གསོལ་འདེབས་མི་ཕྱེད་དད་པའི་རླབས་ཕྲེང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »གསོལ་འདེབས་མི་ཕྱེད་དད་པའི་རླབས་ཕྲེང་།
གསོལ་འདེབས་མི་ཕྱེད་དད་པའི་རླབས་ཕྲེང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/6/10ལྟ་ཀློག (2222)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།དགའ་ལྡན་ཁྲི་ཐོག་ང་ལྔ་བ་ཁྲི་ནམ་མཁའ་བཟང་བོའི་

སྐུ་ཕྲེང་བདུན་པ་༧རྗེ་བཙུན་བློ་བཟང་དཀོན་མཆོག་

ནམ་མཁའ་རྒྱལ་མཚན་དཔལ་བཟང་བོ་ལ་

གསོལ་བ་འདེབས་པ་མི་ཕྱེད་

དད་པའི་རླབས་ཕྲེང་།


རྨོག་རི་འཕྲིན་ལས་དངོས་གྲུབ།


བགྲང་ཡས་བསྐལ་བར་དཀའ་བ་སྤྱད་པ་ལས།།
ཐར་བ་ཡང་དག་ས་ལ་གནས་མལ་བཅས།།
ལས་ངན་མཐའ་དག་རྣམ་པར་སྤངས་པ་ལས།།
གཞན་ཕན་ལྷག་བསམ་ཟླ་བ་མཁའ་ལ་འཕགས།།

གང་ལ་བལྟས་ཀྱང་གང་གིས་མཚོན་མིན་པའི།།
གང་གི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་མཆོད།།
གང་གི་མཛད་བཟང་བརྗོད་པའི་དབྱངས་ལྡན་མས།།
གང་ཡང་མ་འགག་ངག་གི་དཔལ་ཀུན་སྩོལ།།

རྒྱལ་ཀུན་ཐུགས་རྗེའི་རང་བཞིན་གཅིག་བསྡུས་སྐུ།
སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བའི་གསུང་།།
ཆོས་ཀུན་སྒྲིབ་བྲལ་གཉིས་སྣང་ཞི་བའི་ཐུགས།།
སྙིང་རྗེ་པད་དཀར་འཆང་ལ་གསོལ་བ་འདེབས།།

མཁྱེན་བརྩེ་ནུས་སྟོབས་བྱིན་རླབས་བསམ་མི་ཁྱབ།།
ཤེས་རབ་ཐབས་དང་ཏིང་འཛིན་གཡོ་བ་མེད།།
དོན་དམ་རིག་པ་འབར་བ་ཉི་མའི་སྲས།།
རྨོངས་པའི་མུན་སེལ་འཇམ་པའི་དབྱངས་ལ་འདུད།།

རྒྱལ་བའི་མཐུ་སྟོབས་དཔུང་གི་བྱིན་རླབས་དང་།།
ལས་བཞིའི་འཕྲིན་ལས་གང་གི་གཟི་བྱིན་གྱིས།།
ནག་ཕྱོགས་བདུད་སྡེ་མ་ལུས་ཚོགས་རྣམས་ཀུན།།
ཐལ་བར་བརླག་མཛད་གསང་བའི་བདག་པོར་འདུད།།

སིངྒ་ལ་རུ་བཞུགས་པའི་རྒྱལ་བའི་སྲས།།
འཕགས་པའི་ཡུལ་དུ་མཁས་པའི་བཙན་ས་ཟིན།།
ལོག་པར་སྨྲ་བའི་མུ་སྟེགས་གྲུབ་མཐའི་ཚོགས།།
མ་ལུས་འཇོམས་མཛད་འཕགས་པ་ལྷ་ལ་འདུད།།

རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་རྗེ།།
དེ་ཡི་ཐུགས་སྲས་གྲུབ་པའི་དབང་ཕྱུག་རྗེ།།
གསང་གསུམ་ཡོན་ཏན་ཀུན་ཀྱི་མཛོད་འཛིན་པའི།།
རས་ཆུང་རྡེ་རྗེ་གྲགས་ལ་གསོལ་བ་འདེབས།།

བློ་བཟང་རྒྱལ་བསྟན་སྤེལ་བའི་བྱེད་པོ་གང་།།
བསླབ་གསུམ་འོད་ཀྱིས་ཕྱུག་པའི་ལྷུན་པོའི་སྐུ།
མཚམས་སྤྲིན་ངུར་སྨྲིག་གསར་བའི་བླ་གོས་ཅན།།
འདུལ་འཛིན་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

སྤངས་རྟོགས་ཡོན་ཏན་ན༵མ་མཁ༵འི་ཁྱོན་ཡོངས་སུ།།
དོན་གཉིད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འཛུམ།།
འཇམ་མགོན་རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲིར།།
བཟ༵ང་བོ༵འི་མཛད་པ་སྐྱོང་ལ་གསོལ་བ་འདེབས།།

བློ༵་གྲོས་བཟ༵ང་བོས་རྒྱལ་བའི་བསྟན་པ་ལ།།
འཇི༵གས་པ་མེ༵ད་པར་ཐར་བའི་ས་མཁན་མཆོག།
དེ་ཡི་གྲགས་པ་ན༵མ་མཁ༵འི་མཐའ་ལ་ཁྱབ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།

བློ༵་བཟ༵ང་རྒྱལ་བའི་མདོ་རྒྱུད་གཞུང་ལུགས་ཀུན།།
འཇི༵གས་པ་མེ༵ད་པར་རིག་པའི་ཀློང་དུ་སྦྲུམ།།
ཐུབ་བསྟན་རྒྱ༵་མཚོ༵འི་ལུང་རིགས་འབུམ་འབྱེད་པ།།
རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།

འཇི༵གས་མེ༵ད་ཀུན་བཟང་སྤྱོད་པའི་རྒྱལ་སྲས་མཆོག།
ཐོས་དོན་བས༵མ་ཞིང་གྲུ༵བ་པའི་མཚན་མ་མངོན།།
བཤད་སྒྲུབ་རྒྱ༵་མཚོ༵འི་རླབས་ཕྲེང་གཡོ་བ་ཅན།།
དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས།།

སྐ༵ལ་བཟ༵ང་འགྲོ་བའི་རེ་བ་སྐོང་བའི་ཕྱིར།།
འཇི༵གས་མེ༵ད་རྣམ་དཔྱོད་ལུང་གིས་ཐུགས་རྒྱུད་གཏམས།།
འཕྲིན་ལས་བཟང་བོས་བསྟན་པ་སྤེལ་མཛད་པ།།
ན༵མ་མཁ༵འི་མཚན་ཅན་ཞབས་ལ་གསོལ་བ་འདེབས།།

སྐ༵ལ་བཟ༵ང་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན།།
ལུ༵ང་རི༵གས་ཉི་མ་འབུམ་གྱི་འོད་པོ་ཆེ།།
བདེན་རྫུན་ཀུན་བྲལ་ནམ་མཁའི་ཀློང་དབྱིངས་ནས།།
རྒྱ༵་མཚོ༵འ་ི་གོས་ཅན་ཁྱབ་ལ་གསོལ་བ་འདེབས།།

བློ༵་བཟ༵ང་རྒྱལ་བ་གཉིས་པའི་རིང་ལུགས་ཀུན།།
མ་ལུས་མཛད་པའི་འགྲོ་བའི་གཉེན་གཅིག་བུ།།
ན༵མ་མཁ༵འི་ཁྱོན་ཀུན་ཁྱབ་པའི་འོད་ཟེར་ཅན།།
ཆོས་ཀྱི་རྒྱ༵ལ་མཚ༵ན་འཛིན་ལ་གསོལ་བ་འདེབས།།

མི་འཇིགས་ཆོས་ཀྱི་ཁྲི་ལ་དབང་བསྒྱུར་བའི།།
འདུལ་འཛིན་གསེར་རིའི་ཕྲེང་བ་ཕྱག་གི་ཡུལ།།
འདི་ཕྱིའི་ལེགས་ཚོགས་འཕེལ་བའི་དགའ་སྟོན་དུ།།
ཐུབ་བསྟན་རྒྱ་མཚོ་རིང་དུ་སྐྱོང་གྱུར་ཅིག།

བསྐལ་བ་དུ་མར་བསྐྱེད་པའི་ཐུགས་སྨོན་དང་།།
སྐྱེ་བའི་ཕྲེང་བར་སྐྱོང་བའི་མཛད་པ་ཀུན།།
ནམ་ཡང་གཡོ་བ་མེད་པའི་རྡོ་རྗེ་ཡིས།།
བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

སྙིགས་དུས་འགྲོ་བའི་མགོན་དང་དཔུང་གཉེན་དུ།།
དཔལ་ལྡན་བཤེས་གཉེན་བཟང་བོའི་རྣམ་ཐར་བསྐྱངས།།
བདག་སོགས་འགྲོ་ཀུན་བྱང་ཆུབ་མ་ཐོབ་བར།།
བརྩེ་བས་རྗེས་སུ་འཛིན་པར་བྱིན་གྱིས་རློབས།།

འདི་ལྟར་གསོལ་བ་ཤུགས་དྲགས་བཏབ་པའི་མཐུས།།
སྐྱེ་དགུའི་འདོད་དོན་ཡིད་བཞིན་འགྲུབ་གྱུར་ནས།།
ཚེ་རབས་ཀུན་ཏུ་ནམ་ཡང་མི་འབྲལ་བར།།
དཔལ་ལྡན་བླ་མ་ཉིད་དང་མཇལ་བར་ཤོག།

མགོན་པོ་གང་གི་སྐུའི་འཁྲུངས་སྐར་ཉིན་གུས་སློབ་རྨོག་རི་འཕྲིན་ལས་དངོས་གྲུབ་ཀྱིས་བྲིས་པ་དགེའོ།།

༢༠༡༨ལོའི་ཧོར་ཟླ་༤ཚེས༡༩ཉིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41366472
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1