པོ་ཞིག་གིས་སྤྲུལ་སྐུ་ལ་ཁ་གཏོང་བ་སོགས་བྱེད་པ་ནི། སྤྲུལ་སྐུ་བྱེ་བྲག་པ་ཞིག་གི་སྐྱོན་ཆ་མཐོང་བའམ་དེ་ལ་མི་དགའ་བའི་ཐོག་ནས་སྐྱོན་གྱི་ཕྱོགས་ཆེད་གཉེར་གྱིས་བཙལ་སྟེ་སྤྲུལ་སྐུའི་ལམ་ལུགས་ཡག་པོ་མི་འདུག་ཅེས་བཤད་པ་ཕལ་ཆེར་ཡིན་ཞེས་བཤད་ཐུབ། ཅི་ཕྱིར་ཞེ་ན། བོད་མདོ་དབུས་ཁམས་གསུམ་གྱི་སྤྲུལ་སྐུ་ཡོངས་རྫོགས་ལ་རྒྱུས་ཡོད་པ་དང་འབྲེལ་བ་ཡོད་པའི་མི་ཞིག་མེད་ལ། སྤྲུལ་སྐུ་ཡོངས་རྫོགས་སྡུག་ཆགས་གཏན་ནས་མིན་པས། སྐྱོན་བརྗོད་བྱེད་མཁན་ཚོ་རང་ཉིད་དང་འབྲེལ་བ་ཡོད་པའི་དགོན་པ་གཅིག་གམ་དགོན་པ་འགའ་ཞིག་གི་སྤྲུལ་སྐུ་དང་འབྲེལ་ལམ་ཡག་པོ་མེད་པ་དང་། ལྷག་པར་དབང་ཆའི་འཐབ་རྩོད་དང་། དམངས་ཚོགས་ཀྱིས་ཆེ་མཐོང་ཡོད་མིན་གྱི་ཐོག་ནས་ཕྲག་དོག་ལྟ་བུ་དང་། གཞན་ཡང་དོན་དམ་གྱི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཡག་པོ་མི་བྱེད་མཁན་ཡང་ཡོད་སྲིད་པས་དེ་འདྲའི་སྤྲུལ་སྐུ་བྱེ་བྲག་པ་ཞིག་གི་སྐྱོན་མཐོང་བའམ་དེ་དང་མི་འགྲིགས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ་སྤྲུལ་སྐུ་སྡུག་ཆགས་རེད། སྤྲུལ་སྐུའི་ལམ་ལུགས་ཡག་པོ་མི་འདུག་ཟེར་བ་དེ་ཚོ་ཕལ་ཆེར་ཁྱབ་པ་ཕྱོགས་གཅིག་ལ་འཁྲུལ་བ་ཞུགས་འདུག དེ་ལྟར་བྱས་ན། མི་མེད་པར་བཟོ་དགོས་འདུག །མི་ཡག་པོ་མི་འདུག །གང་ཡིན་ཟེར་ན་རྐུན་མ་རྒྱག་མཁན་ཇག་བྱེད་མཁན་ལོག་གཡེམ་བྱེད་མཁན་གྱི་མི་འདི་ཚོ་འདུག་ཅེས་མང་ཐག་ཆོད་བགྲང་རྒྱུ་ཡོད་པ་ཡིན།
མདོར་ན། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་དར་ཚར་བ་དང་། དར་ནས་ཡུན་རིང་སོང་བའི་ལམ་ལུགས་ཤིན་ཏུ་རྙིང་པ་ཞིག་རེད་ལ། དམངས་ཚོགས་ཀྱི་ནང་དུ་བག་ཆགས་ཤིན་ཏུ་གཏིང་ཟབ་པོ་ཡོད་པའི་ལམ་ལུགས་ཤིག་ཀྱང་རེད། དེ་ལ་དགོས་མི་དགོས་ཀྱི་རྩོད་པ་དང་ཚིག་མཚོན་འདེབས་རེས་བྱེད་པ་ལ་ང་མོས་མཐུན་མེད། བོད་རིགས་མང་པོ་ཞིག་གཞན་ཞིག་གིས་འགྲིག་མིན་རྐྱང་རྐྱང་བརྗོད་རྒྱུར་དགའ་བོ་ཡོད་པ་རེད་དེ། དོན་དམ་རང་རང་གིས་ལས་ཀ་ལེགས་པ་ཤ་སྟག་བྱས་དང་ཆོག་པ་ཡིན། འགའ་ཞིག་གིས་སྤྲུལ་སྐུ་དང་དགོན་བདག་ཚོས་ལས་ཀ་བྱེད་བཅུག་གི་མི་འདུག་ཟེར་བ་སོགས་འདུག་སྟེ། ཁོ་རང་ཉིད་ལ་དེ་ཙམ་གྱི་ནུས་པ་མེད་སོང་བ་ཡིན་གྱི་རེད་ལ། འཆར་གཞི་ངོས་གཙང་དང་ཕུགས་གཏན་གྱི་ལས་ཀ་ཡག་པོ་ཞིག་མེད་ན་བྱེད་མི་བཅུག་པ་ལ་རྒྱུ་མཚན་གཞན་དག་ཀྱང་ཡོད་རྒྱུ་རེད། འདི་ཚོ་ལ་རང་གི་བསམ་ཚུལ་ཁོ་ན་ལ་འཁྲེགས་འཛིན་མི་བྱེད་པར་བྱ་དངོས་དང་བསམ་ཚུལ་གཉིས་གཤིབ་བསྡུར་གྱིས་བསམ་གཞིག་བྱེད་རྒྱུ་དེ་ཆེས་གལ་ཆེན་རེད། འགའ་ཞིག་གིས་ཕྲག་དོག་ཁོ་ནས་ལེགས་ལམ་ཐམས་ཅད་འགོག་རྒོལ་བྱེད་མཁན་གྱི་ནང་དུ་སྤྲུལ་སྐུ་དང་སྐྱ་སེར་གཉིས་ཀ་ཡོད་རྒྱུ་རེད། དེ་དག་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་དང་ངོ་རྒོལ་བྱས་ན་ཆོག་པ་རེད།
མཐའ་དོན་ང་ཚོ་ཚང་མས་མཐུན་ལམ་གྱི་ཕྱོགས་བཙལ་དགོས་པ་རེད་མ་གཏོགས། སྤྱིར་སྤྱི་ཚོགས་ཤིག་གི་རྙོག་དྲ་ཡོད་པ་ནས་ད་དུང་དོལ་རྒྱལ་བས་སློང་བའི་རྙོག་དྲ། སྤྲུལ་སྐུའི་ལམ་ལུགས་ཀྱི་རྙོག་དྲ། ཆོས་སྲིད་ཟུང་དུ་འབྲེལ་དགོས་མིན་གྱི་རྙོག་དྲ། ནང་བསྟན་ཆོས་ལུགས་འདི་འགྲིག་མིན་གྱི་རྙོག་དྲ་སོགས་མང་པོ་ཞིག་མ་བསླངས་ན་ཡག་པོ་རེད་བསམ་བཞིན་ཡོད། དཔེར་ན། ད་ལྟ་ང་ཚོར་སྡོད་ཁང་དང་། ཆུ་དང་གློག ལམ་སོགས་ཡག་པོ་མེད་པས་གཞི་ནས་བཟོ་བཞིན་ཡོད་པ་རེད། ང་ཚོར་བསྡད་ས་གྲ་འགྲིག་པོ་བྱུང་ན། ཁྱིམ་ཆས་གསར་རྙིང་ཇི་ལྟར་སྒྲིག་དགོས་མིན་དང་། ་འབོལ་གདན་ཉལ་ཁྲི་དང་ཅ་ལག་རྙིང་པ་བཞག་དགོས་ཀྱི་འདུག་གམ་གསར་པ་ཉོ་དགོས་ཀྱི་འདུག་གཞི་ནས་ལྷོད་ལྷོད་ངང་བལྟས་ཆོག་པ་ཞིག་རེད།
དྲི་བ་བཅུ་བཞི་པ།
དེང་སྐབས་དགེ་བཅུའི་ཁྲིམས་ཞེས་པར་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་གླེང་སློང་མང་པོ་བྱེད་བཞིན་འདུག དགེ་བཤེས་ལགས་ཀྱིས་དེའི་ཐད་ལ་དགོངས་པ་གང་འདྲ་བཞེས་ཀྱི་ཡོད་དམ།
ལན།
འདིའི་ཐད་ལ་ངས་ཁ་སྔོན་ཚར་གཅིག་བཤད་ཟིན། སྤྱིར་དགེ་བ་བཅུ་དང་། མི་དགེ་བ་བཅུ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་པ་རེད་ལ། ཡོངས་གྲགས་སུ་ཡོད་པ་ཞིག་རེད། མང་པོ་ཞིག་གིས་དགེ་བ་བཅུ་པོ་དེ་རང་ཡིན་ས་རེད་བསམས་ནས་ནོར་བཞིན་ཡོད་ས་རེད། དེ་མ་རེད། དེ་ལས་གཞན་དུ་གསེར་རྟ་སྒར་ནས་མཁན་པོ་ཁག་གཅིག་གིས་དགེ་བཅུའི་ཁྲིམས་ཟེར་རམ་འགའ་ཞིག་གིས་དགེ་བཅུའི་སྲོལ་ཞེས་ཟེར་གྱིན་འདུག གང་ལྟར་བསླབ་བྱའི་སྡེ་ཚན་གསར་པ་ཞིག་ཕྱོགས་བསྒྲིགས་བྱས་ནས་སྲོལ་གཏོད་མཛད་པ་ཞིག་ཡིན་ས་རེད། ངས་བལྟས་ན། བཤས་ཚོང་མི་བྱ་བ་སོགས་ངོ་བོའི་ཆ་ནས་བསླབ་བྱ་དང་བླང་བྱ་རྐྱང་རྐྱང་ཡིན་པར་མཐོང་སོང་། འོན་ཀྱང་སྤེལ་ལུགས་ཀྱི་ངོས་ནས་རྙོག་དྲ་མང་པོ་ཡོང་གི་ཡོད་ཚོད་ལ། སྤྱི་ཚོགས་ལ་འཚམས་དང་མི་འཚམས་ནི། མི་གཅིག་གིས་ཐག་གཅོད་ཆོག་པ་དང་ཐུབ་པ་ཞིག་མ་རེད། སྤྱི་ཚོགས་ཡོངས་ཀྱིས་ངོས་ལེན་ཐོབ་མི་ཐོབ་དེ་རེད། འདི་རྒྱལ་ཁབ་ཅིག་གི་ཁྲིམས་མ་རེད་ལ་ཁྲིམས་ཁང་ཞིག་དང་དཔོན་པོ་ཞིག་གིས་གཏན་འབེབས་གང་ཡང་མིན་པས་འདི་ཁྲིམས་ཀྱི་ངོ་བོ་ཡོད་པ་མ་རེད། འདི་བསླབ་བྱའི་ངོ་བོར་ཡོད་པས་བསླབ་བྱ་རང་བྱས་ཏེ་སྤེལ་དགོས་པ་ཞིག་རེད་བསམ་བཞིན་ཡོད། འདིའི་བར་དུ་ཕྱོགས་མང་པོ་ནས་དོན་དག་ངོ་མ་དེ་གོ་ལོང་ཚོར་ལོང་མེད་པར་ཕན་ཚུན་གཅིག་གིས་གཅིག་བྱེད་ཀྱིན་འདུག གཉིས་ཀྱིས་གཉིས་བྱེད་ཀྱིན་འདུག་ཅེས་རྫུན་གཏམ་ཆེད་བསྒྲིགས་ཀྱིས་གཏམ་འཆལ་འུར་སྒྲོག་བྱེད་པ་དེ་འདྲ་མང་པོ་ཡོད་ཚོད་འདུག དེ་ནི་མཁན་པོ་རྣམས་ལ་ཞབས་འདེགས་ཤིག་དང་ཆོས་ཀྱི་ཉམས་ལེན་ཞིག་མ་རེད་ལ། ཕྱོགས་གཞན་ཞིག་ནས་རང་གིས་ཉམས་སུ་ལེན་མ་ཐུབ་ཀྱང་ཉམས་སུ་ལེན་པ་དག་ལ་ཡི་རང་བྱས་ནས་སྡོད་རྒྱུ་དེ་གལ་ཆེན་རེད་སྙམ། སྲོལ་དེ་སྤེལ་མཁན་གྱི་རྗེས་འཇུག་ཚོས་ཀྱང་རྗེས་ཕྱོགས་ནས་བཙན་དབང་དང་ཕྱོགས་རེས་ཀྱིས་མི་སྤེལ་བར་བསླབ་བྱ་རང་གི་ཐོག་ནས་སྤེལ་དགོས་པ་གལ་ཆེན་པོར་མཐོང་སོང་། འདི་རང་གི་ལྟ་ཚུལ་ཡིན།
དྲི་བ་བཅོ་ལྔ་པ།
སེང་རྡོར་གྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་བཏགས་ནས་རྩོམ་ཡིག་ཅིག་བྲིས་པ་དེ་ལ་དགོངས་ཚུལ་ག་རེ་ཡོད་དམ།
ལན།
འདི་ལ་སྙིང་རྗེ་བ་ཞིག་རེད་ལ། ཁྱད་པར་དེའི་ཕ་མ་དང་སྤུན་མཆེད་སོགས་ཡུན་རིང་ནས་ནང་བསྟན་ཆོས་ལུགས་ལ་དད་འདུན་གྱི་བག་ཆགས་ཆེས་འཐུག་པོ་ཞིག་ཡོད་པ་དག་ལ་བྱེད་སྟངས་མ་ཤེས་པའི་དཀའ་ངལ་ཇི་འདྲའི་ཆེན་པོ་ཞིག་ཡོང་རྒྱུ་རེད་བསམ་བློ་ཞིག་ཐོངས་དང་ཡ་ང་བ་ཞིག་རེད། ཁོ་རང་ཉིད་ཀྱིས་ཀྱང་ནང་བསྟན་ཆོས་ལུགས་ཀྱི་བཀའ་དང་བསྟན་བཅོས་ཀྱི་ནང་དོན་གྱི་སྙིང་པོ་གང་ཡང་མ་ཤེས་པར་བཤད་རྒྱུར་དགའ་བ་ཞིག་རེད་ལ། དེ་ལྟར་མ་བཤད་ན་རང་ཉིད་སྒྲོག་པར་བྱེད་པའི་ཐབས་ཤེས་མ་བྱུང་བ་ལོས་ཡིན། དེ་ལས་སྐྱོ་བ་ཞིག་ནི། ཁོ་རང་ཉིད་ཀྱིས་རིག་གནས་དང་གཞུང་ལུགས་ཅུང་ཟད་སྦྱངས་པ་དེ་ལྷ་བདུད་དུ་བབ་པ་ལྟར་རང་ཉིད་འཇོམས་པར་བྱེད་པའི་རྒྱུ་དང་གཞན་ལོག་ལམ་དུ་འཁྲིད་པའི་རྐྱེན་དུ་སོང་འདུག །ལྷག་པར་ནང་བསྟན་ཆོས་ལུགས་ལ་ཁུངས་ལུང་མེད་རབས་དང་རྨོངས་དད་ཡོད་རབས་བཤད་ནས་ཡེ་ཤུའི་ཆོས་ལ་འཛུལ་ཡོད་རབས་བཤད་ཀྱིན་འདུག་པ་བདེན་ན་རྣམ་དཔྱོད་ཀྱིས་དཔྱད་དེ་བློ་ལོག་པ་ཞིག་མིན་པར་རྒྱབ་ལྗོངས་ལ་དགོས་མཁོ་གཞན་དང་ལས་དོན་གཞན་ཞིག་ཡོད་པར་ཐག་ཆོད་མོད། ངས་ཏག་ཏག་བཤད་མི་ཤེས། སྤྱིར་ཤོབ་ཅེས་པ་རྫུན་གྱི་དོན་དང་། རྫུན་ཞེས་པ་མི་བདེན་པའི་སྐད་ཆའི་མིང་སྟེ། དོན་ལ་མི་གནས་པའི་སྐད་ཆའམ་ཀུན་སློང་ཕྱིན་ཅི་ལོག་གིས་འདུ་ཤེས་བསྒྱུར་བའི་སྐད་ཆ་ལ་ཟེར་བས། ཁོ་རང་ཉིད་ཀྱིས་བཀའ་དང་བསྟན་བཅོས་ཀྱི་ནང་དོན་གྱི་ཆ་ནས་བརྒྱ་ཆའི་གཅིག་གཉིས་ཤིག་ཀྱང་མི་ཤེས་ཤིང་། བརྒྱད་ཁྲི་བཞི་སྟོང་གི་ནང་དོན་གྱི་ཆ་ནས་འདི་མ་རེད་ཅེས་བརྒྱ་ཆའི་གཅིག་ཀྱང་བཤད་རྒྱུ་མ་རེག་པར་འདི་དག་ཤོབ་རེད་ཅེས་ལབ་ན་ཁོ་རང་གིས་འུར་ཆེན་པོའི་སྒོ་ནས་ཤོབ་བཤད་པ་དངོས་ཡིན་པ་ལས་སྐད་ཆ་དེ་ཏག་ཏག་བསྡད་མེད་པ་རེད། དཔེར་ན། བོད་རིགས་ཀྱི་མི་འདིས་རྫས་འདི་བརྐུས་ཞེས་ཅུང་ཟད་ཀྱང་བརྗོད་རྒྱུ་མ་བྱུང་བར་བོད་མི་ས་ཡ་དྲུག་རྐུན་མ་རེད་ཅེས་པ་དང་ཁྱད་པར་གཏན་ནས་མེད་ལ། སྐད་ཆའི་ནང་དོན་མ་གོ་བར་སྐད་ཆ་དེ་རྫུན་རེད་ཅེས་བརྗོད་སྟངས་ག་ནས་ཡོང་། སྟོན་པའི་ཆོས་ཕུང་དེ་ཤོབ་རེད་ཅེས་བཤད་ནས། དེ་ཀླུ་སྒྲུབ་ཀྱིས་རྫུན་རྒྱབ་རྫུན་ལངས་བྱས། དེ་ལ་ཐོགས་མེད་ཀྱིས་དེ་ལྟར་བྱས། དེའི་རྗེས་འབྲང་གི་མཁས་ཤིང་གྲུབ་པ་བརྙེས་པ་ཐམས་ཅད་ཀྱིས་རྫུན་རྐྱང་རྐྱང་བཤད་དེ་ཡོང་། ད་དུང་མི་ལོ་༢༥༥༠ ལྷག་གི་རིང་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་གི་མཁས་པ་དང་གྲུབ་པ་དང་དཔོན་པོ་དང་ཚོང་པ་ཆེད་ལས་པ་དང་ཚན་རིག་པ་སོགས་ཚང་མ་ལྐུགས་པ་ལུག་ལྟ་བུ་རྨོངས་དད་དང་རྫུན་གྱི་རྒྱབ་རྩར་ལངས་མཁན་ཤ་སྟག་དང་། རྨོངས་དད་པ་དང་རྫུན་ལ་ཡིད་ཆེས་མཁན་རྐྱང་རྐྱང་རེད། རྣམ་དཔྱོད་ཀྱི་ཤེས་རབ་དང་ལྡན་པ་དང་། བདེན་གཏམ་བཤད་ཐུབ་ངེས་ང་མ་གཏོགས་མེད་ཅེས་པའི་ཚོད་ལ་སླེབས་པ་རེད། དེ་འདྲ་ལ་སུ་ཞིག་གིས་ཡིད་ཆེས་བྱེད། སྔོན་ཆད་ཀྱི་གནས་ཚུལ་མང་པོ་ཞིག་འདི་ལྟར་ཡིན་མི་སྲིད་དེ་ད་ལྟའི་གནས་སྟངས་འདི་དང་འདི་ལྟར་ན་དེ་འདྲ་ག་ནས་ཡོང་ཞེས་དང་། འདི་ལྟར་ཡོང་བ་མི་སྲིད་དེ། ངའི་བློ་ཡུལ་དུ་ཤོང་གི་མི་འདུག་ཅེས་པས་གང་ཡང་མི་ཕན་དེ། ང་ཚོའི་བློ་ཡུལ་ལས་འགོང་པའི་བྱ་བ་མང་པོ་ཞིག་སྔོན་ཆད་བྱུང་མྱོང་ལ། མ་འོངས་པར་ཡང་ཡོང་སྲིད། དཔེར་ན། འདི་ནས་བརྩིས་པའི་ལོ་སུམ་བརྒྱའི་ཡར་སྔོན་དུ་མི་ཞིག་ལ་གནམ་གྲུ་ཞེས་པ་མི་མང་པོ་ཁུར་ཏེ་གནམ་ལ་འཕུར་འགྲོ་བའི་འཕྲུལ་ཆས་དེ་འདྲ་ཞིག་ཡོད་ཅེས་པའམ། བཟོ་དགོས་ཞེས་སྨྲས་ན། འདི་སྨྱོ་བ་རེད་དམ་འཁྲུལ་བ་རེད་ཅེས་སེམས་ཚོར་མ་ཟིན་པའི་མིའི་གྲལ་དུ་བཞག་པ་ལས་སུ་ཞིག་གིས་ཡིད་ཆེས་བྱེད། འདི་འདྲ་བའི་གནས་སྟངས་ཧ་ཅང་མང་། དེས་ན་ལོ་རྒྱུས་ལ་བདེན་མི་བདེན་གྱི་གནས་ཚུལ་ཅི་རིགས་སྲིད་ཀྱང་ལོ་རྒྱུས་ཀྱི་ཡིག་ཆ་ཕལ་ཆེ་བའི་ཕྱོགས་དང་མཐུན་པར་དེ་ལྟར་ཁས་ལེན་པ་ལས་འོས་མེད་ལ། ལྷག་པར་གཞུང་ལུགས་ཆེན་པོ་དག་གི་དགོངས་པ་འགྲེལ་བའི་མཁས་པ་ཁག་གིས་རིགས་པས་དཔྱད་པ་མང་པོ་བྱས་ཏེ་མཐའ་དཔྱོད་པ་དང་གཏན་ལ་འབེབས་པ་སོགས་བྱེད་པས་གཞུང་ལུགས་མཁན་གྱི་བཤད་པ་ཕལ་ཆེ་བ་ནི་དེ་ལྟར་བྱུང་བའི་ཚུལ་དུ་ཤིན་ཏུ་ཡིད་ཆེས་འོས་སོ། །སྤྱིར་བཏང་ནས། ནང་པའི་ཆོས་ལ་ཁུངས་མི་འདུག་ཟེར་མཁན་ཚོས་ཚུར་ཁྱེད་རང་ཚོ་ལ་ཁུངས་གང་ཡོད་ཅེས་འདྲི་བ་དེ་འདྲི་སྟངས་ནོར་བ་རེད། ཕར་ཁུངས་མེད་པའི་རྒྱུ་མཚན་གང་རེད་ཅེས་འདྲི་དགོས་པའི་ཚོད་རེད། བཤད་རྒྱུ་ཡོད་ན་ཡག་པོ་རེད་དེ། བདེན་བཞིའི་གནས་ལུགས་དང་། སྟོང་རྟེན་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་ཁུངས་མེད་པའི་རྒྱུ་མཚན་རྣམ་དག་གཅིག་ད་བར་བྱུང་མྱོང་མེད་ལ། ད་དུང་ཡོང་མི་སྲིད། ཡོད་ན་ཤོད་དང་། རྒྱབ་ཕྱོགས་ཤིག་ནས་ཡི་གེ་ཁ་ཤས་རེ་བྲིས་ནས་དེ་ནས་མདུན་ལ་ཐོན་རྒྱུ་གཏན་ནས་མེད་པ་དེ་འདྲ་མ་ཡིན་པར་ཚུར་བཤད་གྲྭ་ཆེན་པོ་དེ་ཚོའི་ནང་དུ་ཡོང་ནས་རིགས་པ་དང་རིགས་པ་བསྡུར། ལུང་དང་ལུང་བསྡུར་ནས་ཤོད་དང་འགྲིགས། དྲི་བ་དྲིས་ན་མི་ཤེས་མཁན་ཞིག་གི་སར་སོང་ནས་དྲིས། སྐད་ཆ་བཤད་ན་མི་ཤེས་མཁན་ཞིག་གི་སར་སོང་ནས་བཤད། དེ་དག་གི་ལན་ཡག་པོ་ཞིག་མ་བྱུང་བ་ན་ད་མི་འདུག་ཅེས་སོགས་འུར་སྒྲོག་ལུང་པ་གང་བྱེད་པ་དེ་ཚོ་རིགས་པ་སྨྲ་བ་མ་རེད་ལ། རྣམ་དཔྱོད་ཅན་ག་ལ་ཡིན། ལྷག་པར་རྒྱ་གར་དུ་འཕགས་པ་ཀླུ་སྒྲུབ་སོགས་ཀྱི་སྐབས་སྔ་ཕྱི་རྣམས་སུ་ཕྱི་ནང་གི་མཁས་པ་ཅི་འདྲའི་མང་པོ་ཞིག་གིས་བལྟས་ནས་བསྡད་ཡོད་པའི་དུས་ཚོད་ཅིག་ལ། སྟོན་པའི་མ་གསུངས་པ་ཞིག་གསུངས་པ་རེད་ཅེས་མི་བདེན་རྫུན་སྒྲིག་བྱས་པ་དང་། དེའི་རྗེས་སུ་འབྲང་བ་དག་གིས་མི་བདེན་རྫུན་གྱིས་འཁོར་ལོ་བསྐོར་བ་ཡིན་ན་ཕྱི་ནང་གི་མཁས་པ་དེ་དག་གིས་ལམ་སེང་ཚར་གཅོད་ཚུར་འདུས་བྱེད་མི་འགྲོ་བ་མི་སྲིད་ལ། དེ་མ་དགོས་བྱེ་མདོ་དང་སེམས་ཙམ་ཕྱོགས་ཀྱི་མཁས་པ་དེ་ཚོས་ཀྱང་སྟོན་པའི་དགོངས་པ་མིན་པ་ཞིག་དགོངས་པ་ཡིན་ཟེར་ནས་རྫུན་བཤད་ཀྱི་འདུག་ཅེས་པའི་དགག་པའི་ཆར་པ་འབབ་ངེས་རེད། དཔེར་ན། སེམས་ཙམ་པས་དབུ་མ་བ་འགོག་པའི་སྐབས་སུ་དབུ་མའི་ལྟ་བ་དེ་མདོའི་དགོངས་པ་མིན་པ་དང་དེ་ལྟར་ལྟ་ན་ཆད་ལྟར་ལྷུང་བ་འགྱུར་བ་སོགས་ཀྱི་སྐྱོན་བརྗོད་བྱེད་མོད། སྟོན་པས་མ་གསུངས་པ་ཞིག་ཁྱེད་ཚོས་གསུངས་ཟེར་བཞིན་རྫུན་བཤད་ཀྱི་འདུག་ཅེས་པའི་སྐད་ཆའི་ཟུར་ཙམ་མེད་པས་ཀྱང་ཤེས་སོ། །འོན་ཀྱང་གཞུང་གི་ནང་དོན་མི་ཤེས་པ་ཞིག་ལ་གཞུང་ལུགས་དཔང་པོར་བྱས་ནས་འགོག་པའི་ཐབས་མེད་དེ། དཔེར་ན། ཇི་ལྟར་རྩོད་པ་ལ་བྱང་བའི་མཁས་པ་ཞིག་ཡིན་རུང་རྩོད་པའི་སྒོ་ནས་ཨ་མ་རྒན་མོ་ཕམ་པར་བྱེད་པའི་ཐབས་མེད་པ་ལྟ་བུ་ཡིན།
དྲི་བ་བཅུ་དྲུག་པ།
ཚ་བ་མདའ་སྨྱུག་ཅེས་པས་དེབ་ཅིག་བརྩམས་འདུག དེ་ལ་སྤྱི་ཚོགས་ནང་དུ་གླེང་སློང་མང་པོ་བྱེད་ཀྱིན་འདུག དགེ་བཤེས་ལགས་དེའི་སྐོར་ལ་དགོངས་ཚུལ་གང་འདྲ་ཡོད།
ལན།
ཚ་བ་མདའ་སྨྱུག་ཅེས་པ་དེས་བརྩམས་པའི་དེབ་དེ། མགོ་ནས་མར་ཅུང་ཟད་རེ་བལྟས་པ་ཡིན་ཡང་མཇུག་ཕུད་ལོངས་མ་བྱུང་ལ། ཞིབ་ཚགས་ལྟ་དགོས་པ་ཞིག་མ་མཐོང་སྟེ། བལ་པོའི་སེའུ་མ་ཟོས་ཀྱང་། ཁ་དོག་ཉིད་ལས་བྲོ་བ་ཤེས་སོང་། དེ་ཡང་ལོག་རྟོག་ལ་མཐའ་དང་མུ་མེད་པས་ཇི་ལྟར་བཤད་ཀྱང་ཆོག་པས་འདི་འདྲའི་ལོག་རྟོག་ཡོང་སྲིད་ལ་གང་ཡང་བཤད་སྲིད། དེས་ན་མཁས་པའི་དབང་པོ་རྣམ་པས་དགག་ལན་མ་བྲིས་པ་ཡིན་རྒྱུ་རེད་ལ། ལོག་བཤད་མཐའ་དག་ལ་ལན་འབྲི་ཚོད་ཀྱང་གང་ན་ཡོད། ངས་ཀྱང་དེ་རིང་ཁྱེད་རྣམ་པའི་དྲི་བ་ནན་ཏན་བྱས་པ་མ་གཏོགས་འདིའི་སྐོར་བཤད་འདོད་གཏན་ནས་མེད་ལ་བཤད་རིན་ཡང་མི་འདུག་སྙམ། རྩོམ་དེ་ཚོ་འཇིག་རྟེན་རྒད་པོ་ཞིག་གིས་འགན་མ་ཁུར་བའི་ཁ་བདེ་ཞིག་བཀོད་པའི་ཚོར་སྣང་ཙམ་ལས་ཡིད་འཕྲོག་པའི་གཏམ་ཞིག་གཏན་ནས་མ་མཐོང་། འོན་ཀྱང་རྩོམ་གྱི་འགྲོས་ནི་དོད་པོ་ཞིག་འདུག ལྷག་པར་གཞུང་ལུགས་ཆེན་པོ་འགའ་ལ་སློབ་སྦྱོང་རེ་བྱས་མཚམས་མཐར་མ་ཕྱིན་པར་འདི་འདྲའི་ལྟ་ལོག་ཅན་དུ་འགྱུར་བ་སྙིང་རྗེ་བསམ་པ་ལས་གང་ཡང་མེད། སྤྱིར་བཏང་ནས་སྐད་ཆ་དེ་ཚོ་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡོད་མེད་མི་ཤེས་མོད། དེ་འདྲའི་ཀླན་ཀ་ཕལ་ཆེ་བ་བྱུང་མྱོང་བ་ཤ་སྟག་ཡིན་པར་སེམས། ཡིན་ནའང་རང་གི་སྐད་ཆ་དེས་སྤྱི་ཚོགས་ཡོངས་ལ་ཕན་གནོད་ཀྱི་འབྲེལ་བ་ལ་བསམ་བློ་གང་ཡང་མེད་པར་ནང་བསྟན་ཆོས་ལུགས་ལ་བརྙས་སྨོད་ཚད་ལས་བརྒལ་བ་ཞིག་བྱས་པ་དེས། དེང་སྐབས་ཀྱི་བོད་ཀྱི་གཞོན་སྐྱེས་བོད་རྒྱའི་ཡིག་རྨོངས་ལས་ནི་གྲོལ། ཆོས་དང་རིག་གཞུང་ལ་དོ་སྣང་ཅུང་ཟད་རེ་ཡོད་པ་དང་། དངོས་ཡོད་ཀྱི་གཞུང་དང་རིགས་ལམ་སྦྱངས་ཏེ་ཆོས་ལུགས་ཀྱི་ནང་དོན་ལ་ཁ་ཕྱོགས་དང་རང་ཚུགས་གང་ཡང་མེད་པར་དགོད་པའི་ངོ་ལ་བལྟས་ན་དགོད་ཡོང་བ་དང་། ངུ་བའི་ངོ་ལ་བལྟས་ན་ངུ་ཡོང་བའི་སློབ་མ་དང་ཚོང་པ། གྲོང་གསེབ་པ་མང་པོ་ཞིག་འགྲོ་འདུག་མི་ཤེས་པའི་ཚོད་ཅིག་བཟོས་འདུག་པ་དངོས་ཡོད་གནས་ཚུལ་རེད། དེས་ཁོ་རང་ཉིད་ལ་ཕན་གྱི་ཡོད་ཚོད་རེད་མོད། གཅིག་བྱས་ན་ཁོ་རང་ཉིད་ཀྱིས་བརྩམས་ན་དགོས་སོགས་ཆོས་བཞི་ཡོད་མེད་ཙམ་ཡང་མ་ཤེས་པར་རང་དགར་བྲིས་པ་ཞིག་ཀྱང་ཡིན་པའི་ཚོད་དུ་འདུག འོན་ཀྱང་དགོན་པ་མང་པོའི་ནང་གི་གྲྭ་ཆུང་བསམ་མེད་མང་པོས་དེབ་དེ་ལ་བལྟས་ཏེ་གྲྭ་ལོག་བྱེད་མཁན་བྱུང་བ་དང་། ནང་བསྟན་ཆོས་ལུགས་ལ་དད་པ་བརླགས་པ་སོགས་རྐྱེན་ངན་མང་པོ་ཞིག་གི་རྩ་བ་ཚུགས་ཏེ་བོད་ཀྱི་དགོན་སྡེ་ཁག་དང་དམངས་ཚོགས་སྤྱི་ཡོངས་ལ་གནོད་པ་ཆེན་པོ་ཞིག་བསྐྱལ་ཡོད་པ་དངོས་ཡོད་རེད། ངའི་བསམ་ཚུལ་ནི་བོད་ཀྱི་སྤྱི་ཚོགས་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་འགན་མ་ཁུར་བ་ཞིག་རེད་ལ། ཆོས་དང་རིག་གཞུང་ལ་ཕྱི་ནང་གི་རྐྱེན་ངན་མང་དྲགས་མེད་ན་ཉུང་དྲགས་མེད་པའི་དུས་སྐབས་འདིར་སླར་ཡང་ནང་ཁུལ་ནས་རྒོལ་དགོས་དོན་མི་འདུག་བསམ་བཞིན་ཡོད། དེ་ང་རང་ཉིད་ཀྱི་བསམ་ཚུལ་ཡིན་ལ། ལྷག་པར་གྲྭ་ཆས་ལུས་ལ་གྱོན་ཏེ་སངས་རྒྱས་ཆོས་ལུགས་ལ་སྨོད་པ་བྱེད་པ་དེ་ཚོ་ཁ་ཕྱིར་བསྟན་དང་གྲོད་པ་ནང་བསྟན་གྱི་བྱེད་སྟངས་དེ་ནི་ཐབས་སྐྱོ་བོ་རེད་བསམ་བཞིན་ཡོད། སྤྱིར་ཆོས་ལུགས་ལ་དགག་པ་རྒྱག་མཁན་འགའ་ཞིག་མི་རིགས་ལ་དུང་ཞེན་ཆེ་དྲགས་པས་ཡིན་རབས་གསུང་མཁན་འདུག་པ་བདེན་སྲིད་ཀྱང་། དོན་དངོས་སུ་རིག་གསར་སྐབས་ཀྱི་སྐད་ཆ་དག་ལ་བདེན་དཔང་སྤུས་ཀ་ལྡན་པ་ལྟ་བུར་བྱས་ཤིང་རྒྱབ་སྐྱོར་བླ་མེད་ཅིག་ཀྱང་དོན་གྱིས་བྱས་ཡོད། དངོས་གནས་མི་རིགས་ལ་དུང་ཞེན་ཡོད་ན་ནང་ཁུལ་དཀྲུག་ཤིང་གཏན་ནས་བྱེད་མི་རུང་ལ་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གཞན་ལ་ངོམ་ཆོག་པ་ཞིག་ཡིན་མོད། གལ་སྲིད་འཛམ་གླིང་ཐོག་རྗེས་ལུས་ཅན་དང་རིན་ཐང་མེད་པ་ཞིག་ཡིན་ཡང་གནས་སྐབས་འདི་ལ་རྒོལ་རྡུང་བཏང་སྟེ་མེད་པར་བྱ་མི་རུང་སྟེ། དཔེར་ན། རང་ལ་རླངས་འཁོར་ཐབས་ཆག་གཅིག་ལས་མེད་པའི་མི་ཞིག་གིས། ངས་རླངས་འཁོར་འདིས་གཞན་གྱི་རླངས་འཁོར་གྱི་རྗེས་མི་ཟིན་པས་ཡག་པོ་མི་འདུག་ཅེས་གཡང་གཟར་ལ་བསྐྱུར་ན། (རླངས་འཁོར་ཐབས་ཆག་གི་དཔེ་ནི་ཆོས་ལ་སྙིང་པོ་མེད་པར་རྩི་མཁན་ཚོའི་ངོར་ཡིན་གྱི། བོད་རང་གི་ཆོས་ནི་ཐབས་ཆག་ཅིག་ཏུ་གཏན་ནས་མི་འདོད་པ་ཡིན།)དེ་ནས་གཞན་གྱི་རླངས་འཁོར་ལ་འགྲམ་ཆུ་ལྡང་ཞོར་རྐང་ཐང་འགྲོ་རྒྱུ་ལས་འོས་མེད་པ་ལྟར། བོད་རང་ལ་འཛམ་གླིང་གི་རིག་གནས་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་རྗེས་ཆོད་པ་ཞིག་མ་བྱུང་བར་དུ་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གཏོར་བརླག་བྱ་མི་རུང་སྟེ། རང་གི་རིག་གཞུང་བརླགས། གཞན་གྱི་རྗེས་མ་ཟིན་པར་ཅི་མེད་ཅང་མེད་ཀྱི་གློ་བའི་མི་ལྟ་བུ་ཞིག་ཆགས་ངེས། འཇིག་རྟེན་ཁ་དཔེར། ལྕམ་སྐུ་ཞབས་ཀྱི་ཕེབས་སྟངས་མ་ཤེས། བུ་མོ་རང་གི་འགྲོ་སྟངས་བརླགས །ཞེས་པ་ལྟར་ཡོང་རྒྱུ་ཉག་གཅིག་རེད། སྤྱིར་བཏང་ནས་ང་ཚོ་བོད་ནང་གི་རིག་གནས་པ་ཡིན་ཟེར་མཁན་ཕལ་ཆེར་ཞིག་ལ་སེམས་ཤུགས་ཧ་ཅང་ཆེན་པོ་མང་ཙམ་འདུག་ཀྱང་། རྒྱལ་སྤྱིའི་གནས་ཚུལ་དང་ལྟ་གྲུབ་འདྲ་མིན་གྱི་ཕྱོགས་ལ་མཐོང་རྒྱ་ཐོས་རྒྱ་མེད་པ་དང་། གུ་དོགས་པའི་སྐྱོན་ཆེན་པོ་ཞེ་དྲག་འདུག་པ་ཐུགས་ཁག་གཏན་ནས་མེད། ཁོར་ཡུག་གི་གནས་སྟངས་ལས་ཡིན་པར་ཤེས་སོང་། ད་དུང་ཤེས་བྱའི་རྣམ་གྲངས་གང་འཚམས་རེ་མཐོང་ཐོས་ཡོང་དུས་འུར་ཆེན་པོ་རྒྱག་རྒྱུ་དང་མཁས་མདོག་བྱེད་རྒྱུ་དགའ་པོ་ཡོད་པ་དེ་ཚོ་ཕལ་ཆེར་མཐོང་རྒྱ་ཐོས་རྒྱ་མེད་པ་དང་ལུང་ཁུག་གི་མི་ཡིན་པའི་རྟགས་འདྲ་བོ་རེད་འདུག
དྲི་བ་བཅུ་བདུན་པ།
ང་ཚོ་ལ་ནང་ཆོས་སྦྱོང་འདོད་འདུག་མོད། འོན་ཀྱང་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ནང་ཆོས་ཀྱི་གཞུང་ལུགས་ལ་སྦྱོང་ལུགས་ཀྱི་ཐབས་ཤེས་གང་འདྲ་ཡོད་གསུངས་རོགས།
ལན།
རང་རང་གི་ཆོས་དང་རིག་གཞུང་གི་རིན་ཐང་དང་ཁྱད་ཆོས་ཤེས་པར་བྱས་ཏེ་དཀའ་ལས་མང་ཙམ་དང་དུས་ཚོད་ཅུང་ཟད་ཅིག་མ་གཏོང་བར་གཞུང་ལུགས་ཆེན་པོ་ཚོ་ཤེས་ཐབས་མེད་པ་རེད། འོན་ཀྱང་ནང་ཆོས་ཀྱི་སྤྱི་དོན་དང་བསྡུས་དོན་ལྷག་པར་ལམ་རིམ་ལྟ་བུ་ནང་ཆོས་ཀྱི་སྙིང་པོ་ཕྱོགས་བསྡུས་དེ་འདྲ་ཡོད་པ་ཚོ་ཤེས་པར་བྱས་ཏེ་མ་མཐའ་ནང་ཆོས་ཀྱི་རྒྱུན་ཤེས་ཤིག་ཤེས་དགོས་པ་གལ་ཆེ། དེང་སྐབས་རྒྱ་ཡིག་དང་བོད་ཡིག་དབྱིན་ཡིག་གང་དགོས་ཀྱང་། ནང་ཆོས་ཀྱི་སྤྱི་དོན་སྟབས་བདེ་བོ་དང་གོ་བདེ་བོ་ཉུང་ཉུང་དེ་འདྲ་མང་པོ་འདུག་པ་དེ་ཚོ་ལ་གཟིགས་དང་ཡག་པོ་འདུག རྒྱ་རིགས་དང་ཕྱི་རྒྱལ་གྱི་མི་རིགས་དེ་ཚོས་ནང་ཆོས་ལ་དོ་སྣང་དང་དོགས་འདྲི་སོགས་བྱས་ཏེ་ཇི་ལྟར་སྦྱོང་བཞིན་འདུག་གཅིག་ལྟོས་དང་བློ་སྐྱེད་དང་བ་འདྲེན་པ་ཞིག་ཡོད།
དྲི་བ་བཅོ་བརྒྱད་པ།
ཤ་ཟ་བ་དང་བཤས་ཚོང་སོགས་ཀྱི་སྐོར་དེ་དང་། བཅུ་དགུ་པ། དགེ་བཤེས་ཚོས་«ང་ཚོའི་བསམ་ཚུལ་དང་། ང་ཚོའི་རེ་བ་»ཞེས་པའི་བརྙན་སྡེར་གྱི་ནང་དུ་ཤ་ཟ་དགོས་པ་དང་ཚེ་ཐར་གཏོང་མི་ཆོག་ཅེས་བཤད་འདུག་ཅེས་འུར་སྒྲོག་ཆེན་པོ་བྱེད་ཀྱི་འདུག་པ་ལ་དགེ་བཤེས་ལགས་ལ་དགོངས་ཚུལ་གང་ཡོད་ཟེར་བ་དེ་རེད།
ལན།
དྲི་བ་དེ་གཉིས་དོན་དག་གཅིག་པ་ལྟ་བུ་རེད་འདུག་པས་ལན་གཅིག་གིས་ཆོག་པར་བྱེད། ཁྱེད་ཀྱི་དྲི་བའི་ནང་ཡོད་པ་ལྟར་འུར་སྒྲོག་ནི་འུར་སྒྲོག་རང་རེད། དེང་སྐབས་ཆོས་ལུགས་ཐམས་ཅད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་ཤ་ཟ་བ་སོགས་སེམས་ཅན་གྱི་སྲོག་ལ་འཚེ་བའི་ཕྱོགས་སུ་འགྲོ་བ་རྣམས་འགོག་གང་ཐུབ་བྱེད་བཞིན་ཡོད་རེད། དཔེར་ན། རྒྱ་གར་ནས་བླ་མ་རྡོ་རྗེ་འཆང་གི་བཀའ་དགོངས་ལྟར་སྤྱི་ལོ་༡༩༩༠ ཡན་མན་ནས་དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་གྱི་ནང་དུ་ཚོགས་ཆེན་པོ་འཚོགས་པའི་སྐབས་སུ་ཤ་གཏོང་མི་ཆོག་པ་བཟོས་སོང་། དེ་དུས་བོད་ཀྱི་ནང་དུ་ཚོགས་འཚོགས་པའི་སྐབས་སུ་ཤ་འགོག་པའི་དགོན་པ་གཅིག་ཀྱང་ཡོད་དཀའ་རྒྱུ་རེད། དེ་ཤེས་དགོས་པ་ཞིག་རེད། དེ་སྐབས་སུ་གདན་ས་གསུམ་གྱི་ནང་དུ་ཡང་སྤྱིར་ཞལ་ལག་སྐྱོ་བོ་དང་འཚོ་བ་སྐྱོ་བའི་སྐབས་རེད། འཚོ་བ་འདི་འདྲ་སྐྱོ་བའི་སྒང་ལ་ཤ་ཟ་རྒྱུ་འགོག་ནས་ཅི་བྱེད་ཟེར་མཁན་གྱི་གྲྭ་པ་མང་པོ་བྱུང་ཡང་ཚོགས་ལ་ཤ་གཏོང་མི་ཆོག་པ་གཏན་ཁེལ་བ་རེད། དེའི་རྗེས་སུ་མུ་མཐུད་ནས་ཁམས་ཚན་ཁག་དང་ཟ་ཁང་སོགས་སུ་ཤ་གཏོང་མི་ཆོག་པ་བཟོས་ཡོད་རེད། གདན་ས་གསུམ་དུ་ཤ་བཀག་ནས་ཡུན་རིང་སོང་བས་དེང་སྐབས་བོད་ཕྱི་ནང་གཉིས་སུ་ཤ་མེད་པའི་ཟ་མ་བཟོ་དགོས་ན་གདན་སའི་གྲྭ་པ་ཚོ་ལས་ལྷག་མེད་ཅེས་བཤད་ཀྱང་ཆོག་ཚོད་ཡོད། དེ་འདྲ་རེད། དེ་རྗེས་མུ་མཐུད་ནས་བོད་དུ་དགོན་པ་ཁག་གི་ནང་དུ་ཤ་འགོག་པའི་སྲོལ་དར་བ་རེད། ཡག་པོ་རེད་དེ། འགོག་ལུགས་ལ་ཚོད་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་ལྟ་དགོས་ས་མང་པོ་རེད། དགེ་བཤེས་ཚོས་ཞེས་དགེ་བཤེས་ཚང་མས་བཤད་པ་ཞིག་ཡོད་མ་རེད་ལ། དགེ་བཤེས་ཚོས་ཤ་ཟ་དགོས་པ་རེད་ཅེས་ལབ་འདུག་ཟེར་ནས་འུར་སྒྲོག་ཇི་ལྟར་བྱས་ཀྱང་། ངེད་ཚོ་དགེ་བཤེས་འགའ་ཞིག་གིས་བཤད་པའི་ «ང་ཚོའི་བསམ་ཚུལ། ང་ཚོའི་རེ་བ་»ཞེས་པའི་བརྙན་སྡེར་ལ་གཟིགས་འདུག་པ་དེ་ག་རང་ལ་ཤ་ཟ་དགོས་པ་རེད་ཅེས་དང་། ཚེ་ཐར་གཏོང་ན་ཡག་པོ་མི་འདུག་ཅེས་ལབ་འདུག་མི་འདུག་སྤྱན་ཤེལ་ནག་པོ་དང་སྔོན་པོ་སོགས་མ་གྱོན་པར་རང་རང་གིས་གཟིགས་དགོས་པ་དང་གསན་དགོས་པ་གལ་ཆེན་པོ་རེད། དཔེར་ན། ང་ལྟ་བུ་མཚོན་ན། དེ་ལྟར་བཤད་ཡོད་མེད་གཟིགས་དང་། དཔེ་ཁྲིད་དང་གཏམ་བཤད་བྱས་པ་ཕལ་ཆེ་བ་སྒྲ་འཇུག་བྱས་པ་འོད་སྡེར་གྱི་ཐོག་དང་། དྲ་ཐོག་ལ་ཡང་ཉན་རྒྱུ་ཡོད་པ་རེད། བརྟག་དཔྱད་བྱོས་དང་ཆོག་པ་ཞིག་རེད་ལ། དེང་སྐབས་ཤ་སྤོང་མཁན་འགའ་ཞིག་གི་བྱེད་སྟངས་ནི། ཤ་ཟ་མཁན་ཚོ་ལས་སྡིག་ཉེས་ཤིན་ཏུ་ཆེ་བར་ཡོང་ཉེན་ཆེན་པོ་འདུག་སྟེ། ཤ་ཟ་མཁན་ཚོ་ལ་སྐྱོན་བརྗོད་དང་སྡང་སེམས། ཤ་ཟ་དགོས་ཟེར་གྱི་འདུག་ཅེས་པ་དང་། ཚེ་ཐར་གཏོང་ན་ཡག་པོ་མི་འདུག་ཟེར་གྱི་འདུག་ཅེས་པ་སོགས་སྙད་འདོགས་སྣ་ཚོགས་ཀྱིས་ཟུར་ཟ་བརྙས་སྨོད་ཚད་ལས་བརྒལ་བ་ཞིག་གོང་འོག་ཡོངས་ལ་བརྗོད་བཞིན་པ་ལ། ཉོན་མོངས་དུག་གསུམ་ག་ཚང་ཞིང་། ལུས་ངག་གི་མི་དགེ་བ་ཕལ་ཆེ་བ་ཞིག་ཚང་འདུག་པས། རོ་ལ་སྲེད་པའི་དབང་གིས་མངོན་ཆུང་གིས་ཤ་ཟ་མཁན་ཞིག་ལ་ཆགས་པ་ཙམ་ཞིག་ལས་སྡིག་ཉེས་གཞན་གང་ཡང་བགྲང་དུ་མེད་པས་སོ། །མ་ཚད་འགའ་ཞིག་གིས་ཆོས་ལུགས་དང་ཆོལ་ཁ་སོགས་གང་ཡིན་ཡང་ཕྱོགས་གཉིས་སུ་བགོས་ནས་སྐད་ཆ་བཤད་སྟངས་འདི་ཚོའི་ཐོག་ནས་ཆོས་ལུགས་ཕན་ཚུན་མཐུན་ལམ་གཏོར་བཤིག་དང་། དབྱེན་སྦྱོར་ཆེན་པོ་ཞིག་བྱེད་ཀྱིན་འདུག
སྤྱིར་ང་ཚོ་བོད་ཀྱི་ནང་དུ་ལས་ཀ་གང་བྱས་ན་སྤྱི་ཡོངས་ཀྱི་བསམ་བློ་དང་མོས་མཐུན། དངོས་པོའི་གནས་སྟངས། ཁེ་ཕན་དང་དགོས་མཁོ་བཅས་ལ་བསམ་བློ་སྔོན་དུ་སོང་བའི་བྱ་བ་སྒྲུབ་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག འདི་ལ་བཤད་རྒྱུ་མང་པོ་ཡོད་མོད། སྤྱིར་ང་ཚོ་བོད་རིགས་ཟེར་བ་དེ་ཧ་ཅང་ཐབས་སྡུག་པོ་ཡོད་པ་རེད་ལ། ཕྱི་ཕྱོགས་ཀྱི་མི་དང་གཏན་ནས་མི་འདྲ་བ་ཞིག་ནི་སྐད་ཆ་བཤད་མི་ཤེས་པ་དང་བཤད་ཀྱང་དྲང་པོ་མེད་པར་ཕྱིན་ཅི་ལོག་བཤད་པ་འདི་ཚོ་རེད། ཕལ་ཆེར་བོད་ཀྱི་ནང་དུ་སྐད་ཆ་འདྲ་མིན་ལ་རྫུན་དང་གཡོ་སྒྱུ་སོགས་ཇི་ལྟར་འདྲེས་ནས་བཤད་བསྡད་ན་དེའི་ཐོག་ནས་བདའ་འདེད་གཏོང་ངེས་མེད་ཙང་། དེ་ལྟར་བྱས་པ་རེད་བསམ་བཞིན་ཡོད། དང་པོ་གཅིག་གིས་འདི་ལྟར་གཞན་ཞིག་གིས་ཟེར་ཞེས་བཤད། དེ་གོ་མཁན་དེས་དེ་ལྟར་བཤད་ན་ཕ་རོལ་པོ་ཡིད་ཆེས་དཀའ་དཀའ་བྱུང་མཚམས་ངས་མཐོང་ཐོས་བྱུང་ཞེས་བཤད་པ་སོགས་མདོར་ན་སྐད་ཆ་བཤད་མི་ཤེས་པ་དེ་དང་། གཞན་ལ་དཀྲུག་ཤིང་བྱེད་པ་ལ་ཧ་ཅང་དགའ་བོ་རེད། དེ་བོད་པ་ཚང་གི་གཤིས་ཀ་རེད། ཐབས་ཤེས་བྱེད་རྒྱུ་གང་ཡང་མི་འདུག ཕལ་ཆེར་ཕྱོགས་གཉིས་ཐད་ནས་འོག་གི་དཀྲུག་ཤིང་མཁན་ཚོས་ཇི་ལྟར་བཤད་ཀྱང་བླ་མ་དང་མཐོ་བོ་དེ་ཚོས་དེ་དག་ལ་ཉན་འཇོག་དང་ཡིད་ཆེས་བྱེད་རྒྱུ་མ་རེད། གལ་སྲིད་དེ་འདྲ་བ་དག་ལ་ཡིད་ཆེས་བྱེད་ཀྱིན་འདུག་མཁན་ཞིག་ཡིན་ན་སོ་སོ་ལ་རང་ཚུགས་དང་བརྗིད་ཉམས་མེད་པའི་རྟགས་བསྟན་པ་རེད། ང་ཚོས་ཚེ་ཐར་གྱི་ཁ་ཕྱོགས་ཞེས་པ་ཞིག་བཤད་ཡོད་པ་དེ་ཚོ་ལ་ལྟོས་དང་ཚེ་ཐར་མི་རུང་ཞེས་གཏན་ནས་བཤད་ཡོད་མ་རེད། ཚེ་ཐར་བྱེད་པ་ལ་ཚེ་ཐར་ཤག་ཤག་ཅིག་དང་། དེ་ལ་བརྟེན་ནས་དུད་འགྲོ་སྲོག་ཆགས་ལ་ཕན་པ་ཞིག་དགོས་པ་ལས། ནང་པའི་དད་ལྡན་མི་དམངས་ཀྱི་ལག་པ་ནས་སྒོར་མོ་དང་རྒྱུ་ནོར་བསྡུས་ཏེ་སྲོག་གཅོད་ཀྱི་ཤན་པ་ཚོ་ལ་སྒོར་ཁྲི་བརྒྱ་ཕྲག་མང་པོ་སྤྲད་དེ་གཙོ་བོར་དེ་ཚོ་ཡར་རྒྱས་གཏོང་མཁན་ལྟ་བུ་དང་། དེ་ཚོ་ལ་ཕན་འདོགས་ངེས་ལྟ་བུར་ཆགས་ན་འགྲིག་གི་མི་འདུག་ཅེས་གསལ་པོ་བཤད་ཡོད། དེ་ནི་ཚེ་ཐར་བྱེད་པ་ལ་རྣམ་དཔྱོད་དང་ཤེས་རབ་ཀྱི་སྒོ་ནས་དཔྱོད་ཀྱིན་དཔྱོད་ཀྱིན་སྙིང་རྗེ་བསྐྱེད་དགོས་ཞེས་པའི་དོན་ཡིན་མོད། དེ་འགྲེལ་ལོག་བྱས་ཏེ་ཚེ་ཐར་གཏོང་མི་རུང་ཟེར་གྱི་འདུག་ཅེས་པ་ལྟ་བུ་འུར་སྒྲོག་བྱས་ཚེ་དེ་དྲང་པོ་མ་རེད་ལ། སྐད་ཆ་བཤད་སྟངས་དེ་ལ་ཕྱོགས་རིས་ཀྱི་སྐྱོན་ཞུགས་ཚར་བ་རེད། མི་ནག་པོ་བཟོ་བསམ་པའི་བསམ་བློ་འཁོར་ཚར་བ་རེད། དངོས་ཡོད་ཀྱི་ཐོག་ནས་གང་བཤད་འདུག་ལྟ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོ་དགེ་བཤེས་ཁ་ཤས་ཤིག་གིས་སྤྱི་ཚོགས་ལ་ཕན་འདོད་ཀྱི་ཀུན་ནས་བསླངས་ཏེ་འོད་སྡེར་དེ་བཟོས་ཡོད་ལ། དེ་ཡོངས་གྲགས་བྱས་ནས་བཀྲམ་ཡོད་པ་ལས་རྒྱབ་ལོགས་ཤིག་ཏུ་ལྐོག་ལྐོག་སུལ་སུལ་བྱས་ནས་བཤད་བསྡད་པ་ཞིག་མ་རེད། དེ་ཡང་འགྲིག་མི་འགྲིག་སྤྱི་ཚོགས་ཡོངས་དང་གཙོ་བོར་བློ་དྲང་པོ་ཅན་ཚོས་ལྟ་རྒྱུ་ཞིག་རེད། དྲང་པོ་མེད་པ་དང་བསམ་བློ་དཀྱོག་དཀྱོག་ཅན་ཚོས་ཅི་ཞིག་བཤད་ཀྱང་ཤོད། རང་རང་མ་དཀའ་ན་འགྲིགས་པ་རེད། རྒྱུ་མཚན་མེད་ན་རྒྱུ་མཚན་མེད་ལུགས་བཤད་རྒྱུ་ཡོད་དགོས་པ་དང་རྒྱུ་མཚན་ཡོད་ན་དང་ལེན་བྱེད་དགོས་པ་དེ་རྣམ་དཔྱོད་ཅན་གྱི་སྤྱི་ལུགས་རེད། དེ་མིན་ལྐོག་ནས་ངན་ལབ་དང་ཁོང་ཁྲོ་ལངས་ནས་བསྡད་ན་རང་ཉིད་ཀྱི་ཞེ་སྡང་གི་ཉེས་པ་དེ་རང་ཉིད་ཀྱིས་ཁུར་དགོས་པ་རེད་ལ། རང་ཉིད་ཀྱི་སེམས་སྐྱིད་པོ་ཡོང་གི་མ་རེད། མདོར་ན་དུས་སྐབས་གཉན་འཕྲང་ཅན་དང་ཤེས་རིག་ཡར་རྒྱས་འགྲོ་བཞིན་པའི་གནས་སྟངས་འདི་དང་། ཆོས་ལུགས་འདི་འདྲ་ཞིག་ཁས་བླངས་ནས་སྡོད་མཁན་གྱི་རང་གཞན་རོགས་གསུམ་སུ་ཡིན་ཡང་བསམ་སྤྱོད་དྲང་པོ་ཞིག་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་སེམས། བསམ་བློ་དྲང་པོ་ཞིག་མེད་ན་ནང་པའི་ཆོས་ཀྱི་ཉམས་ལེན་ཞིག་གཏན་ནས་ཡོང་མི་སྲིད་ལ་ལྷག་པར་ཐེག་པ་ཆེན་པོའི་ཆོས་ཀྱི་དྲི་མ་ཡང་བྲོ་རྒྱུ་མ་རེད། དུས་ཚོད་ཀྱིས་རྐྱེན་པས་དེ་རིང་དེ་ཙམ་གྱིས་ཆོག་པར་བྱེད། བཀྲ་ཤིས་བདེ་ལེགས།
གཙོ་སྐྱོང་བ། རང་གསལ།
|