ཐུབ་གཞོན་གྱི་རྩོམ་གཉིས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཐུབ་གཞོན་གྱི་རྩོམ་གཉིས།
ཐུབ་གཞོན་གྱི་རྩོམ་གཉིས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/8/6ལྟ་ཀློག (2029)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྐྱོ་བ།

ཐུབ་གཞོན།

དབེན་པའི་རི་ནས་ཡུན་རིང་འགོར་ཡང་།།

ངེས་འབྱུང་སྤུ་སུད་ཙམ་ཡང་མ་སྐྱེས།།

ཕྱི་ཚུལ་བརྗེ་བའི་ངང་ཚུལ་བསམ་ན།།

མི་ལུས་བརླག་པའི་ཚུལ་འདི་སྐྱོ་བ།།


མཚན་ལྡན་བླ་མ་བསྐལ་བར་བཙལ་ཡང་།།

འཕྲད་པར་དཀའ་བ་དག་དང་འཕྲད་ཅིང་།།

རང་སེམས་ཆོས་ལ་ཕྱོགས་པ་མ་དགོས།།

ཆོས་བརྒྱད་རླབས་བཞིན་འཕྱོ་འདི་སྐྱོ་བ།།


གང་ཤེས་རྒྱུད་ལ་སྦྱོར་བར་འབད་ཅིང་།།

དོན་དུ་འཁེལ་བ་རི་བོང་རྭ་རེད།།

ཁ་ཕོ་ཆེན་པོས་སྟོང་གསུམ་བསྐོར་ཏེ།།

འཚུལ་ཆོས་བྱས་པའི་རིགས་འདི་སྐྱོ་བ།།


བྱང་ཆུབ་སེམས་ལ་གོམས་པར་བརྩོན་ཡང་།།

ཆགས་སྡང་རླུང་འཚུབ་གཡུགས་པ་རྒོད་སོང་།།

མཁས་པའི་ལེགས་བཤད་བདག་གིར་རློམ་ནས།།

འུར་གྱིས་འགྱིང་བའི་ལས་འདི་སྐྱོ་བ།།


སྟོང་ཉིད་བུ་མོར་རོགས་གླུ་བླངས་ཀྱང་།།

ཚུར་ལ་ཕྱོགས་པའི་རྣམ་འགྱུར་མི་འདུག།

རོགས་ལ་བཀུག་པའི་འཕྲུལ་སྣང་བསྒོམས་ནས།།

རྨི་ལམ་འགྲིམ་པའི་གཟུགས་འདི་སྐྱོ་བ།།


ཚིག་འབྲུ་ཐར་ཐོར་ཤོག་བུར་ཕབ་སྟེ།།

སྙན་ངག་པ་ལ་རང་ཉིད་རློམ་ནས།།

འདྲ་འདྲའི་ནང་གི་མི་འདྲར་འདོད་དེ།།

སྣང་བ་རི་ལས་མཐོ་འདི་སྐྱོ་བ།།


ཤེས་བྱ་གང་མཁོ་སྦྱངས་བ་མཐར་ཐུག།

རང་གཞན་དོན་གྱི་སླད་དུ་མཆིས་མོད།།

རང་ཉིད་ངོམ་པའི་ལག་ཆར་སྤྱད་པས།།

ཤེས་བྱའི་ཉིང་ཁུ་བོར་འདི་སྐྱོ་བ།།


ཕྱི་ནང་རྟེན་འབྲེལ་ཆོས་ཀྱི་མ་ལག།

ཐལ་སྒྲའི་བར་ན་རྣོ་དབལ་ཆེ་ཡང་།།

དོན་གྱི་གནད་ལ་བསྣུན་དགོས་དུས་སུ།།

ཨུ་ཚུགས་སྒྲེན་མོར་ཧད་འདི་སྐྱོ་བ།།


དུས་ཀྱི་སེང་གེ་གདོང་ལྔའི་མདུན་དུ།།

ཨུ་ཚུགས་ཉམ་ཆུང་རི་བོང་རྔ་ཐུང་།།

གར་དུ་རྩེན་པའི་སྣང་བ་རྒོད་པོ།།

ཕམ་པའི་སྔ་ལྟས་ཡིན་འདི་སྐྱོ་བ།།


རང་ལམ་རང་ལ་ཧ་ཅང་གསལ་མོད།།

དབང་ཤུགས་གནམ་ལྕགས་ཐོག་མདའ་བཙན་པས།།

ཁུ་སིམ་བེམ་རོར་རྣམ་ཤེས་འཐིམ་ནས།།

རོ་ལངས་དབེན་པའི་སྐབས་འདི་སྐྱོ་བ།།

                                        ༡༨/༨/༣ཉིན།


ཁ་ཤས།

འབྲི་ན་འདོད་ཀྱང་མགོ་བརྩམས་དཀའ་བའི་ཡིག་འབྲུ་ཁ་ཤས།

བཤད་ན་འདོད་ཀྱང་ངག་འཁྲོལ་དཀའ་བའི་སྐད་ཆ་ཁ་ཤས།

ལེན་ན་འདོད་ཀྱང་འགྱུར་ཁུགས་དཀའ་བའི་གླུ་དབྱངས་ཁ་ཤས།

སེམས་པ་འདི་གཅུན་དཀའ།

འདོད་པ་འདི་བཅོམ་དཀའ།


ངུ་ན་འདོད་ཀྱང་མིག་ཆུ་མེད་པའི་ཉམས་སྣང་ཁ་ཤས།

བགད་ན་འདོད་ཀྱང་འཛུམ་མདངས་མེད་པའི་རྣམ་འགྱུར་ཁ་ཤས།

གཉིད་ན་འདོད་ཀྱང་མིག་མི་བཙུམ་པའི་བཟོ་ལྟ་ཁ་ཤས།

སྡུག་བསྔལ་འདི་འདོར་དཀའ།

བདེ་སྐྱིད་འདི་ཐེག་དཀའ།


ཐོབ་ན་འདོད་ཀྱང་ཤོར་བ་མང་བའི་སྟོང་བསམ་ཁ་ཤས།

འགྲོགས་ན་འདོད་ཀྱང་གྱེས་པ་མང་བའི་ན་ཟུག་ཁ་ཤས།

བདེ་ན་འདོད་ཀྱང་སུན་པ་མང་བའི་སྣང་བ་ཁ་ཤས།

ལང་ཚོ་འདི་རྟག་དཀའ།

དུས་ཚོད་འདི་འཛིན་དཀའ།


ཐར་ན་འདོད་ཀྱང་ཀྱོག་ཀྱོག་མང་བའི་བགྲོད་ལམ་ཁ་ཤས།

སད་ན་འདོད་ཀྱང་འཇབ་རྒོལ་མང་བའི་ཉལ་ཁྲི་ཁ་ཤས།

དྲང་ན་འདོད་ཀྱང་འཁྱོག་པོ་མང་བའི་ཁོར་ཡུག་ཁ་ཤས།

གཉིད་པ་འདི་སད་དཀའ།

བདེན་པ་འདི་ལེན་དཀའ།

༡༨/༧/༣༠ཉིན་གཟའ་ཉི་མ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ig8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41359024
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1