ཏྲེ་ཧོར་དར་རྒྱས་དགོན་དུ་འཇང་དགུན་ཆོས་ཐོག་ལི་ཐང་བཞག་པ་རིན་པོ་ཆེས་བསྩལ་བའི་བཀའ་སློབ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཏྲེ་ཧོར་དར་རྒྱས་དགོན་དུ་འཇང་དགུན་ཆོས་ཐོག་ལི་ཐང་བཞག་པ་རིན་པོ་
ཏྲེ་ཧོར་དར་རྒྱས་དགོན་དུ་འཇང་དགུན་ཆོས་ཐོག་ལི་ཐང་བཞག་པ་རིན་པོ་ཆེས་བསྩལ་བའི་བཀའ་སློབ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/8/20ལྟ་ཀློག (5389)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཏྲེ་ཧོར་དར་རྒྱས་དགོན་དུ་འཇང་དགུན་ཆོས་ཐོག་ལི་ཐང་བཞག་པ་རིན་པོ་ཆེས་བསྩལ་བའི་བཀའ་སློབ།

        བོད་རྒྱལ་ལོ་༢༡༤༥ བོད་ཟླ་༥ ཚེས་༧ ཉིན་མདོ་ཁམས་སྨད་ཀྱི་འཇང་དགུན་ཆོས་ཐེངས་བདུན་པ་ཏྲེ་ཧོར་དར་རྒྱས་དགོན་དུ་འཚོགས་ཤིང་། དགོན་སྡེ་ལྔ་བཅུ་ཟིན་ལ་ཉེ་བའི་བློ་གསལ་དོན་གཉེར་ཅན་ཉིས་སྟོང་ལྷག་ཙམ་ཞིག་ཕེབས་པའི་དབུས་སུ་ལི་ཐང་༧བཞག་པ་མཆོག་གིས་བཀའ་སློབ་ཟབ་རྒྱས་གནང་ཚུལ་འདི་ལྟར། ཐོག་མར་དམ་པ་ཁོང་གིས། 
འོ་ལགས་སོ། མདོ་ཁམས་སྨད་ཀྱི་འཇང་དགུན་ཆོས་ཀྱི་སྐབས་འདིར་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་འདུས་པ་རྒྱ་མཚོ་ལ་སྒོ་གསུམ་གུས་པའི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་ནས། སྐྱེ་བ་སྔོན་མ་རྣམས་སུ་རྣམ་དག་གི་ལས་བཟང་པོ་བསགས་པས་དེའི་འབྲས་བུ་ལ། དེ་རིང་རྫ་དར་རྒྱས་དགོན་འདིར་དགོན་སྡེ་ལྔ་བཅུ་ཟིན་ལ་ཉེ་བའི་སློབ་གཉེར་བ་གང་མང་ཞིག་ཕེབས་ནས་འཇང་དགུན་ཆོས་ཟེར་བའི་ཆོས་ཚོགས་ཆེན་མོ་ཞིག་ཚོགས་རྒྱུ་བྱུང་བ་འདི་ཧ་ཅང་གི་སྐལ་བ་བཟང་པོ་རེད། རང་ཉིད་ནི་ལུང་རྟོགས་ཀྱི་ཡོན་ཏན་གང་གི་ཆ་ནས་ཉག་ཕྲ་བ་ཞིག་ཡིན་ནའང་། ཞྭ་སེར་ཅོད་པན་འཆང་བའི་དོན་གྱི་བདག་པོ་སྐུ་ཞབས་རྒྱབ་རྟེན་རིན་པོ་ཆེ་དང་། དགོན་འདིའི་མཁན་རིན་པོ་ཆེ་དང་། འཇང་དགུན་ཆོས་ཚོགས་པ་འདི་རྣམས་ཀྱིས་ཁྱེད་འདིར་གཅིག་འོང་དགོས་ཟེར་ནས་ཡང་ནས་ཡང་དུ་བཀའ་ཕབ་པ་ཡིན་ཙང་། དེ་དག་གིས་བཀའ་ཕབ་པ་ལྟར་ངོ་མ་ལྡོག་ཙམ་ཞིག་རང་ཉིད་འདིར་འོང་རྒྱུ་བྱུང་བ་རེད། དེ་རིང་གི་སྔ་དྲོར་རྣམ་པ་ཚང་མ་ལ་ཚིག་ཁ་ཤས་ཤིག་ཞུ་རྒྱུའི་གོ་སྐབས་འདི་ཁོ་རང་ཚོས་བཀོད་སྒྲིག་གནང་བ་ཡིན་ཙང་། རྣམ་པ་ཚང་མ་ལ་ཚིག་ཁ་ཤས་གསན་རོགས་བྱོས་ཟེར་ནས་ཞུ་རྒྱུ་ཡིན།


      དང་པོ་དེ་གང་ཡིན་ཞེ་ན། ང་རང་ཚོའི་འཇང་དགུན་ཆོས་འཚོགས་རྒྱུ་བྱུང་བ་དེ་སྐལ་བ་བཟང་པོ་རེད་སྙམ་དུ་བསམ་བཞིན་ཡོད། རྒྱུ་མཚན་ནི། གནའ་སྔ་མོར་ལྷ་སའི་ར་སྟོད་འཇང་གི་ས་ཆར་སློབ་གཉེར་འཕེལ་ཐབས་སུ་དགུན་དུས་འདི་འདྲ་ཚོགས་པ་རེད། འོན་ཀྱང་། དེང་སང་ནང་བཞིན་སྒྲིག་གཞི་ཡོད་ས་མ་རེད། དེ་ནས། དམངས་གཙོ་བཅོས་བསྒྱུར་མ་གཏང་གོང་དུ་གདན་ས་ཆེན་པོ་གསུམ་གྱིས་གྲོས་སྡུར་བྱས་ནས་འཇང་གི་ས་ཆར་འཇང་དགུན་ཆོས་ཟེར་བའི་ཆོས་ཐོག་ཅིག་འཚོགས་པ་རེད། དེ་མ་གཏོགས་སྐབས་དེར་ཨ་མདོ་དང་། ཁམས་ཕྱོགས་སུ་འཇང་དགུན་ཆོས་ཟེར་བ་འདི་འཚོགས་རྒྱུ་ཡོད་པ་མ་རེད། དེང་སང་མདོ་སྨད་འཇང་དགུན་ཆོས་དང་། མདོ་སྟོད་འཇང་དགུན་ཆོས་དང་། མདོ་ཁམས་དགུན་ཆོས་དང་། མགོ་ལོག་འཇང་དགུན་ཆོས་སོགས་འཇང་དགུན་ཆོས་ཀྱི་ཚོགས་པ་མི་འདྲ་བ་ལྔའམ་དྲུག་ཡས་མས་ཤིག་ཡོད་པ་རེད། ཚོགས་པ་རེ་རེའི་ནང་དུ་གྲྭ་བ་ཉིས་སྟོང་དང་སུམ་སྟོང་ཡས་མས་ཤིག་དང་། མ་མཐའ་གྲྭ་བ་ཉིས་སྟོང་ཡས་མས་ཤིག་ཡོད་པ་རེད། མདོར་ན། ང་རང་ཚོའི་འདི་ལྟ་བུའི་འཇང་དགུན་ཆོས་ཚོགས་རྒྱུ་བྱུང་བ་འདི་བསྐལ་བ་བཟང་པོ་ཞེ་དྲག་རེད། དེའི་རྒྱུ་མཚན་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཡུན་རིང་ཞིག་གནས་དགོས་ན། གཙོ་བོ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གནས་མིན་ལ་རག་ལུས་པ་རེད། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་ལ་རག་ལུས་པ་དང་། དེ་གཉིས་ཀྱི་ནང་ནས་དང་པོ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ལ་རག་ལུས་པའི་རྒྱུ་མཚན་གྱིས་འཇང་དགུན་ཆོས་འཚོགས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཟེར་ནས་ཞུ་རྒྱུ་ཡིན། དེ་ཡང་། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་པ་ལ་དོན་སྣེ་ཁ་གསུམ་དགོས་པ་རེད། གཅིག མ་རྟོགས་པ་དང་། གཉིས། ལོག་པར་རྟོགས་པ། གསུམ། ཐེ་ཚོམ་གྱི་དྲ་བ་ཟེར་བ་དེ་མ་གཅོད་པ་ཡིན་ན། ཐོས་བསམ་གྱི་ཤེས་རབ་རྣམ་པར་དག་པ་ཞིག་སྐྱེས་ཐུབ་རྒྱུ་ཡོད་པ་མ་རེད། ཚིག་ལ་སྒྲོ་འདོགས་དེ་གསུམ་གཅོད་པ་ལ་སྒྲ་རིག་པ་ལ་སྦྱང་། དོན་ལ་སྒྲོ་འདོགས་དེ་གསུམ་གཅོད་པ་ལ་ཚད་མ་རིག་པ་ལ་སྦྱང་དགོས་པ་རེད། ཚིག་དོན་གཉིས་ཀར་སྒྲོ་འདོགས་དེ་གསུམ་གཅོད་པ་ལ་སྒྲ་དང་ཚད་མ་རིག་པ་གཉིས་ཀ་ལ་སྦྱང་དགོས་པ་རེད། བྱས་ཙང་།
དང་པོ་དེ་གང་ཡིན་ཞེ་ན། ང་རང་ཚོའི་འཇང་དགུན་ཆོས་འཚོགས་རྒྱུ་བྱུང་བ་དེ་སྐལ་བ་བཟང་པོ་རེད་སྙམ་དུ་བསམ་བཞིན་ཡོད། རྒྱུ་མཚན་ནི། གནའ་སྔ་མོར་ལྷ་སའི་ར་སྟོད་འཇང་གི་ས་ཆར་སློབ་གཉེར་འཕེལ་ཐབས་སུ་དགུན་དུས་འདི་འདྲ་ཚོགས་པ་རེད། འོན་ཀྱང་། དེང་སང་ནང་བཞིན་སྒྲིག་གཞི་ཡོད་ས་མ་རེད། དེ་ནས། དམངས་གཙོ་བཅོས་བསྒྱུར་མ་གཏང་གོང་དུ་གདན་ས་ཆེན་པོ་གསུམ་གྱིས་གྲོས་སྡུར་བྱས་ནས་འཇང་གི་ས་ཆར་འཇང་དགུན་ཆོས་ཟེར་བའི་ཆོས་ཐོག་ཅིག་འཚོགས་པ་རེད། དེ་མ་གཏོགས་སྐབས་དེར་ཨ་མདོ་དང་། ཁམས་ཕྱོགས་སུ་འཇང་དགུན་ཆོས་ཟེར་བ་འདི་འཚོགས་རྒྱུ་ཡོད་པ་མ་རེད། དེང་སང་མདོ་སྨད་འཇང་དགུན་ཆོས་དང་། མདོ་སྟོད་འཇང་དགུན་ཆོས་དང་། མདོ་ཁམས་དགུན་ཆོས་དང་། མགོ་ལོག་འཇང་དགུན་ཆོས་སོགས་འཇང་དགུན་ཆོས་ཀྱི་ཚོགས་པ་མི་འདྲ་བ་ལྔའམ་དྲུག་ཡས་མས་ཤིག་ཡོད་པ་རེད། ཚོགས་པ་རེ་རེའི་ནང་དུ་གྲྭ་བ་ཉིས་སྟོང་དང་སུམ་སྟོང་ཡས་མས་ཤིག་དང་། མ་མཐའ་གྲྭ་བ་ཉིས་སྟོང་ཡས་མས་ཤིག་ཡོད་པ་རེད། མདོར་ན། ང་རང་ཚོའི་འདི་ལྟ་བུའི་འཇང་དགུན་ཆོས་ཚོགས་རྒྱུ་བྱུང་བ་འདི་བསྐལ་བ་བཟང་པོ་ཞེ་དྲག་རེད།


     དེའི་རྒྱུ་མཚན་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཡུན་རིང་ཞིག་གནས་དགོས་ན། གཙོ་བོ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གནས་མིན་ལ་རག་ལུས་པ་རེད། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་ལ་རག་ལུས་པ་དང་། དེ་གཉིས་ཀྱི་ནང་ནས་དང་པོ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ལ་རག་ལུས་པའི་རྒྱུ་མཚན་གྱིས་འཇང་དགུན་ཆོས་འཚོགས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཟེར་ནས་ཞུ་རྒྱུ་ཡིན། དེ་ཡང་། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་པ་ལ་དོན་སྣེ་ཁ་གསུམ་དགོས་པ་རེད། གཅིག མ་རྟོགས་པ་དང་། གཉིས། ལོག་པར་རྟོགས་པ། གསུམ། ཐེ་ཚོམ་གྱི་དྲ་བ་ཟེར་བ་དེ་མ་གཅོད་པ་ཡིན་ན། ཐོས་བསམ་གྱི་ཤེས་རབ་རྣམ་པར་དག་པ་ཞིག་སྐྱེས་ཐུབ་རྒྱུ་ཡོད་པ་མ་རེད། ཚིག་ལ་སྒྲོ་འདོགས་དེ་གསུམ་གཅོད་པ་ལ་སྒྲ་རིག་པ་ལ་སྦྱང་། དོན་ལ་སྒྲོ་འདོགས་དེ་གསུམ་གཅོད་པ་ལ་ཚད་མ་རིག་པ་ལ་སྦྱང་དགོས་པ་རེད། ཚིག་དོན་གཉིས་ཀར་སྒྲོ་འདོགས་དེ་གསུམ་གཅོད་པ་ལ་སྒྲ་དང་ཚད་མ་རིག་པ་གཉིས་ཀ་ལ་སྦྱང་དགོས་པ་རེད། བྱས་ཙང་། རྗེ་བཙུན་བྱམས་པ་མགོན་པོས། རིག་པའི་གནས་ལྔ་གསུངས་པའི་སྐབས་མདོ་སྡུད་རྒྱན་ལས་དེ་འདྲ་གསུངས་ཡོད་པ་རེད།

     རེད་ང་རང་ཚོ་ནང་པ་སངས་རྒྱས་པ་ལ་ཆ་མཚོན་ན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ། སྤྱི་ལོའི་སྔོན་གྱི་ལོ་༥༦༣ ལོར་སྐུ་འཁྲུངས་ནས་སྤྱི་ལོའི་སྔོན་གྱི་ལོ་༥༩༦ ཟླ་བ་༤ པའི་ཚེས་༡༥ ལ་སངས་རྒྱས་ཏེ། ཟླ་བ་༦ པའི་ཚེས་༣ ཉིན་ཝ་ར་ཎཱ་སིར་ལ་ཐེངས་དང་པོ་བདེན་བཞིའི་ཆོས་འཁོར་སྐོར་བ་རེད། དེའི་ལོ་རྗེས་མ་དེ་ལ་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་གྱི་མདོ་གསུངས། དེ་ནས་ལོ་༥ ཡི་མཚམས་སུ་ཡངས་པ་ཅན་དུ་ཕེབས་ནས་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་སྐོར་བ་སོགས་གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལོ་༤༦ གི་རིང་ལ་བརྗོད་བྱ་དང་བཅས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་རིམ་པ་བཞིན་དུ་བསྐོར་ཡོད་པ་རེད། དང་པོ་བཅོམ་ལྡན་འདས་ཁོང་ཞལ་བཞུགས་དུས་ནས་ཡེ་ཤེས་ལ་འཇུག་པ་དང་། རབ་ཏུ་བྱེད་པ། རྣམ་ཤེས་ཀྱི་ཚོགས། ཆོས་ཀྱི་ཕུང་པོ། གདགས་པའི་བསྟན་བཅོས། འགྲོ་བའི་རྣམ་གྲངས། ཁམས་ཀྱི་ཚོགས་བཅས་མངོན་པ་སྡེ་བདུན་ཟེར་བའི་གཞུང་མཛད་པ་རེད། འོན་ཀྱང་། དངོས་སུ་ཚད་མ་རིག་པ་ཟེར་བ་འདི་འདྲ་དར་སྲོལ་ཆེན་པོ་བྱུང་ཡོད་པ་མ་རེད། དེ་ནས་སྤྱི་ལོའི་སྔོན་གྱི་ལོ་༤༨༥ ལོར་སངས་རྒྱས་བཅོམ་ལྡན་འདས་དགོངས་པ་རྫོགས་ནས་ཟླ་བ་གསུམ་གྱི་མཚམས་སུ་བཀའ་སྡུད་དང་པོ་མཛད་པ་རེད།


     དེ་ནས་ལོ་༢༣༧ གྱི་རིང་ལ་བཀའ་སྡུད་ཐེངས་མ་གསུམ་མཛད་ནས་བཀའ་སྡུད་གསུམ་པའི་སྐབས་ལ་གཞི་བཅུ་བདུན་སོགས་ལ་རྩོད་པ་བྱུང་། དགེ་འདུན་གྱི་ནང་ལ་རྩོད་པ་ཆེན་པོ་བྱུང་བའི་རྒྱུ་མཚན་གྱིས་ཚད་མ་རིག་པ་ལ་དོ་སྣང་ཤུགས་ཆེན་པོ་ཐོག་མར་དེ་ནས་མགོ་རྩོམ་པ་རེད། དེ་ནས་རྩ་བའི་སྡེ་གཉིས། ཡང་ན། རྩ་བའི་སྡེ་གསུམ། ཡང་ན། རྩ་བའི་སྡེ་བཞི་ཟེར་བ་རིམ་པ་བཞིན་དུ་བྱུང་ཡོད་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་ལས་གསུངས་པ་ལྟར། སྡེ་བ་བཅོ་བརྒྱད་ཟེར་བ་དེ་བྱུང་ཡོད་པ་རེད། དེ་ནས། དཔལ་ལྡན་སྡེ་སྣོད་གསུམ་གྱི་དོན་ལ་མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་གྱི་དྲི་མ་གསུམ་གཅོད་པའི་སླད་དུ་ཚད་མ་རིག་པ་ལ་དོ་སྣང་ཆེན་པོ་བྱུང་བའི་ལུགས་སྲོལ་ཐོག་མར་དེ་ནས་བྱུང་བ་རེད། རེད་དེ། སྐབས་དེར་ཚད་མའི་བསྟན་བཅོས་ཟེར་བ་དེ་འདྲ་ལོགས་སུ་མེད་པ་རེད།


      འོ་ན། ཚད་མ་རིག་པ་ནི་ཐོག་མར་གང་འདྲ་བྱས་ནས་བྱུང་བ་རེད་ཟེར་ན། ང་རང་སྒེར་གྱི་བསམ་ཚུལ་ཡིན་ན། མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་རིང་ལ། ད་ལྟར་དགྱ་ནག་གི་བསྟན་བཅོས་ཀྱི་ནང་ལ་བསྒྱུར་བཞག་པའི་ ཐབས་རིག་པ་མངོན་པའི་བསྟན་བཅོས་ཟེར་བ་དེ་དང་། དེ་ནས། དབུ་མ་རིགས་ཚོགས་དྲུག དེའི་ནང་ནས་ཞིབ་མོ་རྣམ་འཐག་ཟེར་བ་དེ་ཚོ་ནི། ཆེས་ཐོག་མའི་ཚད་མ་རིག་པའི་བསྟན་བཅོས་རེད་བསམ་བཞིན་ཡོད། དེར་མ་ཟད། མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་རིང་ལ་རྟོག་གེའི་ཚིག་དོན་བརྒྱད་ལ་སོགས་པ་སྟོན་པའི་བསྟན་བཅོས་མེད་ཀྱང་། མགོན་པོ་ཀླུ་སྒྲུབ་ཀྱིས་རྩོམ་པའི་ཐབས་རིག་པའི་མངོན་པའི་བསྟན་བཅོས་ནང་ལོག་ལ། ཁོང་དུ་ཆུད་པར་རྩོད་པའི་ཐབས་བརྒྱད་ཟེར་བ་དེ་ལོགས་སུ་གསུང་གི་ཡོད་པ་རེད། དཔེར་ན།  དེའི་སྔོན་ལ་སྒྲུབ་པའི་ངག་དང་། དཔེ་དང་བཅས་པའི་ངག་དང་། སྐབས་སུ་བབ་པའི་ངག་དང་། དཔྱད་པའི་རྒྱུ་དང་། ངེས་པའི་རྒྱུ་བཤད་པ། གཏན་ཚིགས་ལྟ་སྣང་དང་། ཚིག་ལ་རྩོད་པ་བཅས་བརྒྱད་དེ་འདྲ་གསུང་གི་ཡོད་པ་རེད། ལྷག་པར་དུ་དེའི་ནང་ནས་དཔྱད་པའི་རྒྱུ་དང་། ངེས་པའི་རྒྱུ་ཟེར་བ་དེའི་ནང་ལ་མངོན་སུམ། རྗེས་དཔག དཔེ་ཉེར་འཇལ། ལུང་ཟེར་བའི་དོན་རྣམ་པ་བཞི་རེད། དེ་འདྲ་བྱས་ནས་གསུང་གི་ཡོད་པ་རེད། མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་རིང་ལ་རྟོག་གེའི་ཚིག་དོན་བརྒྱད་ཀྱི་ཚབ་ཏུ་ཁོང་དུ་ཆུད་པར་རྩོད་པའི་ཐབས་བརྒྱད་ཟེར་བ་དེ་རེད།


      སྤྱི་ལོ་༡༥༠ ཐམ་པའི་ལོར་མགོན་པོ་ཀླུ་སྒྲུབ་སྐུ་འཁྲུངས་ནས་སྤྱི་ལོ་༢༥༠ ཡི་ལོར་དགོངས་པར་རྫོགས་པ་རེད། ཁོང་ཞལ་བཞུགས་སྐབས་ཚད་མ་རིག་པའི་བསྟན་བཅོས་ནི་ཁོང་གིས་མཛད་པའི་བསྟན་བཅོས་དེ་ཚོ་རེད། སྐབས་དེར་རྟོག་གེ་ཟེར་བ་མ་གཏོགས་གཏན་ཚིགས་རིག་པ་ཟེར་བའི་མིང་མེད་པ་རེད། དེ་ནས། ཚད་མ་རིག་པ་རྒྱ་ཆེ་རུ་སོང་བའི་དུས་ཚོད་ནམ་ཞིག་རེད་ཟེར་ན། སྤྱི་ལོ་༢༡༠ ལོར་འཕགས་པ་ཐོགས་མེད་སྐུ་འཁྲུངས་ནས་ཁོང་གིས་ས་སྡེ་ལྔ་མཛད་པ་རེད། ས་སྡེ་ལྔའི་དང་པོ་སའི་དངོས་གཞི་ཟེར་བ་དེ་ལ་ས་བཅུ་བདུན་ཡོད་པ་རེད། དེའི་ནང་ནས་བཅུ་པ་ཐོས་པའི་ས་ཟེར་བ་དེའི་ནང་ལ་གཏན་ཚིགས་རིག་པ་ཟེར་བ་ལོགས་སུ་གསུངས་ཡོད་པ་རེད། དེའི་ནང་ལ་ཁོང་དུ་ཆུད་པ་རྩོད་པའི་ཐབས་བརྒྱད་ལ་སོགས་པ་ཁ་གསལ་བོ་ཞེ་དྲག་གསུངས་ཡོད་པ་རེད། ཡིན་ནའང་ཁོ་རང་ཚོའི་རྩ་བའི་གཞི་འཛིན་ས་འདྲ་བོ་ག་རེ་རེད་ཟེར་ན། རྩོད་པར་བྱ་བའི་བརྗོད་བྱའི་དོན་ལ། ངོ་བོ་ལ་རྩོད་པ་དང་། ཁྱད་པར་ལ་རྩོད་པ་གཉིས་བཞག་ནས། རྗོད་བྱེད་ཀྱི་ཐབས་དེ་ལ་རྣམ་པ་བརྒྱད་གསུངས་ཡོད་པ་རེད། དེ་ཡང་དཔེ་དང་། དམ་བཅའ། གཏན་ཚིགས། མཐུན་པ། མི་མཐུན་པ། མངོན་སུམ། རྗེས་དཔག ཡིད་ཆེས་ཀྱི་ལུང་ཟེར་བའི་དོན་རྣམ་པ་བརྒྱད་གསུངས་ཡོད་པ་རེད། དེ་དག་རྟོག་གེའི་ཚིག་དོན་བརྒྱད་དང་པོ་འབྱུང་ས་འདྲ་བོ་ཡིན་ས་རེད། འོན་ཀྱང་། སྐབས་དེའི་ཚད་མ་རིག་པ་དང་ད་ལྟ་ལ་ཡོངས་སུ་གྲགས་པའི་ཚད་མ་རིག་པ་གཉིས་ཏོག་ཙམ་འདྲ་བོ་ཡོད་པ་མ་རེད། དེའི་སྐབས་སུ་རྩོད་པའི་ཐབས་ཡོངས་སུ་རྫོགས་པར་བསྟན་ཡོད་ནའང་། སློབ་དཔོན་ཕྱོགས་གླང་གི་བསྟན་པ་ནང་བཞིན་ཞིག་བསྟན་ཡོད་པ་མ་རེད།


      དེ་ནས། སྤྱི་ལོ་༤༢༠ ལོར་སློབ་དཔོན་ཕྱོགས་གླང་སྐུ་འཁྲུངས་ནས་ཁོང་གིས་ཚད་མའི་བསྟན་བཅོས་མང་པོ་ཞིག་རྩོམ་གནང་ཡོད་པ་རེད། སྤྱིར་བཏང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་དྲི་མ་གཅོད་པ་ལ་ཚད་མའི་རིག་པའི་ལམ་ནས་ཐབས་མཆོག་ཏུ་གྱུར་པ་འདི་གཞན་གང་གིས་ཀྱང་མ་བཤད་པའི་སློབ་དཔོན་ཕྱོགས་གླང་གི་མཛད་རྗེས་ཆེན་པོ་གཅིག་རེད། 
འོན་ཀྱང་། ངེད་ཀྱིས་རྣམ་པ་ཚང་མ་ལ་གསལ་བཤད་ཞུ་དགོས་པ་ཞིག་ལ། ཚུལ་གསུམ་ཚང་བ་རྟགས་ཀྱི་མཚན་ཉིད་ཟེར་མཁན་ཐེངས་དང་པོ་དེ་ནང་པ་སངས་རྒྱས་པ་མ་རེད། སུ་རེད་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་དགོངས་པར་རྫོགས་ནས་ཡུན་རིང་མ་ལོན་པར་སྤྱི་ལོ་༤༠༠  དེའི་གཞུང་ཆེན་མོའི་ནང་ལོག་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས་ཟེར་ནས་ཚུལ་གསུམ་ཚང་བ་རྟགས་ཀྱི་མཚན་ཉིད་དུ་རྒྱས་པར་བཤད་ཡོད་པ་རེད། ཡིན་ནའང་ང་རང་ཚོའི་ངོས་ནས་བཤད་ན། དེ་རྒྱས་པར་གསུང་མཁན་ནི་སློབ་དཔོན་ཕྱོགས་གླང་རེད་ཟེར་རྒྱུ་རེད། དམ་པ་ཁོང་ལ་མཛད་རྗེས་ཆེན་པོ་བདུན་ཡོད་པ་རེད།


     མཛད་རྗེས་དང་པོ་དེ་གང་རེད་ཟེར་ན། རྟོག་གེའི་ཚིག་དོན་བརྒྱད་ཀྱི་རྣམ་གཞག་གཏན་ལ་ཕབ་པའི་སྡེ་སྣོད་གསུམ་པོ་དེ་ད་ལྟར་མཇའ་རྒྱུ་ཡོད་པ་ལ། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །ཞེས་རྣམ་པ་བརྒྱད་ཀྱི་སྒོ་ནས་རྒྱས་པ་གཏན་ལ་ཕབ་པའི་གཞུང་ཐེངས་དང་པོ་གསུང་མཁན་དེ་སློབ་དཔོན་ཕྱོགས་གླང་རེད། དེ་ཁོང་གི་མཛད་རྗེས་ཆེན་པོ་གཅིག་རེད། 
མཛད་རྗེས་གཉིས་པ་དེ་ག་རེ་རེད་ཟེར་ན། དེའི་སྔོན་དུ་ཕྱི་ནང་གཉིས་ཀར་གྲགས་པའི་ཚད་མ་རིག་པ་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། མངོན་སུམ་དང་། རྗེས་དཔག དཔེ་ཉེར་འཇལ། ལུང་ཟེར་ནས་དབུ་མ་པའི་གཞུང་རྣམས་སུ་ཡོད་པ་རེད། སེམས་ཙམ་པའི་གཞུང་རྣམས་དང་། ཕྱི་རོལ་པའི་གཞུང་རྣམས་སུའང་ཡོད་པ་རེད། འོན་ཀྱང་། སློབ་དཔོན་ཕྱོགས་གླང་གིས་ཚད་མ་ལ། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་དང་། གཞལ་བྱ་གཉིས་ཕྱིར་ཚད་མའང་གཉིས། །ཞེས་མངོན་སུམ་དང་རྗེས་དཔག་གཉིས་དངོས་སུ་བསྟན་ནས་རྗེས་དཔག་གི་ཁོངས་སུ་ལུང་དང་དཔེ་ཉེར་བསྡུས་ནས་གསུངས་ཡོད་པ་རེད། དེ་ཁོང་གི་མཛད་རྗེས་གཉིས་པ་རེད།


      མཛད་རྗེས་གསུམ་པ་དེ་ག་རེ་རེད་ཟེར་ན། སློབ་དཔོན་ཕྱོགས་གླང་མ་ཕེབས་གོང་དུ་རང་རིག་མངོན་སུམ་ཟེར་བ་དེ་སེམས་ཙམ་པའི་གཞུང་གང་གི་ནང་དུའང་དངོས་སུ་གསུངས་མེད་པ་རེད། དཔེར་ན། ས་སྡེ་ལྔའི་ནང་ཚན་རྣལ་འབྱོར་སྤྱོད་པའི་ས་ལས། མངོན་སུམ་ནི་བཞི་སྟེ། དབང་པོ་གཟུགས་ཅན་གྱི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། འཇིག་རྟེན་པའི་མངོན་སུམ་དང་། དག་པའི་མངོན་སུམ་མོ། །ཞེས་མངོན་སུམ་ལ་བཞི་གསུངས། དེའི་ནང་ནས་དག་པའི་མངོན་སུམ་ལ་རྣལ་འབྱོར་མངོན་སུམ་སོགས་བཞག་པ་སྨྲོས་ཅི་དགོས། འཇིག་རྟེན་པའི་མངོན་སུམ་ནི་རང་རིག་མངོན་སུམ་རེད་ཟེར་མཁན་ཡོད་ཀྱང་། ཁུངས་གསལ་བོ་མེད་པ་རེད། མདོར་ན། ཐེངས་དང་པོ་རང་རིག་མངོན་སུམ་གྱི་རྣམ་གཞག་གཏན་ལ་ཕབ་མཁན་ནི་དམ་པ་ཁོང་ཡིན་པས་དེ་མཛད་རྗེས་གསུམ་པ་རེད།

༡༠

      མཛད་རྗེས་བཞི་པ་གང་ཡིན་ཟེར་ན། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་རྣམ་གཞག་དེ་ཐོག་མར་སློབ་དཔོན་ཕྱོགས་གླང་གིས་གཏན་ལ་ཕབ་པ་རེད། 
དེ་ནང་བཞིན་སློབ་དཔོན་ཕྱོགས་གླང་གི་སྔོན་ལ་ཕྱོགས་དང་། རྟགས། དཔེ། འབྲས་བུ་ཟེར་བ་བཅས་རྣམ་གཞག་ལྔའི་སྒོ་ནས་འཆད་བཞིན་ཡོད་ཀྱང་། སློབ་དཔོན་ཕྱོགས་གླང་ཕེབས་པ་ནས་གཟུང་སྟེ། ཕྱོགས། དཔེ། རྟགས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་པ་རེད།  
དེ་ནང་བཞིན་དམ་པ་ཁོང་གི་སྔོན་ལ་ལུགས་མི་འདྲ་བ་མང་པོ་ཡོད་ཀྱང་། ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་དེ་ཐེངས་དང་པོ་གསུང་མཁན་སློབ་དཔོན་ཕྱོགས་གླང་རེད། བྱས་ཙང་།  དགྱ་ནག་གི་སེམས་ཙམ་པ་དང་། མཁས་པ་ཆེན་པོ་རྣམས་ཀྱིས་དམ་པ་ཁོང་ལ་སེམས་ཙམ་དང་པོ་རྩོམ་པ་བ་ཟེར་ནས་ཐ་སྙད་བྱུང་ཡོད་པ་དེ་འདྲ་རེད། 
དེ་བཞིན་དུ། སྤྱིར་བཏང་། འཕགས་པ་ཐོག་མེད་ཀྱིས་བསྟན་བཅོས་མང་པོ་རྩོམ་གནང་ཡོད་ནའང་། ཕྱི་རོལ་པའི་ལོག་རྟོག་ལ་བརྟེན་ནས་ཚད་མའི་བསྟན་བཅོས་ཡོངས་རྫོགས་ཀྱི་བདག་ཉིད་ཅན་གྱི་བསྟན་བཅོས། ངེད་ཅག་ནང་པ་སངས་རྒྱས་པ་ལ་ཐེངས་དང་པོ་ཚད་མའི་བསྟན་བཅོས་ཆ་ཚང་བའམ་ཚད་མ་ཀུན་བཏུས་ཟེར་བ་དེ། རྩོམ་པ་པོ་སློབ་དཔོན་ཕྱོགས་གླང་རེད། དེ་ལ་སོགས་པ་མཛད་རྗེས་ཆེན་པོ་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པ་རེད། མདོར་ན། དོན་ལ་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་དྲ་བ་གཅོད་པ་ལ་ཚད་མ་རིག་པ་ཟེར་བ་ཞིག་ཐེངས་དང་པོ་དེ་འདྲ་བྱས་ནས་བྱུང་བ་རེད།

     དེའི་རྗེས་སུ་སྤྱི་ལོ་༦༢༠ ཡས་མས་ཤིག་ལ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཕེབས་ནས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་མཛད་ནས་སློབ་དཔོན་ཕྱོགས་གླང་གི་བསྟན་བཅོས་དེ་དག་དེ་བས་ཀྱང་དར་རྒྱས་ཆེ་རུ་སོང་ཡོད་པ་རེད། དེར་མ་ཟད། ཁོང་གིས་རྣམ་འགྲེལ་ལེའུ་དང་པོ་ལ་རང་འགྲེལ་དང་བཅས་པ་མཛད་པ་ཡིན་ཙང་། རྒྱ་གར་འཕགས་པའི་ཡུལ་དུ་རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་ཙམ་དུ་མ་ཟད། དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་བ་དང་། ཉན་ཐོས་སྡེ་པ་ཕལ་ཆེ་དང་། ཕྱི་རོལ་པ་དང་བཅས་པ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟར་འགྱུར་བ་ཆེན་པོ་སོང་བས། དེ་ནས་བཟུང་སྟེ་ཚད་མ་རིག་པ་ལ་དངོས་སུ་འཇུག་མཁན་ཞིག་ཡིན་ཕྱིན་ཆད་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་སློབ་དཔོན་ཆོས་གྲགས་ཀྱི་གཞུང་ལ་གཙོ་བོར་འཇུག་པ་རེད། བྱས་ཙང་། སྐད་ཆ་བཤད་སྟངས་གཞན་དུ་བཤད་ན་དངོས་མཐོང་གཟུགས་གྲུབ་ལྟ་བུའི་གཞུང་དེ་རྣམས་དཔལ་ལྡན་ཆོས་གྲགས་ལ་བརྟེན་ནས་བྱུང་བ་རེད།

      དཔལ་ལྡན་ཆོས་གྲགས་ཀྱི་རྗེས་སུ་བྱུང་བའི་རྒྱ་གར་གྱི་བྲམ་ཟེ་མཁས་པ་ཆེན་པོ་ ཁོ་རང་ཚོས་སྭ་ཀ་ར་ཟེར། ང་རང་ཚོའི་གཞོན་ནུ་བློ་དཔལ་ཟེར་རྒྱུ་རེད། དེའི་བསྟན་བཅོས་ཀྱི་ནང་ན་འཇིག་རྟེན་འདིར་མཁས་པའི་ནང་ནས་རིག་པ་འགྲན་ཟླ་དང་བྲལ་བ་དཔལ་ལྡན་ཆོས་གྲགས་ན་རེ། འགྲན་ཟླ་དང་བྲལ་བ་ཞེས་ཕྱི་རོལ་པ་དེ་ཚོས་ཀྱང་བསྟོད་བསྔགས་ཆེན་པོ་བརྗོད་པ་རེད། འོན་ཀྱང་། ཁོ་རང་གིས་དགག་པ་བརྗོད་སྐབས་དེ་ལྟ་ནའང་ཞེས་དགག་པ་བྱེད་ཀྱིན་ཡོད་པས་དེའི་སྐད་ཆ་ལ་འབྲེལ་བ་ཆེན་པོ་ཞེ་དྲག་ཡོད་པ་རེད། བྱས་ཙང་། ངེད་ཀྱིས་ནམ་རྒྱུན་རྩེད་མོ་རྩེ་བཞིན་ཡོད། དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མའི་བསྟན་བཅོས་ཆེན་པོ་བདུན་རྩོམ་པ་དེ། དཔེར་ན། དངོས་གཙོ་སྨྲ་བ་ལྟར་བཤད་ན། རྡུལ་ཕྲན་མཚོན་ཆ་གཏན་ལ་ཕབ་པ་ལྟར་རིགས་པའི་ལམ་ནས་དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མའི་བསྟན་བཅོས་འདི་རྣམས་གཏན་ལ་ཕབ་པ་རེད།

      དེ་ལ་བརྟེན་ནས་ནང་པ་སངས་རྒྱས་པ་མ་ཟད། ཕྱི་རོལ་པ་ལའང་བསམ་བློ་ཆེན་པོ་བཏང་དགོས་པ་ཞིག་བཟོས་ནས་ཡོད་པ་རེད། དེའི་རྗེས་སུ་བོད་ལ་དར་ནས་ཚད་མ་རིག་པ་ལ་མཁས་པ་ཆེན་པོ་གསུམ་ཕེབས་ཡོད་པ་ནི། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་། ཆ་པ་ཆོས་ཀྱི་སེང་གེ རྔོག་བློ་ལྡན་ཤེས་རབ་གསུམ་པོ་རེད། དམ་པ་ཁོང་གསུམ་གྱིས་ཚད་མའི་བསྟན་བཅོས་མང་པོ་རྩོམ་གནང་ཡོད་པ་རེད། ཁྱད་པར་དུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དགུང་ལོ་༤༧ སྐབས་ལ་ཁོང་གིས་རྣམ་འགྲེལ་ལེའུ་གཉིས་པ་བརྗོད་བྱ་བྱེད་པའི་སྒོ་ནས་རྒྱལ་བའི་གསུང་རབ་མཐའ་དག་ཡང་དག་པ་རིག་པའི་ལམ་ནས་གཏན་ལ་ཕབ་ཚུལ་དེ་ཚད་མ་རིག་པ་ལ་བརྟེན་དགོས་ཞེས་གསུང་བཤད་གལ་ཆེན་ཞིག་གནང་ཡོད་པ་རེད། དུས་དེ་ནས་བཟུང་སྟེ། ཚད་མ་རིག་པ་དེ། རིག་པའི་གནས་ལྔའི་ནང་ནས་ཚད་མ་རིག་པ་ཙམ་མ་ཡིན་ཞིང་། ནང་བསྟན་རིག་པ་ངེས་པ་ལ། ངེས་པར་དུ་ཚད་མ་རིག་པ་དང་ཁ་བྲལ་ཐབས་མེད་པར་ཞིག་དགོས་པར་བསམ་བློ་འཁོར་ནས། གདན་ས་ཆེན་པོ་གསུམ་དང་། མདོ་དབུས་ཁམས་ཀྱི་དགོན་སྡེ་ཆེ་ཆུང་ཐམས་ཅད་ཀྱི་ནང་ན་ཚད་མ་རིག་པ་ལ་དོ་སྣང་ཆེན་པོ་བྱུང་ཡོད་པ་རེད།

       དེའི་རྗེས་སུ་པན་ཆེན་བློ་བཟང་ཆོས་རྒྱན་དང་། རྒྱལ་བ་ལྔ་པ་ཆེན་པོའི་སྐུ་རིང་ལ་དགེ་བཤེས་ལྷ་རམས་ཀྱི་ཕྱག་སྲོལ་བཙུགས་ནས་ད་ལྟའི་བར་དུ་གཞུང་ཆེན་པོ་ཏི་ལྔ་དང་། ཁྱད་པར་དུ་ཚད་མ་རིག་པ་ལ་སློབ་སྦྱོང་ཁ་བྲལ་ཐབས་མེད་པའི་ལུགས་སྲོལ་གནས་ཡོད་པ་རེད། དེ་འདྲ་ཡིན་ཙང་། ཚད་མ་རིག་པ་ལ་སློབ་སྦྱོང་བྱེད་ཐབས་གལ་ཆེ་ཤོས་ནི་འཇང་དགུན་ཆོས་རེད། བྱས་ཙང་། འཇང་དགུན་ཆོས་ཆེན་མོ་དེ་ཧ་ཅང་གལ་ཆེན་པོ་དང་། མེད་དུ་མི་རུང་བ་ཞིག་རེད། དེ་འདྲ་ཡིན་ཙང་། ང་རང་ཚོས་འཇང་དགུན་ཆོས་ཉིན་བཅུའི་རིང་ལ་ཚད་མ་རྣམ་འགྲེལ་དང་། དེའི་འགྲེལ་བ་ཕུལ་དུ་བྱུང་བ་ཐར་ལམ་གསལ་བྱེད་ལེའུ་བཞིའི་བདག་ཉིད་ཅན་གྱི་གཞུང་འདིར་ཐོས་བསམ་བྱེད་རྒྱུ་བྱུང་བ་ནི། སྔར་སྐྱེ་བ་མང་པོར་ལས་བཟང་པོ་བསགས་པས་དེའི་འབྲས་བུ་དངོས་སུ་སྨིན་པ་རེད། དེ་ཡིན་ཙང་། རྣམ་པ་ཚང་མ་ལ་དེ་ལྟ་བུའི་ཚད་མ་རིག་པ་འདི་ལ་དོ་སྣང་ཡག་པོ་གནང་རོགས་བྱོས་ཟེར་བ་འདི། ཞུ་བྱའི་དོན་དག་དང་པོ་དེ་ཡིན། དོན་དག་གཉིས་པ་དེ་ག་རེ་རེད་ཟེར་ན། ཡ་གིའི་མདོ་སྟོད་འཇང་དགུན་ཆོས་ཆེན་མོ་འདྲ་བོ་ཡིན་ན། ལོ་རེ་རེར་ཉིན་བཅུ་ཐམ་པ་འཚོགས་རྒྱུ་ཡོད་པ་རེད། དཔེར་ན། རང་ཉིད་ལ་ཆ་མཚོན་ན། སྐབས་ལྔ་པའི་འཇང་དགུན་ཆོས་ཀྱི་ཚོགས་གཙོ་འདྲ་བོ་བྱས་ནས་ད་ལོ་རྩིས་ན་ལོ་གསུམ་རེད་ཡོད་པ་ཡིན། ད་ལོར་ང་རང་ལ་དགོངས་པ་གནང་རོགས་བྱོས་ཟེར་ནས་དགོངས་པ་ཞུས་ཡོད། ངེད་ཀྱི་རོགས་པ་བཞི་དང་། རང་ཉིད་རྩིས་ལྔ་པོ་དེས་ལོ་གསུམ་གྱི་རིང་ལ་ལག་བསྟར་བྱས་ཡོད། གཅིག ལོ་རེ་རེའི་ནང་དུ་འཇང་དགུན་ཆོས་འཚོགས་རྒྱུ་རྒྱུན་ཆད་མེད་པ་དང་། གཉིས། འཇང་དགུན་ཆོས་ཀྱི་སྒྲིག་འཛུགས་ཀྱི་ཐད་ལ་ང་རང་གིས་དངོས་སུ་ལག་བསྟར་བྱས་པས་ཉམས་མྱོང་ཆེན་པོ་སླེབས་སོང་། དེ་ཡིན་ཙང་། ངེད་ཀྱིས་སྐུ་སྐྱབས་རིན་པོ་ཆེ་ལ་ཞུ་བསྡད་པ་ཡིན། མདོ་སྟོད་འཇང་དགུན་ཆོས་ཀྱི་སྒྲིག་འཛུགས་ཆ་ཚང་བའི་ཡིག་ཆ་དེ་དག་ངེད་ཀྱི་ལག་པ་ནང་དུ་ཡོད། ངེད་ཀྱིས་ཁྱེད་ལ་གཅིག་ཕུལ་འོང་། ངེས་པར་དུ་མདོ་ཁམས་སྨད་ཀྱི་འཇང་དགུན་ཆོས་འདི་ལོ་རེ་ནས་སྤུས་ཀ་ཇེ་ཡག་དང་ཇེ་ཡག དེར་མ་ཟད། ལོ་གསུམ་རེར་ཐེངས་རེ་ཙམ་མ་ཡིན་པ། ལོ་རེ་རེར་ཐེངས་རེ་འཚོགས་རྒྱུ་ཡོད་པ་ཞིག་བཟོ་ཐུབ་ན། ཁམས་ཀྱི་ས་ཆ་འདིར་བཤད་སྒྲུབ་འཆད་ཉན་དང་། གྲྭ་བ་ཚོའི་སློབ་གཉེར་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་ས་རེད་ཟེར་ནས་རྒྱབ་རྟེན་རིན་པོ་ཆེ་དང་། སྐུ་སྐྱབས་རིན་པོ་ཆེ་རྣམ་པ་གཉིས་ཀར་ཞུས་པ་ཡིན། དོ་དགུང་མཁན་རིན་པོ་ཆེ་དང་ངེད་ཅག་སྐད་ཆ་མང་པོ་བཤད་རྒྱུ་བྱུང་སོང་།

      དེ་ཡིན་ཙང་། དེ་རིང་འདིར་དམིགས་བསལ་ཁྱེད་རྣམ་པ་ཚོ་ལ་ཞུ་རྒྱུ་ཞིག་ལ། གལ་ཏེ་འཇང་དགུན་ཆོས་ཆེན་མོ་འདི་ཚང་མས་གལ་ཆེན་དོན་སྙིང་ཞིག་ཏུ་ངེས་འཛིན་ཐུབ་ན། སྡེ་དགོན་གཉིས་ཀྱི་མི་དམངས་ཡོངས་རྫོགས་ཀྱི་ལྷག་བསམ་དཀར་པོའི་རེ་བ་གཅིག་མཐུན་གྱི་ཐོག་ནས་འཇང་དགུན་ཆོས་ཆེན་མོ་འདི།

གཅིག ལོ་གསུམ་རེ་ཙམ་མ་ཡིན་པར་ལོ་རེ་རེའི་ནང་དུ་འཚོགས་རྒྱུ་ཡོད་པ་ཞིག་བཟོ་དགོས་པ་རེད། 

གཉིས།   དཔེར་ན། གདན་ས་གསུམ་གྱི་ནང་དུ་དང་པོ་ནས་སྒྲིག་འཛུགས་འདི་འདྲ་ཡག་པོ་ཡོད་ས་མ་རེད་དེ། རྗེས་མར་སྒྲིག་འཛུགས་སོགས་སྤུས་ཀ་ཡག་པོ་ཞེ་དྲག་ཆགས་པ་རེད། དེ་བཞིན་དུ་ང་ཚོའི་འཇང་དགུན་ཆོས་འདི་སྒྲིག་འཛུགས་ཀྱི་ཚོགས་པ་ཡིན་ནའང་འདྲ། ཚོགས་པའི་སྒྲིག་གཞི་ཡིན་ནའང་འདྲ། འཇང་དགུན་ཆོས་ཀྱི་ལུགས་སྲོལ་ཡིན་ནའང་འདྲ། ག་རེ་ཡིན་ནའང་ཡིག་ཐོག་ལ་གཏན་ལ་ཕབ་ནས། འདི་ནི་འདི་འདྲ་ཡིན་ད། ཡར་ཡོང་སྒོ་དང་། མར་འགྲོ་སོང་སོགས་ཐམས་ཅད་ཡིག་ཐོག་ལ་ཕབ། གསོལ་ཇ་བཞེས་སྟངས་དང་། ན་བཟའ་བཞེས་སྟངས་ཡིན་ནའང་ཡིག་ཐོག་ལ་ཕབ། དེ་འདྲ་བྱས་ན། རྗེས་མར་རྩ་བ་ནས་འགྱུར་བ་འགྲོ་རྒྱུ་མེད་མཁན་སྤུས་ཀ་ལེགས་པར་ཆགས་འགྲོ་རྒྱུ་རེད། ང་ཚོའི་ངོས་ནས་སྤུས་ཀ་ཇེ་བཟང་དུ་གཏང་བ་གལ་ཆེན་པོ་རེད། དེ་ཡིན་ཙང་། འདིར་ཕེབས་པའི་དགེ་བའི་བཤེས་གཉེན་ཚང་མ་དང་། དགེ་འདུན་པ་ཡོངས་རྫོགས་ལ་འདིའི་ཐད་ལ་ཐུགས་བསམ་བཞེས་རོགས་བྱོས་ཟེར་ནས་དམིགས་བསལ་གྱི་ཞུ་དགོས་པའི་རེ་བ་འདྲ་བོ་གཅིག་ཡིན། ལྷག་པར་དུ་དགེ་འདུན་པ་ཚོས་འཇང་དགུན་ཆོས་ཆེན་མོ་འདི་རྩི་མཐོང་ཆེན་པོར་བྱེད་དགོས་པ་དང་། འདི་ལ་བར་ཆད་མི་ཡོང་བའི་ཐབས་ཤིག་ངེས་པར་དུ་གནང་དགོས་པ་རེད། དཔེར་ན། མདོ་སྟོད་འཇང་དགུན་ཆོས་ལོ་རེ་རེའི་ནང་དུ་རྒྱུན་མ་ཆད་པར་འཚོགས་རྒྱུ་ཡོད་ཀྱང་། ང་རང་ཚོ་ལ་བར་ཆད་བྱུང་བའི་རྐྱེན་ལ་བརྟེན་ནས་ལོ་རེ་རེའི་ནང་དུ་འཚོགས་མི་ཐུབ་པ་ཆགས་ཡོད་པ་རེད། ཡ་གིར་སྐབས་བཅུ་བདུན་གྱི་བར་དུ་རྒྱུན་མ་ཆད་པར་འཚོགས་རྒྱུ་བྱུང་བ་འདི་ཁོ་ཚོས་བཟབ་བཟབ་བྱས་པས་བར་ཆད་བྱུང་མེད་པ་རེད། ཕྱི་དང་ནང་གི་བར་ཆད་མེད་ན། ལོ་རྟག་ཏུ་འཚོགས་རྒྱུ་ཡོད་པ་དང་། གོ་སྐབས་ཡོད་པ་རེད། བྱས་ཙང་། ང་རང་ཚོས་གོ་སྐབས་འདི་ལ་བཟབ་བཟབ་ཡག་པོ་གནང་ནས་རང་ལ་ཁེ་རག་ཅིང་། གྱོང་མི་རག་པ་དང་། དགེ་འདུན་དམངས་ཀྱི་སློབ་གཉེར་ལ་གྱོང་མི་རག་པའི་ཆེད་དུ་ཐབས་ཤེས་བྱེད་དགོས་པ་རེད། སྒྲིག་ལམ་ཡིན་ནའང་འདྲ། ཚོགས་འཚོགས་པའི་སྐབས་སུ་ལས་སྣེ་མོ་བའི་ཁ་ལ་ཉན་རྒྱུ་ཡིན་ནའང་འདྲ། གྲྭ་བ་མང་པོ་མཉམ་དུ་འཛོམས་པ་ཡིན་ཙང་། ཕན་ཚུན་མཐུན་སྒྲིལ་བྱེད་རྒྱུ་ཡིན་ནའང་འདྲ།

       མདོར་ན། སྐྱོན་ངན་གྱི་གནས་ཚུལ་གང་ཡང་མི་འབྱུང་བའི་ཐབས་སུ་དགེ་འདུན་པ་ཡོངས་རྫོགས་ཀྱིས་དོ་སྣང་བྱེད་དགོས་པ་རེད། ཚོགས་དང་ཆོས་གྲའི་སྐབས་སུ་སྒྲིག་ལམ་ཡག་པོ་ཁུར་རྒྱུ་དང་། བློ་གཅིག་སེམས་གཅིག་གིས་སློབ་གཉེར་ཡག་པོ་གནང་རྒྱུ་དཔེར་མི་སྲིད་པའི་བྱ་བ་གལ་ཆེན་པོ་ཞེ་དྲག་རེད་ཟེར་ནས་ཡང་ནས་ཡང་དུ་ཞུ་རྒྱུ་ཡིན། སྤྱིར་ང་རང་རི་བོ་དགེ་ལུགས་པའི་གྲྭ་མཐར་འཛིན་པའི་གྲྭ་བ་ཞིག་དང་། སློབ་གཉེར་ཐབས་ཆག་ཅིག་ཡོད་མཁན་སྐྱེ་བོ་ཐ་མ་པ་ཞིག་ཡིན་པའི་ཆ་ནས་སྐད་ཆ་བཤད་རྒྱུའི་ཆ་རྐྱེན་མེད་ཀྱང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། ཁྱད་པར་དུ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དེ་ལ་སེམས་གཏིང་ནས་དར་དཀར་པོ་གཡོ་ཞིང་། དྲི་མ་དང་བྲལ་བ་བཞིན་དུ་སེམས་པ་དཀར་པོ་ཞིག་ཡོད་པའི་ངོས་ནས་རྣམ་པ་ཚང་མ་ལ་ལག་གཉིས་ཐལ་མོ་སྦྱར་ཏེ་འདིའི་ཐད་ལ་ཤུགས་རྒྱག་རོགས་གནང་ཟེར་ནས་ཞུ་རྒྱུའི་རེ་བ་འདི། དེ་རིང་ཞུ་རྒྱུའི་དོན་དག་གཉིས་པ་ཡིན། 
དོན་དག་གསུམ་པ་དེ་ག་རེ་རེད་ཟེར་ན། དེ་རིང་སྐད་ཆ་བཤད་རྒྱུའི་ནང་དོན་གཙོ་བོ་དེ། ཁྱེད་རྣམ་པ་ཚང་མའི་ཐུགས་ལ་བཞག་དགོས་པའི་དོན་དག་ཅིག་ཡིན། ག་རེ་ཡིན་ཟེར་ན། ཕྱི་དང་ནང་གི་བར་ཆད་འདྲ་མི་འདྲ་མང་པོ་ལས་ཁ་མི་དགེ་བ་དང་། བཀྲ་མ་ཤིས་པ་མང་པོ་འབྱུང་གི་ཡོད་པ་རེད།

      སྤྱིར་བཏང་། གཙོ་བོ་ནང་གི་གཙོ་བོ་དེ་ཐུགས་མཐུན་ཁྲིམས་གཙང་ཡོད་རྒྱུ་གལ་ཆེན་དོན་སྙིང་རེད། ཐུགས་མཐུན་ཁྲིམས་གཙང་འོང་དགོས་ན། བླ་མ་རྣམས་དང་དགེ་བཤེས་ཚོའི་བར་དུ་ཆུ་དང་འོ་མ་འདྲེས་པ་ལྟ་བུ་དང་། དགེ་བཤེས་ཚོ་དང་དགེ་འདུན་པ་ཚོའི་བར་དུ་ཆུ་དང་འོ་མ་འདྲེས་པ་ལྟ་བུ། དགེ་འདུན་པ་རྣམས་དང་མི་དམངས་གཉིས་བར་དུ་ཆུ་དང་འོ་མ་འདྲེས་པ་ལྟ་བུ། ཆོས་ལུགས་པ་རྣམས་དང་སྤྱི་ཚོགས་གཉིས་ཀྱི་བར་དུ་ཆུ་དང་འོ་མ་འདྲེས་པ་ལྟ་བུ། དགེ་འདུན་པ་རྣམས་དང་ས་གནས་སྲིད་གཞུང་གི་འགོ་ཁྲིད་གཉིས་བར་དུ་ཕན་ཚུན་མཐུན་སྣང་ཡོད་པ་བཅས་གང་ལྟར། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་པ་ལྟར་དགེ་འདུན་ཐུགས་མཐུན་པར་བྱུང་ན་བཤད་སྒྲུབ་འཆད་ཉན་འཕེལ་རྒྱུ་རེད། སྤྱོད་འཇུག་ལས། གཙུག་ལག་ཁང་རྣམས་ཀློག་པ་དང་། ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཅེས་པ་ལྟར་དགེ་འདུན་ཐུགས་མཐུན་པ་དེ་གལ་ཆེན་པོ་ཞེ་དྲག་རེད།

      དགེ་འདུན་རྣམས་ཐུགས་མཐུན་པ་ཞིག་དགོས་ན། དགེ་འདུན་རྣམས་ཐུགས་མཐུན་པ་དགོས་ཟེར་བཞིན་ཤུགས་བརྒྱབ་ནས་མཐུན་ཐབས་ཡོད་པ་མ་རེད། འོ་ན། ག་རེ་དགོས་རེད་ཟེར་ན། 
དགེ་འདུན་ནང་ཕན་ཚུན་སྐྱོན་མི་བལྟ་བར་ཡོན་ཏན་བལྟ་རྒྱུ་དེ། དགེ་འདུན་ནང་ཕན་ཚུན་ཐུགས་མཐུན་པའི་རྒྱུ་དང་པོ་རེད། དཔེར་ན། བཟའ་ཚང་འདྲ་བོ་ཞིག་ལ་མཚོན་ན། ཁྱོ་ག་དེས་ཉི་མ་རྟག་པ་རེ་བཞིན་ཨ་མ་ལ་སྐྱོན་ག་རེ་འདུག གཉེན་ཟླ་ལ་སྐྱོན་ག་རེ་འདུག མནའ་མ་ལ་སྐྱོན་ག་རེ་འདུག་བལྟ་བ་དང་། མནའ་མས་ཀྱང་ཁྱོ་ག་ལ་དེ་ལྟ་བུའི་སྐྱོན་ག་རེ་འདུག་རྐྱང་རྐྱང་བལྟས་བསྡད་ན། ཁྱིམ་ཚང་དེ་ལ་འགྲིག་མཐུན་འོང་ས་ཡོད་པ་མ་རེད། ག་རེ་རེད་ཟེར་ན། ཕ་རོལ་པོ་ལ་སྐྱོན་མེད་ནའང་རང་གིས་སྐྱོན་མཐོང་ཆོག་གི་རེད། དཔེར་ན། བདུད་ལྷས་བྱིན་ལྟ་བུས། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱོན་མང་པོ་མཐོང་གི་ཡོད་པ་རེད། འཕགས་པ་ཐོགས་མེད་ཀྱིས། རྗེ་བཙུན་བྱམས་པ་མགོན་པོ་ཁྱི་དམར་སྨད་རྨ་ཞིག་མཐོང་གི་ཡོད་པ་རེད། བྱས་ཙང་། ང་ཚོ་གཅིག་གིས་གཅིག་ལ་སྐྱོན་མཐོང་རྒྱུ་ཡོད་པ་ལོས་ཡིན་རེད། སྐྱོན་རྐྱང་རྐྱང་བལྟས་བསྡད་ན་སྐྱོན་རྫོགས་མཐའ་མེད་པ་མཐོང་གི་རེད། དགེ་འདུན་པ་ཡིན་ནའང་མཐོང་གི་རེད། གཅིག་གིས་གཅིག་ལ་སྐྱོན་ལྟ་རྒྱུ་དེ། རང་ལ་སྐྱོན་འཕེལ་བའི་རྒྱུ་དང་། ཡོན་ཏན་ཟད་པའི་རྒྱུ་ངོ་མ་དེ་རེད།

      སྤྱིར་བཏང་། དགེ་འདུན་པའི་སྡེ་རྣམས་སུ་བཤད་སྒྲུབ་འཆད་ཉན་ཆེན་པོ་དར་བ་ཡིན་ཙང་། གྲྭ་བ་ཚོ་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་རྣམ་གཞག་དེ་དག་རིགས་པའི་ལམ་ནས་གཏན་ལ་ཕབ་པ་དེ་ཤུགས་ཆེན་པོ་ཞེ་དྲག་ཡོད་རེད་དེ། ཡིན་ནའང་དེ་དང་མཉམ་དུ་ང་ཚོའི་རིག་པ་དེ་ཕྱིན་ཅི་ལོག་ལ་བེད་སྤྱོད་བཏང་། ཕ་རོལ་པོར་སྐྱོན་ལྟ་རྒྱུའི་ཕྱོགས་ལ་བེད་སྤྱོད་བཏང་བཞག་དེས། རང་གི་སྐྱོན་ཇེ་ཉུང་དུ་འགྲོ་བའི་རྒྱུར་མ་སོང་བ་ལ། རང་གི་སྐྱོན་འཕེལ་བའི་རྒྱུར་འགྲོ་བ་ཡོད་པ་རེད། དགེ་འདུན་པ་རྣམས་ལ་མ་དད་པ་དང་ལོག་ལྟའི་རྒྱུར་འགྲོ་རྒྱུ་ཡོད་པ་རེད། དེ་ལྟར་མ་ཡིན་པར་རང་གི་རྣམ་དཔྱོད་དེས་རང་གི་སྐྱོན་དང་གཞན་གྱི་ཡོན་ཏན་ལ་དཔྱད་པ་ཡིན་ན། ཁྱིམ་ཚང་ཞིག་ལ་ཆ་མཚོན་ན། ཁྱོ་ག་དེས། རང་གི་སྐྱོན་དང་བཟའ་ཟླ་དེའི་ཡོན་ཏན་ལ་བལྟས། སྐྱེས་མ་དེས། རང་གི་སྐྱོན་དང་ཁྱོ་ག་དེའི་ཡོན་ཏན་ལ་བལྟས་པ་ཡིན་ན། ཁྱིམ་ཚང་དེར་མཐུན་སྒྲིལ་ཡོང་གི་འདུག་ཨ། དེ་བཞིན་དུ་ང་ཚོ་དགེ་འདུན་པ་རྣམས་ཡིན་ནའང་འདྲ། བླ་མ་ཚོ་ཡིན་ནའང་འདྲ། དགེ་བཤེས་ཚོ་ཡིན་ནའང་འདྲ། རྩ་བའི་ཆ་ནས་མངོན་པར་རྫོགས་པ་སངས་རྒྱས་ཚར་བ་ཡིན་ན། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་རེད་མ་གཏོགས། དེ་མིན་ང་ཚོ་འཇིག་རྟེན་ཐལ་མ་པ་ཞིག་དང་། ང་དང་ང་འདྲ་བའི་བླ་མའི་མིང་ཙམ་འཛིན་པ་དེ་འདྲ་ཞིག་ཡིན་ནས་བཟུང་སྟེ་སྐྱོན་མེད་པ་རྩ་བ་ནས་མི་སྲིད་པ་རེད།

      སྤྱིར་བཏང་། དགེ་འདུན་པའི་སྡེ་རྣམས་སུ་བཤད་སྒྲུབ་འཆད་ཉན་ཆེན་པོ་དར་བ་ཡིན་ཙང་། གྲྭ་བ་ཚོ་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་རྣམ་གཞག་དེ་དག་རིགས་པའི་ལམ་ནས་གཏན་ལ་ཕབ་པ་དེ་ཤུགས་ཆེན་པོ་ཞེ་དྲག་ཡོད་རེད་དེ། ཡིན་ནའང་དེ་དང་མཉམ་དུ་ང་ཚོའི་རིག་པ་དེ་ཕྱིན་ཅི་ལོག་ལ་བེད་སྤྱོད་བཏང་། ཕ་རོལ་པོར་སྐྱོན་ལྟ་རྒྱུའི་ཕྱོགས་ལ་བེད་སྤྱོད་བཏང་བཞག་དེས། རང་གི་སྐྱོན་ཇེ་ཉུང་དུ་འགྲོ་བའི་རྒྱུར་མ་སོང་བ་ལ། རང་གི་སྐྱོན་འཕེལ་བའི་རྒྱུར་འགྲོ་བ་ཡོད་པ་རེད། དགེ་འདུན་པ་རྣམས་ལ་མ་དད་པ་དང་ལོག་ལྟའི་རྒྱུར་འགྲོ་རྒྱུ་ཡོད་པ་རེད། དེ་ལྟར་མ་ཡིན་པར་རང་གི་རྣམ་དཔྱོད་དེས་རང་གི་སྐྱོན་དང་གཞན་གྱི་ཡོན་ཏན་ལ་དཔྱད་པ་ཡིན་ན། ཁྱིམ་ཚང་ཞིག་ལ་ཆ་མཚོན་ན། ཁྱོ་ག་དེས། རང་གི་སྐྱོན་དང་བཟའ་ཟླ་དེའི་ཡོན་ཏན་ལ་བལྟས། སྐྱེས་མ་དེས། རང་གི་སྐྱོན་དང་ཁྱོ་ག་དེའི་ཡོན་ཏན་ལ་བལྟས་པ་ཡིན་ན། ཁྱིམ་ཚང་དེར་མཐུན་སྒྲིལ་ཡོང་གི་འདུག་ཨ། དེ་བཞིན་དུ་ང་ཚོ་དགེ་འདུན་པ་རྣམས་ཡིན་ནའང་འདྲ། བླ་མ་ཚོ་ཡིན་ནའང་འདྲ། དགེ་བཤེས་ཚོ་ཡིན་ནའང་འདྲ། རྩ་བའི་ཆ་ནས་མངོན་པར་རྫོགས་པ་སངས་རྒྱས་ཚར་བ་ཡིན་ན། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་རེད་མ་གཏོགས། དེ་མིན་ང་ཚོ་འཇིག་རྟེན་ཐལ་མ་པ་ཞིག་དང་། ང་དང་ང་འདྲ་བའི་བླ་མའི་མིང་ཙམ་འཛིན་པ་དེ་འདྲ་ཞིག་ཡིན་ནས་བཟུང་སྟེ་སྐྱོན་མེད་པ་རྩ་བ་ནས་མི་སྲིད་པ་རེད། སྐྱོན་མེད་ནའང་ལས་དང་ཉོན་མོངས་པའི་དབང་གིས་སྐྱོན་མང་པོ་མཐོང་རྒྱུ་ཡོད་པ་རེད། བྱས་ཙང་། ང་རང་ཚོ་ནང་ཕན་ཚུན་ཐུགས་མཐུན་པོ་བྱུང་དགོས་ན། གཅིག་གིས་གཅིག་ལ་ཡོན་ཏན་བལྟ་དགོས་པ་རེད། སྐྱོན་བལྟ་རྒྱུ་ཡོད་པ་མ་རེད། སྐྱོན་བལྟས་ན་རང་གི་སྐྱོན་འཕེལ་རྒྱུ་རེད། ཡོན་ཏན་བལྟས་ན་རང་གི་ཡོན་ཏན་འཕེལ་རྒྱུ་རེད། དེ་ཡིན་ཙང་། ཇོ་བོ་རྗེས། གཞན་སྐྱོན་མི་བལྟ་རང་སྐྱོན་བལྟ། །རང་སྐྱོན་ཕྱི་ནང་ཀུན་ཏུ་ལྟོས། །ཞེས་གསུངས། དེ་ཡིན་ཙང་། དགོན་པ་ཡིན་ནའང་དགོན་པ་ཕན་ཚུན་གཅིག་གིས་གཅིག་ལ་སྐྱོན་བརྗོད་རེས་བྱེད་པ་དང་། གྲྭ་པ་ཚོས་དགེ་བཤེས་ཚོར་སྐྱོན་བརྗོད། དགེ་བཤེས་ཚོས་བླ་མ་ཚོར་སྐྱོན་བརྗོད། ཡང་ན། བླ་མ་ཚོས་དགེ་བཤེས་ཚོར་སྐྱོན་བརྗོད། དགེ་བཤེས་ཚོས་གྲྭ་བ་ཚོར་སྐྱོན་བརྗོད།

     དེ་བཞིན་དུ་ཁྱིམ་པ་ཚོས་ཕན་ཚུན་སྐྱོན་བརྗོད། གྲྭ་ཚང་གཅིག་གིས་ཕན་ཚུན་སྐྱོན་བརྗོད་རེས་བྱས་བསྡད་ན། དུས་ནམ་ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་བའི་དུས་ཡོད་པ་མ་རེད། དེ་འདྲ་ཡིན་ཙང་། ཕན་ཚུན་གཅིག་གིས་གཅིག་ལ་ཡོན་ཏན་བལྟ་རྒྱུ་དེ་དཔེར་མི་སྲིད་པའི་གལ་ཆེན་པོ་རེད། ཡོན་ཏན་བལྟས་པ་ཡིན་ན་ཡོན་ཏན་མི་སྲིད་པ་མ་རེད། ཡོན་ཏན་གཅིག་ཀྱང་མེད་པའི་སེམས་ཅན་གཅིག་ཀྱང་ཡོད་པ་མ་རེད། དཔེར་ན། སེམས་ཅན་ཡིན་ན་སངས་རྒྱས་རུང་གིས་ཁྱབ་པ་ཡིན་ཙང་། སེམས་ཅན་རེ་རེའི་རྒྱུད་ལ་ཡོན་ཏན་སྣེ་ཁ་རེ་རེ་ཡོད་པ་རེད། སོ་སོའི་རྒྱུད་ལ་སངས་རྒྱས་རུང་གི་རིགས་ཤིག་ཡོད་པ་རེད།

       དེ་ཡིན་ཙང་།  ང་རང་ཚོ་གཅིག་གིས་གཅིག་ལ་སྐྱོན་རྩ་བ་ནས་མི་བརྗོད་པར་ཡོན་ཏན་བལྟ་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་ཟེར་ནས་ཡང་ནས་ཡང་དུ་ཞུ་རྒྱུ་གཅིག་དེ་ཡིན། དམིགས་བསལ་དེ་དང་འབྲེལ་བའི་སྐད་ཆ་ཞིག་ཡོད། ག་རེ་རེད་ཟེར་ན། འདི་བཀོད་སྒྲིག་གནང་མཁན་དོན་གྱི་བདག་པོ་སྐུ་ཞབས་བརྒྱ་རྟེན་རིན་པོ་ཆེ་རེད། དམ་པ་ཁོང་ནི་བཀའ་དྲིན་ཆེན་པོ་རེད། ང་རང་ལ་ཆ་རྒྱུས་ཡོད་ཀྱང་། ཁྱེད་རྣམ་པ་ཚོའི་ཞེ་དྲག་མཁྱེན་རྒྱུ་མ་རེད། སྤྱིར་བཏང་། བསྟན་པ་རིན་པོ་ཆེའི་དོན་དུ་དམ་པ་ཁོང་གིས་དཀའ་ལས་འོ་བརྒྱལ་མང་པོ་གནང་ཡོད་པ་རེད། ལྷག་པར་དུ་༢༠༡༠ ལོ་ནས་མགོ་བཙུགས་ཏེ་དཀའ་ལས་འོ་བརྒྱབ་ཞེ་དྲག་གནང་བ་ལ་བརྟེན་ནས། དེ་རིང་ཁ་སང་བསྟན་པ་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དགེ་བའི་བཤེས་གཉེན་རྣམ་པ་ཚང་མས། དབུ་ཡར་བཀྱགས་ནས་ཕྱག་ལས་ཅུང་ཟད་གནང་གི་ཡོད་པ་དང་། གྲྭ་པ་ཚོ་ཡིན་ནའང་ཉིན་གཉིས་ཙམ་མཐོང་རྒྱུ་ཡོད་པ་དང་། དགོན་པ་སོ་སོར་བཤད་སྒྲུབ་འཆད་ཉན་ཡག་པོ་ཡོད་པ་རེད། བྱས་ཙང་། དེ་དག་རིན་པོ་ཆེ་ཁོང་གི་བཀའ་དྲིན་རེད། ང་རང་དར་རྒྱས་དགོན་དུ་འོང་ནས་སྤྲེལ་ལད་འཁྲབ་པ་རྩ་བ་ཉིད་ནས་མིན། ང་རང་ས་ཆ་གང་དུ་སོང་ཡང་ངེད་ཀྱིས་དེ་འདྲ་བཤད་ཀྱིན་ཡོད། རིན་པོ་ཆེ་དགུང་ལོ་༧༣ རེད། ཁོང་གི་སྐུ་ངལ་སྤྱོད་སྟངས་ལ་བལྟས་ན། ང་རང་མིག་ནས་མཆུ་མ་ཤོར་གྱིན་འདུག དངོས་གནས་ཡིན།

གཅིག

དཀར་མཛེས་ཁུལ་གཅིག་གི་ནང་དུ་དགོན་པ་ལྔ་བརྒྱ་ལྷག་ཙམ་ཞིག་ཡོད་པ་རེད། འོན་ཀྱང་། དེ་ཐམས་ཅད་ཀྱི་ནང་དུ་གཞི་གསུམ་གྱི་ཕྱག་ལེན་ཡོད་པས་ངེས་པ་མེད། དེས་ན། གཞི་གསུམ་གྱི་ཕྱག་ལེན་མེད་པའི་དགོན་པ་དེ་དག་ལ་ངེས་པར་དུ་གཞི་གསུམ་གྱི་ཆོ་ག་འཛུགས་དགོས་པ་རེད་ཟེར་ནས་རིན་པོ་ཆེ་ཁོང་གིས་དཀའ་ལས་འོ་བརྒྱལ་མང་པོ་ཞིག་གནང་ཡོད། དེ་ལ་བརྟེན་ནས་དེ་རིང་ཁ་སང་དགོན་པ་མང་པོ་ཞིག་གི་ནང་དུ་གཞི་གསུམ་གྱི་ཕྱག་ལེན་དེ་དག་གསར་དུ་འཛུགས་བཞིན་ཡོད་པ་རེད།

གཉིས།

སྔོན་མ་ཡིན་ན་དགེ་བའི་བཤེས་གཉེན་ཚང་མ་ལ་སྤྱི་ཚོགས་ཁྲོད་དུ་ཆ་སྲིད་ཀྱི་ཐོག་ནས་ཞྭ་མོ་ནག་པོ་བསྐོན་ནས་ཡོད་པ་རེད། འོན་ཀྱང་། དེ་ཚང་མ་ལ་ཆ་སྲིད་ཀྱིས་ནག་ཉེས་ཡོད་པས་ངེས་པ་མེད་པས། ནག་ཉེས་མེད་པ་ལ་དེ་ལྟར་ཞྭ་མོ་ནག་པོ་བསྐོན་ན་སངས་རྒྱས་བསྟན་པ་ལ་གནོད་ཀྱིན་འདུག མི་རིགས་ལ་གནོད་ཀྱིན་འདུག ཁྱིམ་ཚང་ལ་གནོད་ཀྱིན་འདུག སྤྱི་ཚོགས་ལ་གནོད་ཀྱིན་འདུག་ཟེར་ནས་རིན་པོ་ཆེ་ཁོང་གིས་འགོ་ཁྲིད་དག་ལ་འབྲེལ་བར་བྱས། འབྲེལ་བར་བྱས་པ་ལ་བརྟེན་ནས་དགེ་བཤེས་བརྒྱ་དང་། བླ་མ་བརྒྱ། མཁན་པོ་བརྒྱ་དཀར་མཛེས་ཁུལ་དུ་ཤོག་ཅེས་སྲིད་གཞུང་གིས་ལབ་ནས་ཚོགས་འདུ་ཆེན་མོ་འཚོགས། དེའི་འབྲས་བུར་སྔར་གྱི་ཞྭ་ནག་པོ་དེ་དག་མེད་པར་བཟོས་ཡོད། དེ་རིན་པོ་ཆེའི་མཛད་རྗེས་རེད།

གསུམ།

རིན་པོ་ཆེ་ཁོང་གིས། ཐབས་མཁས་པའི་སྒོ་ནས་ལྔ་གཉིས་གསུམ་ཟེར་བའི་སློབ་གསོལ་ཞིག་སྤེལ། དེ་ལ་བརྟེན་ནས་བླ་མ་དགེ་བཤེས་ཚོ་ཕན་ཚུན་ཁོར་ཡུག་གཅིག་གི་ནང་དུ་འདུས་ནས་གཅིག་གིས་གཅིག་ལ་བསམ་འཆར་བསྡུར་བ་སོགས་བཤད་སྒྲུབ་འཆད་ཉན་གྱི་བསྟན་པ་སྤེལ་བའི་ཐབས་སུ་ནུས་པ་ཆེན་པོ་ཞིག་ཐོན་བཞིན་ཡོད་པ་རེད། དེ་རིན་པོ་ཆེའི་མཛད་རྗེས་རེད།

བཞི།

རིན་པོ་ཆེ་ཁོང་གིས།  གཉིས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་དགོས་པ་རེད་ཟེར་ནས། ལོ་རེ་རེའི་ནང་དུ་གྲུབ་མཐའ་རིས་མེད་ཀྱི་མཁས་པ་རྣམས་དང་། མཁན་པོ་རྣམས་དང་། དགེ་བཤེས་རྣམས་དང་། སྤྲུལ་སྐུ་ལ་སོགས་པ་རྒས་པ་རྣམས་དཀར་མཛེས་ཁུལ་དུ་གདན་འདྲེན་ཞུས་ནས། བླ་མ་དང་། དགེ་བཤེས་སོགས་ཀྱིས་བཀའ་སློབ་གང་མང་ཞིག་གནང་བ་དེ་དག་ཡིག་ཐོག་ལ་ཕབ་ནས་ནང་བསྟན་ཐུན་ཚོགས་ཀྱིས་དྲ་ཐོགས་དག་ལ་སྟོན་ཀྱིན་ཡོད་པ་བཅས་ཀྱིས་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པ་རེད། དེ་ཐམས་ཅད་རིན་པོ་ཆེ་ཁོང་གི་བཀའ་དྲིན་རེད། དགོན་པ་ཐམས་ཅད་ཀྱིས་བཟང་པོ་ལ་བཟང་པོར་ཤེས་དགོས་པ་རེད། བཀའ་དྲིན་རྗེས་སུ་དྲན་དགོས་པ་རེད། དཔེར་ན། ཀུ་རུའི་ཨམ་ཆོག་ནང་དུ་གསེར་བླུག་ནའང་སྤ་སྤ། ཕྱེ་མ་བླུག་ནའང་སྤ་སྤ་ཟེར་བ་བཞིན་བཟང་ངན་འདྲ་འདྲ་བྱེད་རྒྱུ་ཡོད་པ་མ་རེད། མདོར་ན། དཀར་མཛེས་སྐུ་ཞབས་སྐྱབས་མགོན་རིན་པོ་ཆེ་དང་། བརྒྱ་རྟེན་རིན་པོ་ཆེ། སྐུ་སྐྱབས་ཡོན་ཏན་རིན་པོ་ཆེ་དེ་དག་གིས། ཐེངས་དང་པོ་ས་གནས་འདིར་འཇང་དགུན་ཆོས་ཡོད་པར་བཟོས། དེ་ནས། ད་ལྟའི་བར་དུ་འཇང་དགུན་ཆོས་འདིར་བར་ཆད་མང་པོ་ཞིག་བྱུང་ཡོད་ཀྱང་། རིན་པོ་ཆེ་དེ་དག་གིས་སྐུ་ངལ་སྤྱོད་པ་ལ་བརྟེན་ནས་འཇང་དགུན་ཆོས་འཚོགས་བཞིན་ཡོད་པ་རེད། བྱས་ཙང་། རིན་པོ་ཆེན་དེ་དག་བཀའ་དྲིན་ཆེན་པོ་ཡིན་ཟེར་ནས་དམིགས་བསལ་ཞུ་རྒྱུའི་དོན་དག་བཞི་པ་ཡིན། དོན་དག་ལྔ་པ་དེ་ག་རེ་ཡིན་ཟེར་ན། སྤྱིར་བཏང་། འཇང་དགུན་ཆོས་འཚོགས་རྒྱུ་ངེད་ཅག་ཚང་མ་ལ་མོས་མཐུན་ཡོད་པ་རེད། འོན་ཀྱང་། དཔེར་ན། སྔོན་མར་ལི་ཐང་དགོན་པ་ནང་དུ་འཇང་དགུན་ཆོས་འཚོགས་པ་རེད། ལི་ཐང་དགོན་པ་ནི་དགོན་པ་ཆེན་པོ་རེད། མ་ཟད། ལི་ཐང་སྡེ་བའང་ཆེན་པོ་ཡིན་པས་དཔལ་འབྱོར་དཀའ་ངལ་ཞེ་དྲག་ཡོད་པ་མ་རེད། བྱས་ཙང་། དགོན་པ་ཆུང་ཆུང་དང་། དགོན་པ་སྐྱོ་བོ་རྣམས་ལ་བསམ་བློ་མ་བཏང་བར་སྐབས་བཞི་པའི་འཇང་དགུན་ཆོས་གྲ་སྒྲིག་བྱེད་སྟངས་ཅུང་ཟད་རྒྱ་ཆེར་སོང་། དྲང་པོ་བཤད་ན། སྐུ་འགྱེད་འབུལ་བ་ཅུང་ཟད་རྒྱ་ཆེར་སོང་། མ་འོངས་པར་འཇང་དགུན་ཆོས་འཚོགས་དགོས་རེད་ཟེར་ན། སྐུ་འགྱེད་སོགས་ཕྱོགས་གང་ཐད་ནས་དཀའ་ངལ་ཡོད་ས་རེད་སྙམ་དུ་སྦྱིན་བདག་རྣམས་ཀྱི་སེམས་ལ་བསམ་བློ་འཁོར་མི་སྲིད་པ་མིན་པས། དེ་རྩ་བ་ཉིད་ནས་འགྲིག་ཡོད་པ་མ་རེད།
བྱས་ཙང་། འདི་ཡུན་རིང་པོ་ཞིག་གནས་དགོས་ན། འབུལ་བ་སོགས་གྲ་སྒྲིག་ཆེན་པོ་བྱེད་ན་མི་འགྲིག་ཅིང་། ང་ཚོའི་དགོན་པ་བཞི་བཅུ་ལྷག་ཙམ་ཞིག་ལ་དགོས་རྒྱུ་ངོ་མ་ནི་སྐུ་འགྱེད་མ་རེད། གང་ཡིན་ཞེ་ན། རྟགས་གསལ་གཏོང་རྒྱུ་དང་དམ་བཅའ་བཞག་པ་དེ་དག་རེད། འཇང་དགུན་ཆོས་ལོ་རེ་རེའི་ནང་དུ་རྒྱུན་མཐུད་རྒྱུ་གལ་ཆེན་པོ་ཡིན་པས་དེ་རྒྱུན་མཐུད་དགོས་ན། དགོན་པ་རྣམས་ལ་དཀའ་ངལ་ཆེན་པོ་མི་འཕྲོད་པའི་ཐབས་ལ་བསམ་བློ་བཏང་ནས། འཇང་དགུན་ཆོས་ལ་གྲ་སྒྲིག་ཆེན་པོར་བྱེད་ཉན་རྒྱུ་མ་རེད། གལ་སྲིད་འཇང་དགུན་ཆོས་འཚོགས་པ་ལ་བརྟེན་ནས་དེའི་སྦྱིན་བདག་དགོན་པ་དེ་སྐྱོ་བོ་ཆགས་སོང་ཟེར་བའི་སྐད་ཆ་ཞིག་སླེབས་སོང་ན། མ་འོངས་པར་འཇང་དགུན་ཆོས་ཀྱི་སྦྱིན་བདག་ཇེ་ཉུང་དང་། དེར་མཐུན་རྐྱེན་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་རྒྱུ་རེད། ང་རང་གི་བསམ་པ་ལ་སྔོན་མར་ལི་ཐང་ལ་འཇང་དགུན་ཆོས་འཚོགས་སྐབས་སྐྱབས་མགོན་རིན་པོ་ཆེ་གཙོ་བོར་བྱེད་པའི་ངེད་ཅག་གིས་གྲ་སྒྲིག་བྱེད་སྟངས་ཅུང་ཟད་རྒྱ་ཆེར་སོང་།
 ངེད་ཅག་གི་སེམས་ཀྱི་ཀུན་སློང་ནི་དཀོན་མཆོག་གི་ཞིང་ས་རེད་བསམས་ནས་གྲ་སྒྲིག་ཡག་པོ་ཞིག་བྱས་ཀྱང་། དོན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱིས་སུ་འཇང་དགུན་ཆོས་འཚོགས་རྒྱུ་ལ་དཀའ་ངལ་ཞིག་སྤྲད་མི་སྲིད་པ་མ་རེད། ང་རང་གིས་སེམས་ཀྱི་སྐད་ཆ་ཡིན། ད་ལོའི་འཇང་དགུན་ཆོས་གྲོལ་བའི་རྗེས་སུ་འདིའི་ཐད་ལ་འདི་ལྟར་ཐུགས་བསམ་ཞིག་བཞེས་རོགས་གནང་ཟེར་ནས་རྣམ་པ་ཚང་མ་ལ་ནན་ཏན་དུ་ཞུ་བ་ཡིན།

གཅིག

 འཇང་དགུན་ཆོས་འཚོགས་སྐབས་ཡར་ཆོག་མཆན་ཞུ་སྟངས་ཡིན་ནའང་འདྲ། མར་དགོན་པ་སོ་སོར་འབྲེལ་བ་བྱེད་སྟངས་ཡིན་ནའང་འདྲ་ཡོངས་སུ་རྫོགས་པ། དཔེར་ན། མདོ་སྟོད་འཇང་དགུན་ཆོས་ནང་བཞིན་ཞིག་བཟོ་དགོས་པ་རེད།

གཉིས།

 འཇང་དགུན་ཆོས་ཚོགས་སའི་དགོན་པ་བྱེ་བྲག་པ་དག་གི་སྒྲིག་འཛུགས་ལ་མ་ལྟོས་པར་འཇང་དགུན་ཆོས་ཀྱི་ཚོགས་པ་སྤྱི་ལ་སྒྲིག་འཛུགས་ཆ་ཚང་བ་ཡོད་པ་དང་། ལུགས་སྲོལ་ཡོད་པ། དཔེར་ན། མདོ་སྟོད་འཇང་དགུན་ཆོས་ནང་བཞིན་ཞིག་བཟོ་དགོས་པ་རེད།

 གསུམ།

འཇང་དགུན་ཆོས་ཀྱིས་རང་གང་དུ་འཚོགས་སའི་དགོན་པ་དང་། ས་གནས་མ་དམངས་ལ་དཀའ་ངལ་ཆེན་པོ་མི་སྤྲད་པའི་ཐབས་ཤིག་ད་ལྟ་ཉིད་ནས་ང་རང་ཚོས་བཟོ་དགོས་པ་རེད། དགོན་པ་ཆེ་ཆུང་གང་འདྲ་ཞིག་གིས་སྦྱིན་བདག་བྱས་རུང་སྐུ་འགྱེད་ཆེ་ཆུང་གིས་སྐད་ཆ་མི་དགོས་པར་བཞེས་པ་ཙམ་དང་། བཞུགས་གནས་ཙམ་གྱིས་ང་ཚོ་ཚང་མ་ལྷན་དུ་འཛོམས་ནས་རྟགས་གསལ་གཏོང་ཐུབ་པ་དང་དམ་བཅའ་བཞག་ཐུབ་པ་ཞིག་བྱུང་ན་དེ་ག་རང་གིས་འགྲིག་པ་ཞིག་བཟོ་དགོས་པ་རེད། 
མདོར་ན། འདིའི་འཇང་དགུན་ཆོས་ཀྱི་གོ་སྐབས་ལ་བརྟེན་ནས། མ་འོངས་པའི་འཇང་དགུན་ཆོས་གཞི་བརྟན་པོ་ཞིག་ཡོང་རྒྱུའི་ཐབས་ཤིག་བྱེད་རོགས་བྱོས་ཟེར་ནས་ཞུ་རྒྱུ་ཡིན། དེ་ཡང་། ལོ་རེ་རེར་འཇང་དགུན་ཆོས་ཐེངས་རེ་རེར་འཚོགས་རྒྱུ་ཡོད་པ་དང། ཁྲིམས་ལུགས་ཀྱི་ཐོག་ནས་འགན་འཁུར་མཁན་གྱི་ཚོགས་པ་དང་།
 སྒྲིག་འཛུགས་ཡོད་པ། ལྷག་པར་དུ་འཇང་དགུན་ཆོས་ཀྱི་སྦྱིན་བདག་མང་ཚོགས་རྣམས་ལ་དཔལ་འབྱོར་གྱིས་དཀའ་ངལ་མི་སྤྲད་པ། དཔེར་ན། མདོ་སྟོད་འཇང་དགུན་ཆོས་ནང་བཞིན་ཞིག་བཟོ་དགོས་པ་རེད། མདོ་སྟོད་འཇང་དགུན་ཆོས་ཀྱིས་མི་དམངས་ལ་དཀའ་ངལ་ཆེན་པོ་སྤྲད་རྒྱུ་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས་སྦྱིན་བདག་བྱེད་མཁན་དགོན་པ་མང་པོ་ཞིག་ཡོད་པ་རེད། ད་རུང་ངེད་ཀྱིས་འདིར་ཕེབས་པའི་དགེ་བའི་བཤེས་གཉེན་ཚང་མ་ལ་ཞུ་རྒྱུ་ཞིག་ཡོད། སྐུ་ཞབས་བརྒྱ་རྟེན་རིན་པོ་ཆེ་དགུང་ལོ་མཐོན་པོ་རེད། སྐུ་སྐྱབས་ཡོན་ཏན་རིན་པོ་ཆེ་ལ། མདོ་སྟོད་འཇང་དགུན་ཆོས་ཀྱི་སྒྲིག་འཛུགས་ཡིག་ཆ་ཆ་ཚང་བ་དེ་ངེད་ཀྱིས་ཁྱེད་ལ་གཅིག་འབུལ་འོང་ཟེར་ནས་ཞུས་ཡོད། མདོར་ན། ད་ལོར་མ་གཏོགས་ལོ་ཁ་ཤས་ལ་ཕྱི་དང་ནང་གི་བར་ཆད་མང་པོ་ཞིག་གིས་འཇང་དགུན་ཆོས་འཚོགས་རྒྱུའི་གོ་སྐབས་མ་བྱུང་ཡང་། ད་ལོའི་གོ་སྐབས་འདི་ལ་བརྟེན་ནས་མུ་མཐུད་དེ་ལོ་རེ་རེའི་ནང་དུ་འཇང་དགུན་ཆོས་སྒྲིག་འཛུགས་ཡོད་པ་ཞིག་འཚོགས་ཐུབ་པའི་ཐབས་སུ་ཀུན་གྱིས་ཤུགས་རྒྱག་རོགས་གནང་ཟེར་ནས་ཞུ་ཡས་དེ། ཞུ་བྱའི་དོན་དག་ལྔ་པ་དེ་ཡིན། 
དུས་ཚོད་ཀྱི་དབང་གིས་དེ་རིང་དེ་ཙམ་ཡིན། དེ་རིང་ངེད་ཀྱིས་ཁྱེད་ཅག་ལ་དོན་དག་སྣེ་ཁ་ལྔ་ཞུས་ཡོད་པ་རེད། དེ་ཡང་། ངེད་ཀྱིས་མ་ཤེས་ནའང་ཤེས་མདོག་བྱེད་པ་ལྟ་བུ་དང་། མ་འཇོན་ནའང་འཇོན་མདོག་བྱེད་པ་ལྟ་བུ་རྩ་བ་ཉིད་ནས་མིན།

      སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་དུ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་གྱི་སྙིང་པོ་ལྟ་བུ་དེ་ལ་ཕན་འདོགས་པའི་ནུས་པ་ང་རང་ལ་མེད་ནའང་། སེམས་ཀྱི་གཏིང་ནས་དགའ་ཞེན་ཚད་མེད་པས་དད་པ་ཞིག་མཚམས་འདིར་ཆོས་གསུང་པ་པོའི་དམ་པ་ཁོང་སྤྱན་ཆ་ཉིལ་ཉིལ་མཛད། ཡོད་པ་ཡིན་ཙང་། ཚང་མ་ལ་ཐུགས་རྗེ་ཆེ་ཟེར་ནས་དེ་ལྟར་ཞུ་རྒྱུ་ཡིན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པ་འམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་གསུངས་པ་ལྟར་བསྟན་པ་རིན་པོ་ཆེ་ཉམས་པ་དེ་ལ་ཁྱེད་རྣམ་པ་ཚོས་ཐུགས་རྗེ་ཆེན་པོ་བསྐྱེད་དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་རེད། ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་རེད། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་པ་ལྟར་ངེད་ཅག་གིས་ཆོས་ཉིད་བདེན་པ་མངོན་སུམ་དུ་རྟོགས་པར་བྱས་ནས་ངན་སོང་གི་གནས་ལས་སྐྱབས་མེད་པ་དང་། མགོན་མེད་པའི་སེམས་ཅན་དེ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་དགོས་པ་རེད། དངོས་གནས་དྲང་གནས། ངེད་ཀྱིས་ཞུ་ཤེས་རྒྱུ་མ་རེད། ཁྱེད་རྣམ་པ་ཚོ་ནི་སྡེ་སྣོད་གསུམ་གྱི་དཔེ་མཛོད་ཁང་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། ང་རང་ལ་ཆ་མཚོན་པ་ཡིན་ན། ལུང་རྟོགས་ཀྱི་ཡོན་ཏན་གང་གིས་ཀྱང་ཧ་ཅང་གི་ཉག་ཕྲ་བ་རེད། དེ་ཡིན་ཙང་། ངེད་ཀྱིས་ཁྱེད་རྣམ་པ་ཚོ་ལ་ཆོས་བཤད་ན་སུན་སྣང་སྐྱེས་རྒྱུ་མ་གཏོགས་ག་གེ་ཕན་ཐོགས་མེད་ཀྱང་ལྷག་བསམ་དཀར་པོས་ཞུས་པ་ཡིན་པས་དགོངས་པ་ཁྱོན་ནས་མ་འཚོགས་རོགས་གནང་ཟེར་ནས་ཞུ་རྒྱུ་ཡིན། མཇུག་ཏུ། འདི་འདྲའི་འཇང་དགུན་ཆོས་ཕུན་སུམ་ཚོགས་པ་ཞིག་འཚོགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། ཕན་བདེའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་།

       ཁྱད་པར་དུ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་གྱི་སྙིང་པོ་ལྟ་བུ་འདི་ཉིད་ཕྱོགས་མཐའ་དབུས་ཀུན་ཏུ་མི་ཉམས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་༧རྩ་བའི་བླ་མ་རིན་པོ་ཆེ་གཙོ་བོར་བྱེད་པའི་ཕྱོགས་མཐའ་དབུས་ཀུན་ཏུ་བཞུགས་ཡོད་པའི་དགེ་འདུན་པ་དེ་དག་ཐམས་ཅད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། རྣམ་དཀར་གྱི་མཛད་བཟང་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བ་དང་། ཐུགས་ཀྱི་བཞེད་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པར་ཤོག མ་ཟད། འདིར་དངོས་སུ་ཕེབས་པའི་དགེ་འདུན་གྱི་སྡེ་བཞི་བཅུ་ལྷག་ཙམ་ཞིག་ཡོད་པ་དང་། འདིས་མཚོན་ཕྱོགས་མཐའ་དབུས་ཀུན་ཏུ་དགེ་འདུན་གྱི་སྡེ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན། བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། སྔ་ཕྱི་བར་གསུམ་དུ་འཇང་དགུན་ཆོས་ལ་མཐུན་རྐྱེན་བྱེད་མཁན་སྐྱ་སེར་ཇི་སྙེད་ཅིག་ཡོད་པ་དེ་དག་དང་།

      ཁྱད་པར་དུ་ད་ལོའི་འཇང་དགུན་ཆོས་ལ་སྦྱིན་བདག་བྱེད་མཁན་དར་རྒྱས་དགོན་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་གཙོ་བོར་བྱེད་པའི་དགེ་འདུན་པ་རྣམ་པ། མང་ཚོགས་རྣམ་པ་ཚང་མ་ལ་གནས་སྐབས་ནད་གདོན་སྐྱོན་ངན་བར་ཆད་ཐམས་ཅད་ལྷག་མེད་དུ་ཞི་ནས་ཚེ་དང་བསོད་ནམས་སོགས་སྟོབས་འབྱོར་མངའ་ཐང་ཐམས་ཅད་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་བ་དང་། བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ། ལམ་ལ་བར་ཆད་མེད་པ། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་བདེ་བླག་ཏུ་ཐོབ་པར་ཤོག དེར་མ་ཟད། དགེ་བའི་རྩ་བ་འདིའི་མཐུ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནད་ཡམས། དུག་མཚོན། སད་སེར། བཙའ་ཐན་ལ་སོགས་པ་མིང་ཡང་མི་གྲགས་ཤིང་། ཆ་ཆུ་དུས་སུ་ཕབ་ཅིང་། ལོ་ཕྱུགས་རྟག་ཏུ་ལེགས་པ། འགྲོ་བ་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པ་སོགས། མདོར་ན། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པར་སྐྱབས་གནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་གྲོགས་དང་འཕྲིན་ལས་མཛད་དུ་གསོལ་ཟེར་ནས་ཞུ་རྒྱུ་ཡིན་ལགས། རྣམ་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཚེ་རིང་།

      ཕྱི་ལོ་༢༠༡༨ བོད་ཟླ་༥ ༡༥་ཏྲེ་ཧོར་དར་རྒྱས་དགོན་དུ་མདོ་སྨད་འཇང་དགུན་ཆོས་ཆེན་མོ་བདེ་ལེགས་ངང་ནས་གྲོལ་བའི་རྗེས་སུ་རང་ཡུལ་སྟོང་སྐོར་དགོན་དུ་ཕྲན་གྱིས་ལི་ཐང་༧བཞག་པ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བསྟན་འགྲོ་ལ་ཕན་རླབས་ཤིན་ཏུ་ཆེ་བའི་བསླབ་བྱ་འདི་ཡིག་ཐོག་ཏུ་ཕབ་བཤུ་བྱས་ཀྱང་། བྲག་ཆ་ལྟ་བུ་མང་བ་དང་སྒྲ་མི་གསལ་བའི་རྐྱེན་གྱིས་ཡིག་ནོར་སོགས་སྐྱོན་མི་ཉུང་བ་ཞིག་ཡོད་པ་གདོན་མི་ཟ་བས། གཟུར་གནས་བློ་ལྡན་རྣམས་ལ་བཟོད་པར་གསོལ། དེ་དང་ཆབས་ཅིག་ཏུ་ཡིག་ནོར་སོགས་འཁྲུལ་བ་གང་བྱུང་རང་ཉིད་གཅིག་པུས་འགན་འཁུར་བའོ། །

ཡིག་ཐོག་ཕབ་བཤུ་བ། གསར་འགོད་པ་སྦྱིན་པ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/19
བདག་གི་ཐར་མོ་རབ་སྦྱོར་གསོལ་བར་བགྱི། 🙏🙏🙏
 སྤེལ་མཁན: དཔལ་ལྡན། སྤེལ་དུས:2018/8/21
ཧ་ཅང་གི་ཡག་འདུག་དམ་པ་ཁོའི་ཐུགས་བཞེད་འགྲུབ་པ་སྨོན།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41094853
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1