སེམས་ཀྱི་གླེང་མོལ་གཉིས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 25 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སེམས་ཀྱི་གླེང་མོལ་གཉིས་པ།
སེམས་ཀྱི་གླེང་མོལ་གཉིས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/9/8ལྟ་ཀློག (2218)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སེམས་ཀྱི་གླེང་མོལ་གཉིས་པ།


ཐེ་བོ་དཀོན་སེང།

     དེང་སང་བརྡ་འཕྲིན་གྱི་རླབས་རྒྱུན་དྲག་པོས་ག་ས་གང་ནས་མནན་ཡོང་བའི་རྐྱེན་གྱིས་བྱིས་པ་དམར་འབྱར་དང་རྒས་འཁོགས་གོ་ལྷུང་བ་ཚོ་མ་གཏོགས་ཚང་མས་བརྡ་འཕྲིན་ལ་གཡེངས་ཏེ་དགོས་རྒྱུ་ཤེས་ཚན་ཁག་ལ་མི་གཟིགས་མི་མཁོ་བག་མེད་ལོང་གཏམ་སོགས་ཀྱིས་མི་ཚེ་བཟང་ཤོས་བརླགས་དང་རླག་བཞིན་པ་འདི་རིགས་ཅི་འདྲའི་ཡིད་ཕངས་པ་ཞིག་རེད་ལ།

    ང་ཚོ་ནང་བའི་བསྟན་དང་སྟོན་པའི་རྗེས་འཇུག་ཅིག་ལ་མཚོན་ན་སོ་སོའི་མི་ཚེའི་རིན་ཐང་རྣལ་མ་དེ་གང་ཞིག་ནས་འཚོལ་དགོས་མིན་སོགས་ལ་བསམ་གཞིག་ཙམ་ཡང་བྱས་མ་མྱོངས་པའི་ཆོས་དད་པ་མང་པོ་ཞིག་ཡོད་པ་འདི་སྐྱེས་ཆེན་ཚོས་གཟིགས་ན་དེ་བས་ཀྱང་ཐུགས་ཕམ་གྱི་ཡུལ་མ་ཡིན་ནམ།

    སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་ནས།  འཐིབས་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་།།འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།།ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།།ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།།ཞེས་འགྲོ་བ་སོ་སོས་བསགས་པའི་ལས་ངན་གྱི་སྡིག་པའི་ཉེས་སྐྱོན་དག་བུམ་ཆུས་བཀྲུས་ཀྱང་འདག་མི་ནུས་ཤིང་། འགྲོ་བ་སོ་སོའི་ལས་ཀྱི་རྣམ་པར་སྨིན་པའི་ལུས་སེམས་གྱི་སྡུག་བསྔལ་རྣམས་བླ་སྤྲུལ་སུ་ཡིན་གྱི་ཕྱག་གིས་སེལ་མི་ཐུབ། སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པའི་ཡོན་ཏན་དག་ང་ཚོ་ལ་ཐད་ཀར་སྤྲོད་ཐབས་མེད་པར་བསྟན་པའི་གནད་དོན་མ་གོ་བར།  གྲོང་བ་མི་ནག་ལྟ་ཞོག    སེར་གཟུགས་བཙུན་པ་བཙུན་མ་མང་པོ་ཞིག་སྡིག་ཉེས་བུམ་ཆུས་འདག་པར་སྙམ་སྟེ་ཁྲོམ་དབང་གར་བསྐུར་སར་རྒྱུག་པ་དང་། ལུས་སེམས་ཀྱི་སྡུག་བསྔལ་ཐམས་ཅད་སོ་སོས་སྦྱང་མི་དགོས་པར་བླ་ཆེན་ནམ་སྤྲུལ་བའི་སྐུ་ག་གེ་མོས་ཕྱག་གིས་ཚེར་མ་འདོན་པ་བཞིན་ལེན་ཐབས་ཡོད་པར་རློམ་སྟེ་བླ་སྤྲུལ་གར་ཕེབས་སར་མཇལ་ཁར་འཚང་བ་ནི་སོ་སོའི་སློབ་སྦྱོང་གི་དུས་ཚོད་ཆུ་ཟོས་གཏོང་བའི་ཆེས་མགོ་འཐོམ་པའི་རྨོངས་ལས་ཤིག་སྟེ།

    ཅམ་ས་གཱ་མས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། ཁྱེད་ནམ་ཡིན་ཡང་དབྱར་གནས་མ་ཚུགས་པའི་སྔོན་ཙམ་མ་གཏོགས་ཕྱིར་ཕེབས་མི་གནང་བས། ཁྱེད་ཀྱི་སློབ་མ་ཚོས་ལོ་འཁོར་མོའི་རིང་ཁྱེད་ཉིད་དྲན་བཞིན་བཞུགས་འདུག   ངེད་ཅག་ཀྱང་དགོན་པར་བཅར་གྱི་ཡོད་ནའང་སྐུ་ཉིད་མེད་པའི་རྐྱེན་གྱིས་དགོན་པ་འདི་སྟོང་བ་ལྟ་བུར་ཚོར་འོང་བས།  ང་ཚོས་ཁྱེད་ཀྱི་གཟིམས་ཤག་ལ་སྐོར་བ་འགའ་བརྒྱབ་སྟེ་ཕྱིར་རང་ཁྱིམ་དུ་ལོག་འགྲོ་གི་ཡོད།  དེ་མིན་ཅི་ཞིག་བྱེད་དགོས་པ་ཤེས་ཀྱི་མི་འདུག་ཅེས་ཞུས་པར།    བཅོམ་ལྡན་འདུས་ཀྱིས་སྨྲས་པ།   ས་གཱ་མ།  བརྩོན་པ་བསྟེན་ཏེ་ཆོས་ཉམས་སུ་ལེན་པ་ནི་ང་ལ་མཇལ་ཁ་ཞུ་བ་ལས་ཀྱང་གལ་འགངས་ཆེ་བ་ཡིན།      ཁྱེད་དགོན་པར་ཕེབས་སྐབས་ཁྱེད་ལ་དགེ་བའི་བཤེས་གཉེན་གཞན་གྱི་དྲུང་ནས་གསུང་ཆོས་ཞུ་རྒྱུའི་གོ་སྐབས་ཡོད་པས།  དེ་དུས་ཁྱེད་ཀྱིས་སོ་སོའི་ཉམས་ལེན་གྱི་སླད་དུ་ཁོ་ཚོར་བཀའ་འདྲི་ཞུ་ཆོག

      ཁྱེད་ཀྱིས་ང་འདིར་བསྡད་མེད་པ་རྒྱུ་མཚན་དུ་བྱས་ཏེ་སོ་སོའི་ཉམས་ལེན་ལ་ལྷོད་ཡེངས་གཏོང་མི་རུང་ཞེས་གསུངས་ལ།   ད་དུང་བཅོམ་ལྡན་འདས་ཀྱིས། དགེ་སློང་ཝཀ་ལི་ལ་བཀའ་བཀྱོན་གྱི་ཚུལ་དུ།  ཁྱེད་ཀྱི་དགོངས་པར་སངས་རྒྱས་ལ་མཇལ་བར་ངེས་པར་དུ་སངས་རྒྱས་ཀྱི་ཞལ་རས་མཇལ་དགོས་པ་རེད་སྙམ་གྱི་ཡོད་དམ།  སངས་རྒྱས་ཀྱི་སྐུ་གཟུགས་དེ་ཙམ་གྱི་གལ་ཆེན་པོ་མ་ཡིན་པར་ཆེས་གལ་ཆེ་ཤོས་ནི་སངས་རྒྱས་ཀྱི་གདམས་ངག་གི་ནང་དོན་ཐོས་ཏེ་ཉམས་སུ་ལེན་རྒྱུ་དེ་རེད།  གལ་ཏེ་ཁྱེད་ཀྱིས་སངས་རྒྱས་ཀྱི་གདམས་ངག་གི་ནང་དོན་ཐོས་ཏེ་ཇི་བཞིན་ཉམས་སུ་ལེན་གི་འདུག་ན་སངས་རྒྱས་མཐོང་གི་ཡོད།    དེ་མིན་ཁྱེད་ཀྱིས་སངས་རྒྱས་ཀྱི་སྐུ་གཟུགས་མཐོང་ན་ཡང་ཁོང་གི་གདམས་ངག་ཐོས་ཏེ་ཇི་བཞིན་ཉམས་ལེན་མ་ནུས་ཚེ་དེ་ལ་རིན་ཐང་གང་ཡང་མེད་ཅེས་གསུངས་པའི་གདམས་ངག་ཚན་པ་གཉིས་པོ་འདིས་ནང་བའི་རྗེས་འཇུག་པ་ཀུན་ལ་མི་ཚེའི་རིན་ཐང་ངོས་ནི་གཞུང་ཆེན་སློབ་གཉེར་གྱི་སྟེང་ནས་བཤད་སྒྲུབ་ཟུང་གིས་རང་གཞན་གྱི་རྒྱུད་ལ་བླང་དོར་གསལ་བའི་ཐབས་ཤེས་ཀྱི་མྱུ་གུ་བསྐྲུན་ཐུབ་མིན་གྱི་སྟེང་ནས་ངོམ་དགོས་པ་ལས།  སྐུ་གསུང་ཐུགས་རྟེན་དང་།  ལྷ་ཁང་གསེར་ཁང་། མཆོད་རྟེན་དང་འཁོར་ཁང་།   རྡོ་འབུམ་སོགས་བཞེངས་ཏེ་དེ་དག་ལ་བསྐོར་ཕྱག་དང་མཆོད་མཇལ་སོགས་དགེ་ཚུལ་སློང་གི་ལས་སུ་བྱ་བ་གཙོ་བོ་མིན་པར་བསྟན་མི་འདུག་གམ།   དེས་ན་ང་ཚོ་ཕྱི་ལུས་ཀྱི་སྡུག་བསྔལ་དག་ཟས་གོས་ལོངས་སྤྱོད་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱིས་སེལ་ནུས་པའི་དབང་དུ་བཏང་ན་ཡང་།  ནང་སེམས་ཀྱི་དཀའ་རྙོག་དག་ལེགས་ཉེས་ཤན་འབྱེད་ཐུབ་པའི་ཤེས་རབ་ཀྱི་སྒྲོན་མེ་དག་ལ་བརྟེན་ནས་སེལ་དགོས་པ་ནི་སྟོན་པ་ཐུགས་རྗེ་ཅན་ཁོང་གི་དགོངས་བཞེད་ཉག་ཅིག་ཡིན་སྟབས།  དེ་འདྲ་བའི་ཤེས་རབ་ཀྱི་ནོར་མཆོག་དེ་བཀའ་བསྟན་གཞུང་ལུགས་དག་ལ་ཐོས་པའི་འབད་བརྩོན་ལས་འཁྲུངས་ཀྱི།

རྟེན་བཞེངས་བསྐོར་ཕྱག་ཙམ་ལས་སྐྱེ་མི་ཐུབ་པར་བརྟེན།  འཕགས་ཡུལ་རྒྱན་དྲུག་མཆོག་གཉིས།  བོད་ཀྱི་ས་ཆེན་རྣམ་ལྔ།  མར་མི་དྭགས་གསུམ།  འཇམ་མགོན་བླ་མ་ཡབ་སྲས་སོགས་ས་དགེ་བཀའ་རྙིང་ཇོ་ནང་བོན་བཅས་ཀྱི་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུར་བྱོན་པའི་སྐྱེས་ཆེན་དག་གི་མཛད་རྣམ་ལ་གཟིགས་དང་།   དགེ་རྒན་བསྟེན་ཏེ་འབྲི་ཀློག་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་སྒོམ་པས་མི་ཚེ་རྣམ་འབྱེད་ཀྱི་ཤེས་རབ་ལ་བསྟིམས་ཤིང་མཛད་འཕྲིན་གསུང་རྩོམ་གྱི་སྣང་བས་ཕྱི་རབས་པ་དག་ལ་ཁ་ཕྱོགས་གསལ་བའི་ལམ་སྟོན་ཅི་འདྲའི་འཁྲུལ་མེད་ཅིག་བསྟན་འདུག       བསྟན་དང་སྟོན་པ་གཅིག་ལ་དད་ཅིང་།   རུས་དང་དམིགས་ཡུལ་གཅིག་གིས་སྦྲེལ་བའི་བོད་མི་ཚོ།  དུས་ཚོད་ནམ་ཡོད་ལ་དགེ་རྒན་རེའི་མདུན་དུ་ཆོས་ཀྱི་གོ་དོན་རེ་ཨེ་གོ་ལྟོས།  རྟེན་བཞེངས་དང་མཇལ་སྐོར་མཆོད་འབུལ་སོགས་ལ་དགེ་རྩ་མེད་པ་ག་ལ་སྲིད་དེ།  ཡིན་ནའང་དེ་ཙམ་གྱིས་སྡུག་བསྔལ་རྩ་ལག་དང་བཅས་འཇོམས་མི་ཐུབ་པས། གོང་གི་སྐྱེས་ཆེན་ཁོང་ཚོའི་མཛད་རྣམ་ལ་ཁ་མིག་ཡར་ལྟ་བྱས་ཏེ་སློབ་སྦྱོང་གི་ཁྲོད་ནས་སོ་སོས་མི་ཚེ་ལ་རིན་ཐང་གི་སྙིང་པོ་རེ་ལེན་པར་བརྩོན་ཅིག   དོན་སྙིང་འདི་འདྲ་ལ་གཟིགས་ནས།

     རྗེ་བཙུན་ཤར་གདོང་རིན་པོ་ཆེ་མཆོག་གིས།  བསྟན་པ་འགྲོ་བ་མིའི་སེམས་ཐོག་ལ་སྤེལ་རྒྱུ་མ་གཏོགས་ས་རྡོ་གསེར་ཟངས་ཀྱི་ཐོག་ལ་སྤེལ་རྒྱུ་མེད་ཅེས་བསྟན་ལ་ཤ་ཞེན་ཟབ་པའི་ཅི་འདྲའི་བསླབ་བྱ་ནན་མོ་ཞིག་གསུངས་འདུག    འདི་དང་འདི་འདྲ་བའི་བསླབ་བྱ་མང་པོ་མཆིས་ཀྱང་ཐམས་ཅད་འདྲེན་ག་ལ་དགོས།  བུ་གོ་བ་ཅན་ལ་ཚིག་གཅིག   རྟ་གོམ་པ་ཅན་ལ་ལྕག་གཅིག་ཟེར་བ་ལྟར་རེད།

      མདོར་ན་རིགས་དང་ཕོ་མོ་སེར་སྐྱ་སོགས་ཀྱིས་དབྱེ་བ་མེད་པར་སོ་སོས་ཕྱི་དུས་རབས་ཀྱི་འཁོར་ཕྱོགས་དང་བསྟུན་པའི་སློབ་སྦྱོང་གང་འཚམ་རེ་བྱེད་པའི་སྟེང་ནས་མི་ཚེའི་སྙིང་པོ་རང་གཞན་ལ་ཕན་པའི་ལས་དོན་ཕྲན་ཚེགས་ཡན་ཆད་སྒྲུབ་ཨེ་ནུས་ཀྱིས་འཆི་ཁར་འགྱོད་གདུང་སྐྱེ་མི་དགོས་པ་ཞིག་ལ་འབད་པ་གལ་ཆེའོ།།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14231173
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号