སེམས་ཀྱི་གླེང་མོལ།
ཐེ་བོ་དཀོན་སེང་།
དེང་སྐབས་ང་ཚོའི་ཡུལ་ལུང་འགའ་རེར་རབ་བྱུང་བ་བཙུན་པ་དང་བཙུན་མ་མང་དུ་འཕེལ་དང་འཕེལ་བཞིན་པ་ནི་སྤྱིའི་ཆ་ནས་དགའ་འོས་པ་ཞིག་ཡིན་ནའང་། ཞིབ་ཏུ་དཔྱད་ཚེ་མང་ཆེ་བ་ཞིག་གིས་རང་གི་མི་ཚེ་ཡི་མདུན་ལམ་དང་འོས་འགན་དངོས་དེ་ངོས་མ་ཟིན་པར་གཡམ་རྒྱུག་ཁོ་ནས་མི་ཚེ་འགྲོ་ཐབས་དང་། ཐང་མ་བསྐམ་ཐབས་ཀྱིས་འདའ་བ་ནི་ང་ཚོ་ཞེ་སྐྱོ་དགོས་པ་ཞིག་ཅི་ལ་མིན།
དེར་བརྟེན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྡེར་གཏོགས་ཤིག་ཡིན་ཕྱིན་ཐོག་མར་དགེ་འདུན་གྱི་སྡེ་ཞེས་པའི་གོ་དོན་ངེས་ཐོག་དགེ་འདུན་པ་རྣལ་མ་ཞིག་ཡོང་བ་ལ་ནང་སེམས་ཀྱི་དམིགས་ཡུལ་དང་། ཕྱི་ལུས་ཀྱི་སྤྱོད་ལམ་ག་འདྲ་ཞིག་གི་སྟེང་ནས་མི་ཚེ་སྐྱེལ་སྟངས་ཁྱིམ་པ་ཚོ་དང་མ་འདྲ་བ་ཞིག་ཡིན་དགོས་མིན་ངེས་རྒྱུ་ནི་ང་ཚོ་རབ་བྱུང་བའི་རྩ་བའི་ཆ་རྐྱེན་ལྟ་བུར་སོང་གཤིས། དང་པོ་ཅི་འདྲ་ཞིག་ལ་དགེ་འདུན་གྱི་སྡེ་ཟེར་ཞེ་ན། བཅོམ་ལྡན་འདས་ཐུགས་ཤིན་ཏུ་མཉེས་ཏེ་ལྔ་སྡེ་བཟང་པོར་སྨྲས་པ།
ད་ནས་བཟུང་འུ་ཅག་སང་གྷ་སྟེ་དགེ་འདུན་གྱི་སྡེ་ཞེས་བརྗོད་ཆོག་པའི་ཡང་དག་པའི་ཚོགས་སྡེ་ཞིག་ཏུ་གྱུར་བ་ཡིན། འོ་ན་དགེ་འདུན་གྱི་སྡེ་ཟེར་བ་དེ་ག་འདྲ་ཞིག་ལ་གོ་དགོས་ཤེ་ན། དྲན་པ་དང་ཤེས་བཞིན་ལ་གནས་ཤིང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་འདུས་ཤིང་གནས་པའི་རབ་བྱུང་གི་ཚོགས་སྡེ་ཞིག་ལ་ཟེར་བས། ང་ཚོས་ངེས་པར་དུ་བླ་ན་མེད་པའི་ཡེ་ཤེས་ཀྱི་ས་བོན་བསྣམས་ནས་ཕྱོགས་གང་སར་གནས་པའི་གདུལ་བྱའི་རྒྱུད་ཀྱི་ཞིང་ས་གཤིན་པོར་འདེབས་སྐྲུན་བྱེད་དགོས། ཞེས་གསུངས་པས་ན། ཁོང་གི་གསུང་དུམ་ཚན་འདིས་དགོན་སྡེ་ཞིག་གི་ཚད་གཞི་དང་། དེར་གནས་ཀྱི་དགེ་འདུན་པའི་འོས་འགན་ངོས་དག་གསལ་བར་བསྟན་འདུག་པས། ང་ཚོ་ཅི་ལ་མགོ་འཐོམས་ཤིང་། བག་འཁུམ་དགོས།
ཆོས་གྲོགས་ཚོ། ནམ་ཁོམ་ལ་སློབ་སྦྱོང་དང་། དཔེ་ཀློག་ལ་རེམ་ཤིག དཔེ་ཀློག་གི་ཁྲོད་ན་བླང་དོར་གསལ་བའི་ཤེས་རབ་ཀྱི་སྒྲོན་མེ་ཡོད་ལ། སློབ་སྦྱོང་གི་གམ་ནས་མི་ཚེ་ཡི་སྙིང་ནོར་རྙེད་སྲིད། བཙུན་པ་བཙུན་མ་ཚོ། རབ་ཏུ་བྱུང་བ་ནི་སེམས་གཡེང་ཐབས་དང་ལུས་བདེ་ཐབས་ཙམ་མིན་ལ། ཁ་གསོ་ཐབས་དང་རྒྱབ་འགེབ་ཐབས་ཙམ་དེ་བས་ཀྱང་ག་ལ་ཡིན། ང་ཚོ་ལ་ལམ་སྟོན་གྱི་སྟོན་པ་ཇི་འདྲའི་ཁྱད་འཕགས་ཤིག་དང་། མདུན་ལམ་ཇི་འདྲའི་ཡངས་ཤིང་གསལ་བ་ཞིག ད་དུང་ལམ་གྲོགས་ཇི་འདྲའི་འགྲོགས་བདེ་ཞིག ཆེས་འཛོམས་པའི་ཆ་རྐྱེན་འདི་འདྲའི་འོག རང་གི་མི་ཚེ་རང་དགར་བརླག་ན་མི་འགྱོད་དམ། ལས་རིགས་གཅིག་པའི་བཙུན་གྲོགས་ཚོ། ང་ཚོས་དམིགས་འབེན་དེའི་ཆེད་དུ། ལམ་ལ་མཆི་དགོས། འདུན་མ་དེའི་ཆེད་དུ་སློབ་སྦྱོང་ལ་བརྩོན་དགོས། བཙུན་གྲོགས་ཚོས་སེམས་ལ་ཉར་རོགས།
ང་ཚོས་སློབ་སྦྱོང་ནི་སྤྱིར་བཏང་གི་ཤེས་བྱ་ལ་སྦྱོང་ཚུལ་ལས་བརྒལ་ཏེ་སོ་སོས་ཐོས་བསམ་སྒོམ་པ་ལས་རྙེད་པའི་ཤེས་རབ་ཀྱི་རལ་གྲི་རྣོན་པོས་སྡུག་བསྔལ་གྱི་གཞི་རྩར་གྱུར་བའི་མ་རིག་པའི་དུག་སྡོང་དག་རེ་རེ་ནས་བཅོམ་སྟེ་མི་འདོད་སྡུག་བསྔལ་གྱི་གཡང་ས་ནས་བསྐྱབ་རྒྱུ་ནི་ང་ཚོས་སློབ་སྦྱོང་གི་དགོས་དམིགས་མཐར་ཐུག་ཏུ་འཛིན་དགོས་ཏེ།
ལྟེང་རྒྱས་འོད་སྲུང་གིས། བཅོམ་ལྡན་འདས་ལ། ཁྱེད་ཀྱིས་དངོས་པོ་ལ་གཏིང་ཟབ་པའི་འཚོལ་ཞིབ་ཀྱི་སྒོ་ནས་གུས་རྟག་གི་བརྩོན་པ་བསྟེན་ན་ཐར་བ་འཐོབ་པར་གསུང་གི་འདུག་པས། འོ་ན་ཁྱེད་ཀྱི་དགོངས་པ་ལྟར་ན། སྐུ་རིམ་ཞབས་བརྟན་དང་། སྨོན་ལམ་གསོལ་འདེབས་སོགས་ལ་ཕན་ཐོགས་གང་ཡང་མེད་པ་ཡིན་ནམ། ཞེས་བཀའ་འདྲི་ཞུས་པར།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཙང་བོའི་ཕྱོགས་སུ་ཕྱག་མཛུབ་ཀེར་ཏེ་སྨྲས་པ། འོད་སྲུང་། གལ་ཏེ་སྐྱེ་བོ་གང་ཡང་རུང་བ་ཞིག་གིས་གཙང་བོ་འདི་འཕྲེད་ཀྱིས་གཅོད་དགོས་ཚེ་ཁོས་ཐབས་ལམ་ཅི་ཞིག་འཚོལ་གྱི་རེད། ཅེས་བཀའ་འདྲི་གནང་བར།
འོད་སྲུང་གིས། གལ་ཏེ་གཙང་བོ་འདི་གཏིང་ཟབ་པོ་མེད་ན་ཁོ་རང་ཐད་ཀར་བརྒལ་ནས་འགྲོ་ལ་གཏིང་ཟབ་པོ་ཡོད་ཚེ་ཁོས་ཀོ་གྲུ་གཏོང་བའམ་ཡང་ན་རྐྱལ་བརྒྱབ་ནས་འགྲོ་གི་རེད། ཅེས་ཞུས།
བཅོམ་ལྡན་འདས་ཀྱིས། རེད་རེད། ང་ཡང་དེ་ལ་མོས་མཐུན་ཡོད། འོན་ཀྱང་སྐྱེ་བོ་དེས་རྐྱལ་རྒྱག་པའམ་ཡང་ན་ཀོ་གྲུ་གཏོང་བ་སོགས་ཀྱི་འདོད་མོས་མི་བྱེད་པར་གཙང་བོའི་ཚུར་ཕྱོགས་སུ་ཡར་ལངས་ཏེ། ཁོ་བོ་གཙང་བོ་འདིའི་ཕ་རོལ་དུ་སླེབ་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས་བསྡད་ན་སྐྱེ་བོ་དེ་གཙང་བོའི་ཕ་རོལ་དུ་བགྲོད་ཐུབ་བམ། ཁྱེད་ལ་དེ་འདྲའི་སྐྱེ་བོ་དེའི་སྐོར་ལ་དགོངས་ཚུལ་ཅི་ཡོད། ཅེས་བཀའ་འདྲི་གནང་བར།
འོད་སྲུང་གིས། ངས་སྐྱེ་བོ་དེ་ནི་ཆེས་བླུན་པོའམ་ལྐུག་པ་ཞིག་རེད་ཟེར་གྱི་ཡིན། ཞེས་ཞུས་པར་བཅོམ་ལྡན་འདས་ཀྱིས། དེ་ག་རང་རེད། འོད་སྲུང་ལགས། སྐྱེ་བོ་གང་ཡང་རུང་བ་ཞིག་གིས་མ་རིག་པ་དང་། སེམས་ཀྱི་སྒྲིབ་པ་དག་ཕྱིར་འབད་བརྩོན་གང་ཡང་མི་བྱེད་པར། མི་ཚེ་ཧྲིལ་བོར་ཐར་བ་ཐོབ་པར་ཤོག་ཅིག་ཅེས་གསོལ་བ་སྨོན་ལམ་བཏབ་ནའང་འཁོར་བའམ་སྡུག་བསྔལ་ལས་གྲོལ་བའི་ཐར་བ་ཅི་ལྟར་ཐོབ། ཅེས་ཁོང་རྣམ་གཉིས་ཀྱིས་ཕན་ཚུན་དྲི་བ་དྲིས་ལན་གྱི་གསུང་རབ་ཚན་པ་འདི་ཡིས་ང་ཚོ་བཙུན་པ་བཙུན་མ་ཚོས་འདོན་ཤེས་པ་རྐྱང་བས་མི་ཆོག་པར་ངས་བསྟན་པའི་གསུང་རབ་དག་ལ་ཐོས་བསམ་སྒོམ་གསུམ་གཏིང་ཟབ་པའི་སྒོ་ནས་རང་རྒྱུད་ཀྱི་མ་རིག་པས་མཚོན་པའི་སྒྲིབ་པའི་རིགས་ཀུན་རེ་རེ་ནས་བསལ་ཐབས་སུ་འབད་དགོས་པ་ནི་འོས་བབས་ཀྱི་ཆེད་ལས་སུ་གདམས་པ་མ་ལགས་སམ། བཙུན་གྲོགས་ཚོ།
ང་ཚོས་སེམས་ལ་འཛིན་རྒྱུའི་མན་ངག་དང་། རུམ་ལ་བཅུག་རྒྱུའི་ཁ་ཟས་འདི་ལས་ལྷག་པ་ཞིག་ག་ལ་དགོས། དེའི་གནས་ལུགས་བཞིན་ང་ཚོ་དམིགས་ཡུལ་འདིའི་སླད་དུ་མཉམ་པོར་འགྲོ། ཆོས་ཀྱི་གྲོགས་པོ།
|