བོད་ཡུལ་གཞི་རིམ་སློབ་གསོའི་ཐབས་ལམ་འདེམས་པའི་རྩ་དོན་སྐོར་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཡུལ་གཞི་རིམ་སློབ་གསོའི་ཐབས་ལམ་འདེམས་པའི་རྩ་དོན་སྐོར་གླེང
བོད་ཡུལ་གཞི་རིམ་སློབ་གསོའི་ཐབས་ལམ་འདེམས་པའི་རྩ་དོན་སྐོར་གླེང་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/7/8ལྟ་ཀློག (2207)རྩོམ་ཁུངས: ངེད་དྲ་བ།པར་འདེབ།



༼ཚན་བཤུས།༽

རྩོམ་པ་པོ། ས་ཡུལ་ཁྲོ་བོ་རྒྱལ་མཚན།

      【ནང་དོན་གནད་བསྡུས།

       བོད་ཡུལ་སློབ་གསོ་བརྟན་པོའི་སྒོ་ནས་རྒྱུན་གཏན་གོང་འཕེལ་དུ་འགྲོ་བའི་བསྐལ་བ་བཟང་པོ་ཞིག་མངོན་པར་ཤར་བའི་ཆེད་དུ། རྩོམ་འདིའི་ནང་དུ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཆེན་པོ་བརྒྱད་བཏོན་ཡོད་ལ། རྩ་དོན་འདི་དག་ནི་མིའི་ཤེས་རྟོགས་ཀྱི་ཆོས་ཉིད་དང་སློབ་གསོའི་ཆོས་ཉིད། ཏང་གི་མི་རིགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཅས་ལས་བཅུད་དུ་བསྡུས་པ་ཡིན་པས། དེ་ནི་ཚན་རིག་དང་མཐུན་པའི་རྩ་དོན་དང་ཡང་དག་པའི་རྩ་དོན་ཡིན་པ་མ་ཟད། དྲང་པོའི་རྩ་དོན་དང་། ལུགས་མཐུན་ཁྲིམས་མཐུན་གྱི་རྩ་དོན་ཡང་ཡིན། དེ་བས་དཔྱོད་ཤེས་གཟུར་གནས་བློ་ཡིས་རྩ་དོན་འདི་དག་བརྩི་སྲུང་ལག་བསྟར་བྱས་ན། བོད་ཡུལ་སློབ་གསོའི་འཕེལ་རྒྱས་ལ་དཔྱོད་ཤེས་ཀྱི་འོད་སྟོང་འབར་བའི་མདུན་ལམ་ཞིག་འབྱུང་ངེས་སོ།།

གཤམ་དུ་ངས་ཕྱོགས་བརྒྱད་ནས་རྩ་དོན་ཆེན་པོ་བརྒྱད་པོ་ལུང་རིགས་དཔེ་གསུམ་གྱིས་བསྒྲུབ་པར་བྱ།

རྩ་དོན་དང་པོ། ཕ་སྐད་ལ་བརྟེན་དགོས་པའི་རྩ་དོན།

      རྩ་དོན་འདི་ནི་མིའི་རིགས་ཀྱི་སློབ་གསོའི་ཆེས་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བསྐལ་བ་ཡ་ཐོག་གི་ཐོག་མའི་སློབ་གསོའི་འབྱུང་ཁུངས་ཡིན་ནའང་འདྲ། མིའི་རིགས་ཀྱི་མི་རབས་རེ་རེའི་མི་སོ་སོས་སློབ་གསོ་མྱོང་བའི་འགོ་རྩོམ་དུ་ཡིན་ནའང་འདྲ། ཚང་མ་ཕ་སྐད་ལ་བརྟེན་པའི་རྩ་དོན་བརྩི་བསྲུང་བྱས་ནས་བྱུང་བ་ཡིན།

རྩ་དོན་གཉིས་པ། ཤེས་རྟོགས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱ་དགོས་པའི་རྩ་དོན།

      ཀུན་གྱིས་ཤེས་གསལ་ལྟར་། སློབ་གསོའི་དམིགས་ཡུལ་ནི་མིའི་བློ་སྒོ་འབྱེད་དགོས་པ་དང་ཡོན་ཏན་སློབ་དགོས་པ་མ་ཟད། མི་ཚུལ་ལྡན་ཞིག་བྱེད་ཚུལ་གསལ་བོར་རྟོགས་སུ་འཇུག་དགོས་པ་དེ་རེད། དེར་བརྟེན་སློབ་གསོ་གང་ཞིག་ཡིན་ནའང་ཐོག་མར་མིའི་ཤེས་རྟོགས་འབྱུང་ཚུལ་གྱི་ཆོས་ཉིད་དང་ངེས་པར་དུ་མཐུན་དགོས། འདི་ནི་སློབ་གསོར་ཕན་འབྲས་ལྡན་མིན་གྱི་གནད་འགག་ཡིན། དེའི་རྐྱེན་གྱིས་སློབ་གསོ་སྤེལ་མཁན་གྱི་སློབ་གསོའི་བྱེད་སྒོས་སློབ་གསོ་མྱོང་མཁན་གྱི་ཤེས་རྟོགས་ཀྱི་ཆོས་ཉིད་ངེས་པར་དུ་བརྩི་སྲུང་བྱེད་དགོས།

རྩ་དོན་གསུམ་པ། སྐད་ཆའི་གཏན་ཚིགས་སྒྲིག་གཞི་བཞི་བོ་གཅིག་མཐུན་ཡོང་བར་བྱེད་དགོས་པའི་རྩ་དོན།

  སློབ་གྲྭའི་སློབ་གསོ་དེ་ཐུན་མོང་མ་ཡིན་པའི་ལག་ལེན་གྱི་བྱེད་སྒོའི་རིགས་ཤིག་ཡིན་པས། དེའི་ཐུན་མིན་རང་བཞིན་ནི་བྱེད་སྒོ་སྤེལ་མཁན་དང་སྤེལ་ཡུལ་ཀུན་གསོན་པོ་ཡིན་ཞིང་། ཕྱོགས་གཉིས་ཀའི་བྱེད་སྒོའི་ནང་དོན་དག་སྐད་ཆ་ལ་བརྟེན་ཅིང་བྱེད་སྒོའི་ཐོན་རྫས་ཏེ་ཤེས་ཡོན་ཅན་དུ་གྱུར་ནས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ངེས་ཅན་དང་རིག་གནས་ཀྱི་ཁོར་ཡུག་ངེས་ཅན་ཁྲོད་དུ་སྤེལ་བ་མ་ཟད། རིག་གནས་དེ་གསར་བཟོ་བྱས་མྱོང་བའི་མི་ཚོགས་སུ་སྤེལ་བ་ཡིན་སྟབས། སློབ་གསོའི་བྱེད་སྒོའི་ཕྱོགས་གཉིས་ཀར་ཕན་ཚུན་འབྲེལ་ལམ་འཛུགས་རེས་དང་ཤེས་རིག་བརྒྱུད་སྤྲོད། སློབ་ཁྲིད་ཀྱི་གནས་ཚུལ་ཕྱིར་ལྡོག་བྱེད་པ་སོགས་ཀྱི་གཞི་རྩའི་ཐབས་ལམ་མམ་སྐད་ཆའི་གནད་དོན་ནི་ཆེས་རྩ་བ་དང་ཆེས་གནད་འགག་གིི་གནད་དོན་ཞིག་ཏུ་གྱུར། རྒྱུ་མཚན་ནི་དེ་ཉིད་ལག་ལེན་གྱི་བྱེད་སྒོ་དངོས་སུ་སྤེལ་བ་ལ་ཕན་མིན་དང་ཕན་པའི་ཚད་གཞིའི་མཐོ་དམའ་ལ་ཐུག་ཡོད།

རྩ་དོན་བཞི་བ། ཚན་རིག་ཡོན་ཏན་གྱིས་ཕྱུག་པའི་ངལ་རྩོལ་པ་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་རྩ་དོན།

      སློབ་གསོ་ག་འདྲ་ཡིན་རུང་ཀུན་ལ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་ཡོད། འདི་ནི་སློབ་གསོ་སྤེལ་མཁན་གྱིས་སློབ་གསོའི་ལས་དོན་བསྒྲུབ་པའི་སྔོན་དང་སློབ་གསོའི་ལས་དོན་སྒྲུབ་པའི་བརྒྱུད་རིམ་ནང་། སློབ་གསོའི་ལས་དོན་བསྒྲུབས་པའི་འབྲས་བུར་དཔྱད་ཞིབ་བྱེད་པའི་ཁྲོད་ཀུན་ཏུ་ཡང་ཡང་ཡིད་ལ་ཤར་ཞིང་ཡང་ཡང་ནན་བཤད་བྱེད་དགོས་པའི་རྩ་བའི་གནད་དོན་ཞིག་རེད། དམིགས་ཡུལ་མེད་པའི་སློབ་གསོའམ་ཡང་ན་གསོ་སྐྱོང་དམིགས་ཡུལ་ཡོད་ཀྱང་སློབ་གསོའི་ཐབས་ལམ་བདམས་པ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་དང་མི་འཚམ་ན་དམིགས་ཡུལ་དེ་མངོན་དུ་འགྱུར་བར་མི་ཕན་ལ། ཐ་ན་དེ་འགྲུབ་པའི་འགོག་རྐྱེན་དུ་འགྱུར་ཚེ། དེ་ལྟ་བུའི་སློབ་གསོ་ནི་འབྲས་མེད་ཀྱི་སློབ་གསོ་ཡིན་པ་གདོན་མི་ཟ། དེ་བས་སློབ་གསོ་ཡི་ཐབས་ལམ་འདེམས་སྒྲུག་བྱེད་རྒྱུད་དེ་སློབ་གྲྭའི་སློབ་གསོའི་གསོ་སྐྱོང་དམིགས་ཡུལ་དང་འབྲེལ་བ་ཟབ་པོ་མཆིས། དོན་དངོས་སུ་གནད་དོན་འདི་མཚན་ཉིད་རིག་པའི་ནང་གི་ནང་དོན་དང་རྣམ་པའི་འབྲེལ་བའི་གནད་དོན་ལ་ཐུག་ཡོད་པ་རེད། ནང་དོན་གྱིས་རྣམ་པ་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པར་བཏང་ལ། རྣམ་པ་ཡིས་ནང་དོན་མངོན་འགྱུར་ཡོང་དུ་འཇུག་སྟེ། འདི་ནི་རྣམ་པ་ནང་དོན་ལ་བསྟུན་པའི་ཕྱོགས་ནས་བཤད་པ་ཡིན། གལ་སྲིད་རྣམ་པ་ནང་དོན་དང་མ་བསྟུན་དུས་དེ་ཉིད་ནང་དོན་གྱི་འཆིང་རྒྱར་འགྱུར་ཞིང་། ནང་དོན་ཚོད་འཛིན་བྱེད་པའི་བུམ་སྐེ་ལྟ་བུའི་ནུས་པ་ཐོན་འགྲོ། གལ་ཏེ་ནང་དོན་མེད་པའམ་ནང་དོན་ངེས་གསལ་མེད་པ་དང་ནང་དོན་སྙིང་བོས་དབེན་ན། རྣམ་པ་དེ་མིག་སྔར་མཛེས་པའི་སྒྲོམ་སྟོང་དང་ཤུབས་སྟོང་ཙམ་དུ་འགྱུར་བས། རྣམ་པ་དེའི་དགོས་པ་ཡོད་ཚད་དོན་མེད་དུ་སོང་བ་རེད། གསོ་སྐྱོང་བྱེད་པའི་དམིགས་ཡུལ་དང་སློབ་གསོའི་ཐབས་ལམ་གཉིས་ཀྱིས་འབྲེལ་བའང་གནས་ལུགས་དེ་དང་མཚུངས་སོ།།

རྩ་དོན་ལྔ་བ། སློབ་མ་ཡོངས་རྫོགས་དང་མི་རིགས་ཧྲིལ་བོ་ལ་ཁ་ཕྱོགས་པའི་རྩ་དོན།

      སློབ་གསོ་སྒྲུབ་པའི་དམིགས་ཡུལ་ནི་སློབ་མ་ཡོངས་རྫོགས་ཤེས་ཡོན་པར་འགྱུར་རྒྱུ་དང་མིི་རིགས་ཧྲིལ་བོའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན་པས། སློབ་གསོའི་དོན་སྙིང་འདི་དངོས་སུ་མངོན་འགྱུར་ཡོང་བའི་ཕྱིར་སློབ་གསོའི་ཐབས་ལམ་གདམ་དུས་ངེས་པར་དུ་སློབ་མ་ཡོངས་དང་མི་རིགས་སྤྱི་ལ་ཁ་ཕྱོགས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

རྩ་དོན་དྲུག་པ། ཐབས་ལམ་ལྟོས་བཅས་སུ་བརྟན་འཇགས་ཡིན་དགོས་པའི་རྩ་དོན།

      གོང་དུ་ཕྱོགས་ལྔ་ནས་སློབ་གསོའི་ཐབས་ལམ་འདེམས་པའི་གཞི་རྩའི་རྩ་དོན་རིགས་པས་བསྒྲུབས་ཡོད་ལ། དོན་དངོས་སུ་སློབ་གསོའི་ཐབས་ལམ་འདེམས་པའི་གཞི་འཛིན་ས་གཙོ་བོའང་ཡིན། གོང་གསལ་རྩ་བའི་རྩ་དོན་ལྔ་ལྟར་སློབ་གསོའི་ཐབས་ལམ་ཞིག་ལ་གདམ་ག་བྱས་རྗེས་ཐབས་ལམ་དེ་འཕེལ་བ་དང་འཐུས་ཚང་བ། བརྟན་འཇགས་བཅས་ཡོང་བའི་དུས་ཚོད་ལ་ཁག་ཐེག་བྱེད་དགོས། འདི་ནི་ཐབས་ལམ་ལྟོས་བཅས་སུ་བརྟན་འཇགས་རང་བཞིན་ལྡན་པའི་རྩ་དོན་ཡིན། རྩ་དོན་འདིས་སློབ་གསོའི་ཐབས་ལམ་ཞིག་བདམས་ཐག་བཅད་རྗེས་གང་འདོད་ཀྱིས་སྒྱུར་མི་ཆོག་པར། དེ་ལ་འཕེལ་རྒྱས་གང་འཚམ་འགྲོ་བ་དང་འཐུས་ཚང་དུ་འགྱུར་བའི་དུས་ཚོད་སྦྱིན་དགོས་པའི་བླང་བྱ་བཏོན་ཡོད། 

རྩ་དོན་བདུན་པ། དོན་དངོས་གཞིར་བཟུང་ནས་དངོས་ཐོག་བདེན་འཚོལ་བྱེད་པའི་རྩ་དོན། 

       དོན་དངོས་གཞིར་བཟུང་ནས་དངོས་ཐོག་བདེན་འཚོལ་བྱ་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་ཡིན་སྟབས། ཀྲུང་གོ་གུང་ཁྲན་ཏང་གིས་བྱ་བ་གང་བྱེད་ཀྱི་སློབ་སྟོན་བསམ་བློའང་ཡིན། བློ་མཐུན་མའོ་ཅེ་ཏུང་གིས་དོན་དངོས་ཞེས་པ་ནི་ཕྱི་རོལ་དུ་ཡོད་པའི་བྱ་དངོས་ཡོད་ཚད་ལ་ཟེར་ཞིང་། བདེན་པ་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་ནང་ཁུལ་གྱི་འབྲེལ་བ་སྟེ་ཆོས་ཉིད་ཀྱི་རང་བཞིན་ཡིན་པ་དང་། འཚོལ་བ་ནི་ང་ཚོས་ཞིབ་འཇུག་བྱེད་པ་ཉིད་ཡིན་ཏེ། ང་ཚོས་རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་། ས་ཁུལ་ཕྱི་ནང་གི་གནས་ཚུལ་དངོས་གཞིར་བཟུང་ནས། དེའི་ཁྲོད་དུ་བློ་བཟོ་བྱས་པ་མིན་པར་ངོ་བོ་ཉིད་ནས་ཡོད་པའི་ཆོས་ཉིད་ཀྱི་རང་བཞིན་ཕྱིར་འདོན་པ་སྟེ་མཐའ་འཁོར་བྱ་དངོས་དག་འགྱུར་བའི་ནང་ཁུལ་འབྲེལ་བ་བཙལ་ནས་ང་ཚོའི་བྱ་སྤྱོད་ཀྱི་དམིགས་བུ་བྱེད་དགོས་ཞེས་གསུངས། ང་ཚོའི་ཏང་གིས་བློ་མཐུན་མའོ་ཙེ་ཏུང་གི་བསམ་བློ་འདི་དོན་དངོས་གཞིར་བཟུང་ནས། དངོས་ཐོག་བདེན་འཚོལ་བྱེད་པ་ཞེས་སུ་ཕྱོགས་བསྡུས་བྱས་ཏེ་ཏང་གི་བསམ་བློའི་ལམ་ཕྱོགས་དང་བྱ་བ་གང་སྒྲུབ་ཀྱི་སློབ་སྟོན་བསམ་བློ་བྱས་པ་རེད། བོད་ཀྱི་སློབ་གསོ་དེ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་འོག་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་མ་ལག་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས། དོན་དངོས་གཞིར་བཟུང་ནས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་ལོས་ཡིན། ལྷག་པར་དུ་བོད་ཡུལ་གཞི་རིམ་སློབ་གསོའི་ཐབས་ལམ་གདམ་པའི་ཐད་ལ་ཏང་གི་དོན་དངོས་གཞིར་བཟུང་ནས་དངོས་ཐོག་བདེན་འཚོལ་བྱེད་པའི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི། བོད་ཡུལ་གཞི་རིམ་སློབ་གསོའི་ཐབས་ལམ་བདམས་པ་དེ་བོད་ཡུལ་སློབ་གསོའི་ཕྱི་ཡུལ་གནས་ཚུལ་ངོ་མ་དང་མཐུན་མིན་གྱི་གནད་འགག་ཡིན། དེར་བརྟེན་བོད་ཡུལ་གཞི་རིམ་སློབ་གསོ་རྒྱུན་ཆད་མེད་པར་ཁྱབ་གདལ་དང་གོང་འཕེལ་འགྲོ་ཐུབ་མིན་གྱི་གནད་དོན་ཡང་ཡིན།

རྩ་དོན་བརྒྱད་པ། སྤྱི་དམངས་ཀྱི་རྩ་ཁྲིམས་ཁེ་དབང་སྲུང་འཛིན་བྱེད་པའི་རྩ་དོན།

      བོད་ཡུལ་གཞི་རིམ་སློབ་གསོའི་རྣམ་པ་འདེམས་དུས་ད་དུང་ངེས་པར་དུ་སྤྱི་དམངས་ཀྱི་རྩ་ཁྲིམས་ཁེ་དབང་སྲུང་འཛིན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། རྒྱུ་མཚན་ནི་བོད་ཡུལ་གཞི་རིམ་སློབ་གསོའི་ཁྲོད་དུ་བོད་ཀྱི་སློབ་གསོའི་གནས་ཚུལ་དང་མཐུན་པའི་ཐབས་ལམ་སྟེ། ཐབས་ལམ་འདི་རིགས་དང་པོ་བདམས་ནས་རྒྱུན་འཁྱོངས་བྱས་ན་ཕ་སྐད་དུ་གྱུར་བའི་བོད་སྐད་ཀྱིས་དཔེ་ཁྲིད་གཙོ་བོ་བྱེད་པའི་སློབ་གསོའི་ཐབས་ལམ་ཡིན་ལ། འདི་ནི་རང་རྒྱལ་རྩ་ཁྲིམས་ཀྱིས་བོད་རིགས་སྤྱི་དམངས་ལ་བྱིན་པའི་ཁེ་དབང་ཡིན་ལ། དེ་ནི་རང་རྒྱལ་གྱི་གཞི་རྩའི་རྩ་ཁྲིམས་ཆེན་མོ་དང་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་གཞན་པས་ཁག་ཐེག་བྱས་པ་ཞིག་ཀྱང་ཡིན།

མཇུག་བསྡུ་བའི་གཏམ།

  མདོར་ན་བོད་ཡུལ་གཞི་རིམ་སློབ་གསོའི་ཐབས་ལམ་གདམ་སྐབས་བརྩི་སྲུང་བྱ་དགོས་པའི་རྩ་དོན་ཆེན་པོ་བརྒྱད་པོ་ནི་ཕན་ཚུན་དམ་དུ་འབྲེལ་བའི་གཅིག་འདུའི་ཕུང་བོ་ཞིག་ཡིན། རྩ་དོན་སྔ་མ་དྲུག་པོ་དེ་སློབ་གསོའི་ཆོས་ཉིད་དང་མིའི་ཤེས་རྟོགས་ཆོས་ཉིད་ཀྱི་ཕྱོགས་ནས་མདོར་བསྡུས་པ་ཡིན་ལ། རྩ་དོན་རྗེས་མ་གཉིས་ཀ་ནི་ཏང་གི་བསམ་བློའི་ལམ་ཕྱོགས་དང་བྱ་བ་ཡོད་ཚད་ལ་སློབ་སྟོན་བྱེད་པའི་རྩ་དོན་དག་བོད་ཡུལ་གཞི་རིམ་སློབ་གསོའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ལུགས་ཆེན་མོ་༼རྩ་ཁྲིམས་༽དང་གཞན་པའི་བཅའ་ཁྲིམས་ཀྱིས་བྱིན་པའི་སྤྱི་དམངས་ཀྱི་ཁེ་དབང་དང་སློབ་གསོའི་ཁྲོད་དུ་འཕྲད་པའི་དོན་དངོས་གནས་ཚུལ་དང་ཟུང་དུ་འབྲེལ་ནས་བཏོན་པ་ཡིན། སློབ་གསོའི་གཏན་ཚིགས་ཀྱི་གཞི་འཛིན་སའི་ཕྱོགས་ནས་བཤད་ན་ཕ་སྐད་ལ་གཞི་བཅོལ་བའི་རྩ་དོན་གནད་ཆེན་ཨང་དང་པོར་འཇོག་མོད། འོན་ཀྱང་ང་ཚོས་དོན་དངོས་ཀྱི་བྱ་བའི་གཏན་ཚིགས་གཞི་འཛིན་སའི་ཐད་ནས་བཤད་དེ་དོན་དངོས་གཞིར་བཟུང་ནས། དངོས་ཐོག་བདེན་འཚོལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་ཡིན་ཚེ། ཕ་སྐད་ལ་གཞི་བཅོལ་བའི་རྩ་དོན་རང་ཤུགས་སུ་ཐོན་ལ། ཕ་སྐད་ལ་གཞི་བཅོལ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ན་དོན་དངོས་སུ་ཤེས་རྟོགས་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། རྩ་དོན་དེ་གཉིས་ཀྱིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་སྐད་ཆའི་གཏན་ཚིགས་སྒྲིག་གཞིའི་ཕྱོགས་བཞི་བོ་ཕན་ཚུན་གཅིག་མཐུན་ཡོང་བའི་རྩ་དོན་གྱི་བླང་བྱ་བཏོན་པ་རེད། གསོ་སྐྱོང་བྱེད་པའི་དམིགས་ཡུལ་ཀྱི་རྩ་དོན་དང་སློབ་མ་ཡོངས་དང་མི་རིགས་སྤྱི་ལ་ཁ་ཕྱོགས་དགོས་པའི་རྩ་དོན། ཐབས་ལམ་ལྟོས་བཅས་སུ་གཏན་འཇགས་ཡིན་དགོས་པའི་རྩ་དོན་བཅས་ཀྱིས་སློབ་གྲྭའི་སློབ་གསོའི་སློབ་ཁྲིད་ཀྱི་ཕྱོགས་མི་འདྲ་བའི་ཐོག་ནས་དོན་དངོས་གཞིར་བཟུང་སྟེ། དངོས་ཐོག་བདེན་འཚོལ་བྱེད་པའི་རྩ་དོན་སྔ་མ་བདུན་ལ་བཅའ་ཁྲིམས་ཀྱི་ཁག་ཐེག་བྱས་པ་དང་། དེ་ནི་བོད་ཡུལ་སློབ་གསོའི་དོན་དངོས་གནས་ཚུལ་དང་མཐུན་པའི་ཐབས་ལམ་གདམ་པ་དང་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་ཁྲིམས་ཀྱི་ཁུངས་སྐྱེལ་ས་དང་བཅའ་ཁྲིམས་ཀྱི་གོ་མཚོན་ཡིན། དེས་ན། རྩ་དོན་ཆེན་པོ་བརྒྱད་ནི་ཕན་ཚུན་འབྲེལ་ཞིང་ཕར་ཚུར་སྐུལ་སྤེལ་བྱེད་པའི་རྩོད་སྒྲུབ་ཀྱི་གཅིག་གྱུར་ཕུང་བོ་ཞིག་ཡིན་པས། དེའི་ཁྲོད་ཀྱི་རྩ་དོན་གང་རུང་གཅིག་ཀྱང་མེད་དུ་མི་རུང་སྟེ། དཔེར་ན། རྩ་དོན་བདུན་པ་མེད་དུས་རྩ་དོན་གཞན་པ་བདུན་གྱིས་མི་ཡོང་བ་དང་། གལ་ཏེ་རྩ་དོན་དང་པོ་དང་རྩ་དོན་གཉིས་པ་མེད་ཚེ་རྩ་དོན་གཞན་པ་ཀུན་ལ་དོན་སྙིང་ཅི་ཡང་མེད་པར་འགྱུར་བ་སོགས་སོ།། དེར་བརྟེན་ང་ཚོས་ངེས་པར་དུ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་སྒོ་ཀུན་ནས་རྒྱུན་འཁྱོངས་བྱ་དགོས། དེ་ལྟར་རྩ་དོན་ཆེན་པོ་བརྒྱད་པོ་འདི་ཕྱོགས་ཡོངས་ནས་ཤེས་རྟོགས་དང་སྒོ་ཀུན་ནས་རྒྱུན་འཁྱོངས་བྱས་ན། བོད་ཡུལ་གཞི་རིམ་སློབ་གསོ་ལ་གཞི་ནས་གཏན་འཇགས་རྒྱུན་ལྡན་སྒོས་འཕེལ་བའི་བསྐལ་བཟང་མངོན་པར་ཤར་བར་འགྱུར་རོ།།


གསལ་བྱེད། ནང་དོན་ཞིབ་པར་གཟིགས་འདོད་ན་ས་ཡུལ་ཁྲོ་བོ་རྒྱལ་མཚན་མཆོག་གིས་མཛད་ཅིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༧ལོའི་ཟླ་༧པར་པར་སྐྲུན་བྱས་པའི་༼བོད་ཡུལ་སློབ་གསོའི་མུ་སྤེལ་འཐུས་པའི་འཕེལ་རྒྱས་ཀྱི་རྣམ་བཤད་༽ཅེས་པའི་ཤོག་ངོས་༩༡སྟེང་གཟིགས་པར་འཚལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41326756
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1