༼ཁྱོད་དྲན་ཚུལ་བཤད་ན་སྒྲུང་ཞིག་ཡོད༽དང་དེའི་བཀླགས་ཚོར།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 11 ཚེས 14 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། » ༼ཁྱོད་དྲན་ཚུལ་བཤད་ན་སྒྲུང་ཞིག་ཡོད༽དང་དེའི་བཀླགས་ཚོར།
༼ཁྱོད་དྲན་ཚུལ་བཤད་ན་སྒྲུང་ཞིག་ཡོད༽དང་དེའི་བཀླགས་ཚོར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/7/8ལྟ་ཀློག (543)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༼ཁྱོད་དྲན་ཚུལ་བཤད་ན་སྒྲུང་ཞིག་ཡོད༽དང་དེའི་བཀླགས་ཚོར།

རུས་ཀོག [དཀར་མཛེས]


ངའི་འཕྲིན་ཡིག་གི་སྣེ་རུ་ཐོགས་པའི་སྙིང་ཉེ་བའི     གཡང་དཀར་ལྷ་མོ
ཁྱོད་རང་བདེ་འཚམ་ངང་སྔར་བཞིན་གནས་ཡོད་དམ
ང་ད་ལྟ་ཕ་ཡུལ་དུ་འབྱོར་ནས་ཉིན་གསུམ་པ་ཡིན

འདི་ཕྱོགས་སུ་སྤྲིན་པ་དྲག་ཏུ་འཁྲིགས་ཤིང
རླུང་འཚུབ་ཅིག་གཡུག་གྲབས་ཡིན་པ་འདྲ

འདི་ནས་ཕར་བལྟས་པའི་རི་བོ་མཐོན་པོ་གན་གི་ཕ་རོལ་ན

ཁྱེད་ཀྱི་བྱད་མདངས་ཟླ་བ་ཚེས་འདྲའི་ཡ་ཐོད་ཀྱི་མིག་ཟུང་བླ་གཟི་འདྲ་བོས
འཇིག་རྟེན་གྱི་སྣང་བ་ཅི་ཞིག་རྒུམ་གྱིན་ཡོད
ལུས་པོ་མདའ་སྨྱུག་འདྲ་བའི་ནང་དཀྱིལ་གྱི་དྲན་པ་ཆུ་ཤེལ་འདྲ་བོས   
ང་རང་ལྕགས་ཀྱུས་བཟུང་ཡོད་དམ

སྙིང་ཉེ་བའི         གཡང་དཀར་ལྷ་མོ
ངས་ཁྱོད་ལ་མུ་འབྲེལ་དུངས་བརྗོད་རིང་མོ་ཞིག་འབྲི་བཞིན་ཡོད
བརྩོན་པ་དྲག་ཏུ་བསྐྱེད་དེ་འབྲི་བཞིན་ཡོད
དུས་ཚོད་རིང་ཙམ་ཕུད་ནས་འབྲི་བཞིན་ཡོད

ཁྱོད་ཀྱིས་ཁྱོད་རང་ནར་སོན་གྱི་གོ་རིམ་ཁྲོད་དུ
ཕ་མ་ནི་ཉིན་རེ་ལས་རྒས་འཁོགས་སུ་ཆགས་ཀྱི་ཡོད་རེད་སྙམ་ནས
མིག་ཆུའི་རྒྱུན་མཐུད་ཀྱིན་མེད་དམ
ང་ངོ་མ་ཁྱོད་ལ་སེམས་ཁྲལ་ཡོང་གི
ཁྱོད་ནི་ངའི་ཡིད་གར་སིམ་པའི་མི་ཞིག་ཡིན

སྙིང་ཉེ་བའི        གཡང་དཀར་ལྷ་མོ
ཁྱོད་ཀྱིས་ད་ལྟ་ག་རེ་གནང་གིན་ཡོད
ངས་ཁྱོད་ཀྱིས་བཤད་པའི་སྐད་ཆ་རེ་རེ
སེམས་ལ་བཅངས་ནས
ཁྱོད་ང་ལ་དབང་བའི་མི་ཞིག་ཡིན་མིན་ལ
སེམས་ཁྲལ་བྱས་པ་རྟོགས་སམ

སྙིང་ཉེ་བའི        གཡང་དཀར་ལྷ་མོ
མི་ཚོགས་ཀྱི་ངོ་གདོང་དྲོས་ནས
ང་ལ་གཟིགས་རྒྱུ་བྱུང་ན
ངས་ཁྱོད་ཀྱི་ཡིད་གར་སིམ་པའི་ཉམས་འགྱུར
ལེགས་ཤོས་རེ་སྐྱེས་སུ་བཏང་ཆོག

ཁྱོད་ནི་དྭངས་ཤིང་གཙང་བའི་མེ་ཏོག་དེ་ཡིན
འདབ་ལོ་རེར་གཟི་དཔལ་རྒྱས་པའི་མེ་ཏོག་དེ་ཡིན
ཁྱོད་ནི་ནམ་ཡང     ངའི་སེམས་ཀྱི་མཆོད་སྟེགས་སུ
བཤམས་པའི་ཆེས་ཡིད་འོང་གི་མེ་ཏོག་དེ་ཡིན

ཁྱོད་ཀྱི་བྱད་བཞིན་ལ་ནག་ནོག་གི་གཡའ་ཡིས་གོས་པ་ནི
མེ་ཏོག་པདྨའི་གཟི་དཔལ་ལ་སད་སེར་གྱིས་བཅོམ་བརླག་བཏང་བ་ལྟར
ང་ངོ་མ་སེར་སྣ་འཆོར་ངེས

སྙིང་ཉེ་བའི        ཡ
ངས་ཁྱོད་ལ་གོ་སྐབས་ཀྱི་ལག་པ
ཐེངས་གཉིས་ལ་བསྲིངས་ཀྱང
ངའི་མིག་ཟུང་གི་གམ་དུ་ཁྱེད་རང་དངོས་འབྱོན་མ་ཐུབ
དུས་ཚོད་དེ་ཁྱེད་ཀྱིས་ཆེད་དུ་གཡོལ་བ་མིན་པར་སྨོན

ངས་མཚན་སྨག་གི་ལྭ་ནག་གྱོན་ཏེ
ཁང་མིག་གི་སྒེའུ་ཡོལ་ཕྱེས་ནས་ཁྱོད་ཕྱོགས་སུ་ཅེར་ན
མཚན་མོ་འདི་ཅི་ཙམ་ནག་ནའང
ཁྱོད་རང་ནི་ཉ་གང་ཟླ་བའི་གཟི་འོད་བཞིན
ངའི་མིག་ལམ་དུ་འཁོར་ཐུབ
ཡིན་ཡང སྒེའུ་ཡོལ་བསུམ་རྗེས
རང་གི་ཤག་ཆུང་འདིས་ང་ལ་ཁེར་སེམས་ཀྱི་སྨྲེང་བའང
གསོ་མི་ནུས་པ་ཞིག་ཆགས་འདུག

སྙིང་ཉེ་བའི          གཡང་དཀར་ལྷ་མོ
ད་ནི    ཕྱི་རོལ་ལ་མིག་ཞགས་ཐེངས་རེ་འཕེན་དུས
ས་ཡོངས་སུ་སོའི་ཉམས་དོད་ཅིང
རང་བྱུང་ཁམས་ཀྱིས་འཇོ་སྒེག་ངོམ་ལ་ཉེ

སོ་ག་འདི་སོང་རྗེས     དབྱར་འགོ་མ་ཚེས་པ་རེད
དབྱར་གྱི་དཔལ་ཡོན་དང་མཉམ་དུ
ཁྱོས་ཀྱང་ང་ལ་ཆེད་དུ་བསྐུར་རྒྱུའི་འདྲ་པར་རེ
བསྒྲོན་རྒྱུ་མ་བརྗེད་རོགས

སྙིང་ཉེ་བའི        གཡང་དཀར་ལྷ་མོ
ང་ཁྱོད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ
ལྐོག་ནས་དགའ་ཀི་ཡོད
ཧ་ཅང་སྔར་བཞིན་དགའ་ཀི་ཡོད
ངས་སུ་ལའང་བཤད་མ་མྱོང་བའི་སྐད་ཆའི་གླེགས་ཐག
ཁྱོད་ཀྱི་མདུན་དུ་ཞིག་མྱངས

ཁྱོད་ནི་ང་ལ་དབང་བའི་དངོས་བོ་ཞིག་མིན་ཡང
ངའི་སྐད་ཆའི་གླེགས་ཐག་བཀྲོལ་མཁན་གྱི་མི་མོ་སྙིང་རྗེ་བོ་ཞིག་རེད
སེམས་པའི་ཁུང་གསེང་ནས་གཏན་དུ་ཕྱིར་ཕུད་མི་བྲ

མ་གཞི་ཁེར་རྐྱང་འདི་མནར་གཅོད་ཅིག
མི་ཟས་ཀྱིས་མི་ཚིམས་པའི་ཁོག་ལྟོགས་ཚུལ་ཞིག
ང་ཁོ་ནས་མྱོང་སྟངས་འདིས
ང་ལ་བརྩེ་བ་ངོ་ཡ་ཞིག་ལས་མི་འདུག་པར་སྙམ
ཡིན་ཡང་ངས་རང་གི་བརྩེ་བ་ངོ་ཡ་འདིའི་རྨུ་ཐག་ལྷོད་གི་འཇུག་ན་མི་འདོད

སྙིང་ཉེ་བའི    གཡང་དཀར་ལྷ་མོ
ངས་ཁྱོད་ལ་ཞེན་ཆགས་ཀྱི་འགྲམ་པ་གླན་ནས
སྟོང་འདང་གི་མིག་ཆུ་བཞུར་ཏེ
ཅི་ཙམ་ཁྱོད་རང་གླེང་ནའང
ང་ཁྱོད་ཀྱི་སེམས་མཐིལ་དུ་འཛུལ་མ་ཐུབ
ཐ་ན་སྐད་ཆ་ཕལ་བ་ཞིག་གི་ཚེ་ལོ་ཡང་དལ་མོས་ངང
ངའི་རྣ་བའི་བུ་ག་ལས་ཚེ་ཡི་འཕེན་པ་རྫོགས་སོང

སྙིང་ཉེ་བའི     གཡང་དཀར་ལྷ་མོ
འཕྲིན་ཡིག་ནི་འཕྲིན་ཡིག་ནང་བཞིན
ཁྱོད་དྲན་ཚུལ་དང་སྐྱོ་གདུང་གླེང་བ་ལས
ལེ་བདའ་དང་སྡིགས་དམོད་ཅིག་ཏུ་ངོས་འཛིན་མི་གནང་རོགས


༈ ངག་གི་རླིད་བུ།

  —ཁྱོད་དྲན་ཚུལ་བཤད་ན་སྒྲུང་ཞིག་ཡོད།)བཀླགས་པ།

       གལ་ཏེ་བརྩམས་ཆོས་འདི་ཀ་ཁོ་བོའི་མིག་མགྲོན་དུ་བྱོན་པའི་བུ་མོ་ཞིག་ཡིན་ཚེ་གཤིས་ཀ་ཁོ་ནས་ང་རང་སྦྲིད་དུ་བཅུག་འགྲོ་ཁར་ངས་ནི་དེ་ལ་སྐད་འཕྲིན་ཞིག་ཀྱང་བསླང་ཡོད་ངེས་སོ།། རེད་ཨང་། གྲོགས་སྤུན«རུས་ཀོག»གིས་བརྩམས་པའི་གྲོལ་རྩོམ་འདི་ནི་དེ་འདྲའི་ཀློག་བདེ་བ①ཚིག་སྤུ"འཇམ་པ་ཧ་ཅང་གཟབ་ནན་ལྡན་པའམ་ཚོར་བས་ཟིན་པ་ཞིག་དང་ཡང་ཡང་བཀླགས་ན་སྣེ་མི་གཅིག་པའི་ཚོར་བ་མང་དུ་སྤྲོད་མཁན་ཞིག་རེད། དབང་པོའི་སྤྲོ་བ་ལྷུར་ལེན་པའི་སྙན་ངག་འདི་ཉིད་ནི་ཁོ་པ་ལྟ་བུའི་ཡིག་ངོ་ཆོད་ཙམ་པ་ཞིག་གིས་ཀྱང་ཀློག་ནུས་པས་སྒྱུ་རྩལ་གྱིས་བཀླུབས་པ་ཡིན་མིན་ཆ་མི་འཚལ་བའི་ཉེ་དུས་ཀྱི་སྙན་ངག་ཧྲ་ལ་གྱོང་བ་དག་ལས་ཀླད་དུ་འཕགས་མེད་གྲང་སྙམ་མོ།།
 
     མི་ནི་མ་གཞི་ནས་བརྩེ་བས་ཕྱུག་པའི་སྲོག་ཆགས་ཤིག་རེད་ལ། བརྩེ་བ་བཀོལ་སྤྱོད་ཐུབ་པའི་དཔའ་རྒོད་ཅིག་ཀྱང་རེད་ཅེས་ཀྱང་བྱའོ།། དེ་ལྟའི་སྲོག་ཆགས་འདི་ཡི་མཛའ་བརྩེའི་འཇིངས་ལས་བཞད་པའམ་ཕུལ་བའི་སྐད་ཆ་རེ་རེ་ནི་སོ་སོ་གསོན་དུ་འཇུག་བྱེད་ཀྱི་འཚོ་རྟེན་ཞིག་ཀྱང་ཅིའི་ཕྱིར་མིན། འོ་ན་གྲོགས་ཀྱི་སྙན་ངག་འདིས་གཏད་པའི་སྣེ་གཅིག་ནས་གླེང་ན། མི་རེ་རེའི་ནང་སེམས་ཟ་མཁན་ནམ་རྐུ་མཁན་གྱི་ལག་དམར་དེ་ལ་བཅོས་མིན་གྱིས་ཤོར་བའི་ཚིག་འབྲུ་རེ་རེས་ཁྱོད་རང་ཏབ་ཅིག་ལ་ཕྱིར་རྟོག་གི་དགུན་ས་རུ་ཁྲིད་འགྲོ་ལ།  འཕྲད་ངེས་ཀྱི་མདུན་ལྗོངས་དེའི་དབྱར་སའི་རྩི་ཐོག་རེ་རེ་ཁྱོད་ཀྱི་མིག་ལམ་དུ་བསྟར་ཡོང་ངོ་།།  དེ་བཞིན”རུས་ཀོག”ལགས་ཀྱི་བརྩམས་ཆོས(ཁྱོད་དྲན་ཚུལ་བཤད་ན་སྒྲུང་ཞིག་ཡོད།)ཅེས་བྱ་བས་ཀྱང་ཉིད་ལ་སྣང་བ་འདི་སྩོལ་གནང་མཛད་དོ།།

     ཀ་ཡེ་ཀློག་པོ་ལགས། ད་ལྟ་ཁྱེད་དང་གདོང་ཐུགས་འཕྲད་བཞིན་པའི་བརྩམས་ཆོས་དེ་ནི་རྩོམ་པ་པོ་ཁོང་ཉིད་ཀྱིས་(ཁྱོད་དྲན་ཚུལ་བཤད་ན་སྒྲུང་ཞིག་ཡོད།) ལབ་པ་ནང་བཞིན་སྙན་རྩོམ་དེ་ནང་སེམས་སྐྱོམ་བྱེད་ཀྱི་གློན་བརྙན་ཞིག་གམ་སྒྲུང་ཞིག་རེད་ཨང་།  མི་དེའི་སྙིང་གི་གཏིང་ལ་གཏན་ཆགས་བྱུང་བའི་མིའམ་རྩོམ་པ་པོའི“འཕྲིན་ཡིག་གི་སྣེ་རུ་ཐོགས་པའི་སྙིང་ཉེ་བའི་གཡང་དཀར་ལྷ་མོ"ནི་སྤྱིར་བཏང་གི་གང་ཟག་ག་གེ་མོའི་སེམས་པ། ཆེ་གེ་མོར་ཤོར་བའི་སྦྲེལ་ཟམ་ལས་བྱུང་བའི་མི་དེར་གཞག་ཆོག་མོད།  སྙིང་གི་ལག་དམར་དེའི་ཉེ་སར་བཅར་འདོད་ཀྱི་ན་ཟུག་དང་བརྩེ་བ་གཞན་ཞིག་གིས་བཅར་ཡང་མི་བཏུབ་པའི་རྩོམ་པོའི་ནང་སེམས་ཀྱི་བྱེའུ་ཆུང་དེ་ནི་སྟོང་སང་སང་གི་མཁའ་དབྱིངས་ཤིག་ན་རང་དང་བར་ཐག་ཤིན་དུ་རིང་བའམ་ཉེ་བའི་ཟླ་བོ་དེར་མིག་ཞགས་བསྐུར་ནས་ནང་སེམས་གཉིད་ཀྱིས་ཁུར་ཡོད་ལ། ཁོང་གིས་རྨི་ལམ་ནས་ཀྱང་ཨེ་ཐུགས་ཀྱིས་བརྩེ་བ་ཆེན་པོའི་ལག་པ་ཁོ་མོར་བསྲིངས་ནས་ཡོད་སྐད།  ནང་སེམས་ཤོར་ཚུལ་དེ་ནི་ཇི་འདྲའི་སྙིང་དུ་སྡུག་ཅིང་། རོལ་མྱོང་བྱེད་རྒྱུ་ཅི་མང་བདོག་པའི་ཀོག་ཧྥེ་ཞིག་རེད་ལགས།  མ་བཅོས་ངག་ནས་བརྡོལ་བའི་ཚན་པ་བཅུ་བདུན་གྱིས་གྲུབ་པའི་སྙན་ཚིག་འདི་དག་གིས་ཀློག་པ་པོ་རེ་རེའི་འཆར་རྟོག་གི་སྒེའུ་ཡོལ་བརྟོལ་ནས་སྣེ་མི་གཅིག་པའི་ཚོར་འདུ་མང་དག་སྤྲད་པར་ངེས་སོ།།  ཀྱེ་སྙིང་ཉེ་བའི་བདག་གི་རྨི་ལམ་ཀློང་གི་དགའ་གྲོགས་རྣམ་པའམ་ཀློག་པ་པོ་ལགས།
ངར་ཞགས།
2018.07.03.

① ཚིག་སྤུ་ཞེས་པ་ནི་ལུང་ཀྱོག་ཁོ་ནའི་སྤྱོད་སྐད་ཅིག་ཡིན་ཡང་ཐང་ངོ་།།

དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རོལ་སྐུད། སྤེལ་དུས:2018/10/2
དཔྱད་གཞི་དཔྱད་མཆན་གཉིས་ཀ་ཡག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12595212
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号