སེམས་ཀྱི་གླེང་མོལ་གསུམ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 9 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སེམས་ཀྱི་གླེང་མོལ་གསུམ་པ།
སེམས་ཀྱི་གླེང་མོལ་གསུམ་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/9/16ལྟ་ཀློག (2748)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སེམས་ཀྱི་གླེང་མོལ་གསུམ་པ།

ཐེ་བོ་དཀོན་སེང་།

    ད་ལྟའི་སྤྱི་ཚོགས་འདི་སྔོན་དང་མི་འདྲ་བར་རྣམ་རིག་བསྒྲིམས་ཏེ་ཤེས་རིག་སྦྱང་བརྩོན་མ་ཐུབ་ཚེ་ལོ་རེ་དང་ཟླ་རེ་བྱས་ཏེ་གཞན་རྗེས་ལྷག་འགྲོ་བ་ནི་མིག་མདུན་གྱི་གཟུགས་བརྙན་བཞིན་གསལ་བོ་རེད།

   དེས་ན་ང་ཚོ་གྲྭ་བའི་སྤྱི་ཚོགས་འདི་ཡང་དེའི་སྤྱི་འགྲོས་ལས་མ་འདས་ཕྱིན་འདོན་པ་དང་རྩོད་པ་རྐྱང་བ་ཙམ་བསླབ་ས་ལྟ་བུར་མ་སོང་བར་གྲྭ་པའི་མདུན་ལམ་དང་འཚམ་པའི་གནའ་དེང་ཟུང་གི་ཤེས་རིག་བསླབ་ཚན་རེ་བཙུགས་ཏེ་ཕྱི་རབས་གཞོན་སྐྱེས་དག་ཆོས་དང་རིག་གནས་གང་ཅིའི་ཐད་ནས་སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པར་ངོ་གནོངས་མི་དགོས་པར་སྒྲུབ་ཆོག་ཆོག་གི་སྤོབས་པའི་གདེང་ཚོད་མངའ་བའི་སྐྱེས་བུ་ཤ་སྟག་གསོ་སྐྱོང་གནང་རྒྱུ་ནི་དགོན་སྡེའི་དགེ་རྒན་རྣམ་པ་དང་ལས་ཀྱི་སྣེ་མོ་བ་རྣམ་པའི་མཛད་འགན་དུ་སེམས།

     དེང་དུས་དགོན་སྡེ་ཆེ་ཁག་ཁ་ཤས་སྔོན་དང་བསྡུར་ན་སློབ་སྦྱོང་གི་གོ་སྒྲིག་དང་འགྲིག་ལམ་ཀུན་སྤྱོད་བཅས་ལ་འགྱུར་བ་ཧ་ལས་པ་ཕྱིན་ཏེ་རང་དགོན་དུ་གཞུང་ཆེན་སློབ་གཉེར་གྱི་སྔོན་འགྲོར་བྱིས་པའི་སློབ་གྲྭ་ཟུར་འཛུགས་ཀྱིས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་རྩིས་ཚན་བཅས་སློབ་ཆུང་ནས་དམའ་འབྲིང་རིམ་པའི་ཚད་གཞི་ལོན་ངེས་ཀྱི་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་དང་སྐྲུན་བཞིན་པ་ནི་གྲྭ་པའི་སྤྱི་ཚོགས་འདི་མ་འོངས་པར་རྒྱུན་གནས་ཐུབ་པའི་རེ་བ་གསར་བ་ཞིག་རེད་ཅེ་ན་ཐལ་མི་ཆེ་སྙམ།

     དགོན་སྡེ་ཆེ་ཁག་དེ་དག་གི་བཟང་ཆ་རྣམས་མིག་དཔེར་བླངས་ཏེ་དགོན་ཁག་གཞན་ཚོས་རང་དགོན་མི་འཐོར་བའི་ཐབས་ལམ་འཚོ་བ་གཞན་བརྟེན་མི་དགོས་པའི་རང་ཁ་རང་གསོའི་དགོན་གཞུང་ཕྱུག་པོར་གཏོང་རྒྱུ་དང་གྲྭ་རྒྱུན་འདུ་བྱེད་རྒྱུན་སྲོལ་ཆོ་ག་ཕྱག་ལེན་རྐྱང་བས་མི་ཡོང་བར་དེང་གི་ཤེས་ཚན་གང་མཁོ་བསླབ་ཆོག་པའི་བྱིས་པའི་སློབ་གླིང་རེ་འཛུགས་ཐབས་ལ་འབད་འབུངས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་ངེས།

    ང་ཚོ་གྲྭ་པའི་སྤྱི་ཚོགས་འདི་མི་སྐྱ་དཀྱུས་མ་རྣམས་དང་མི་འདྲ་བར་ཚེ་འདི་ཕྱི་གཉིས་ཀའི་ཕན་བདེའི་ལམ་བཟང་དུ་མང་ཚོགས་སྣེ་ཁྲིད་བྱེད་པའི་ཚོགས་སྡེ་ཞིག་ཡིན་ཤས་བསླབ་ཚན་ལ་གདམ་གསེས་དགོས་པ་ལྟར་དགེ་རྒན་ལ་གདམ་གསེས་མི་འཆུགས་རྒྱུ་ནི་ཧ་ཅང་གལ་ཆེ།

    དེས་ན་དགེ་རྒན་ཅི་ལྟ་བུ་ཞིག་དགོས་ཤེ་ན།  སྤྱིར་འདུལ་བ་དང་མདོ་སྡེ།  སྔགས་བཅས་ནས་དགེ་རྒན་གྱི་ཚད་གཞི་མང་དུ་གསུངས་ཀྱང་།  དབུ་མ་བཞི་བརྒྱ་བ་ལས།  གཙང་མཁས་གཞན་ལ་ཕན་པར་འདོད། ། ཅེས་འབྱུང་བ་བཞིན། ནང་བསམ་པའི་ཀུན་སློང་དང་ཕྱི་ལུས་ངག་གི་སྤྱོད་ལམ་ལ་སྐྱོན་མེད་པར་གཙང་བ་དང་གཅིག     འཁྲིད་བྱའི་བསླབ་ཚན་དག་ཁ་གསལ་བའི་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་སློབ་མ་ཡོངས་ལ་ངོ་སྤྲོད་མཁས་པ་དང་གཉིས། རིགས་མཐོ་དམན་དང་དབུལ་ཕྱུག    དབང་བོ་རྣོ་རྟུལ་སོགས་ཀྱི་ཕྱོགས་སུ་མ་ལྷུང་བར་ཀུན་ལ་ཕན་འདོད་སྙམ་པའི་བརྩེ་བ་གསུམ་ནི་དགེ་རྒན་ཞིག་ལ་མ་འཛོམས་ཐབས་མེད་ཀྱི་ཁྱད་ཆོས་སུ་གྱུར།

    དེ་ལྟ་བུའི་དགེ་རྒན་ཞིག་བསྟེན་པ་ཙམ་གྱིས་ཡོན་ཏན་འགོས་ཡོང་བའི་ངེས་པ་མེད་པས།  བསྟེན་མཁན་སློབ་མ་དེ་ཡང་ཚད་གཞི་ལོན་པ་ཞིག་དགོས་གལ་ཆེ་བས།  དེ་ཉིད་ལས། གཟུར་གནས་བློ་ལྡན་དོན་གཉེར་བ།། ཉན་པོའི་སྣོད་ཅེས་གསུངས་པ་ལྟར།  ཕྱོགས་རིས་འཐེན་འཁྱེར་གྱིས་མ་གོས་པར་རང་བློ་གཟུ་བོར་རམ་དྲང་བོར་གནས་པ་དང་གཅིག     གླེན་ལྐུགས་ལྟ་བུ་མིན་པར་ལྷན་སྐྱེས་ཀྱི་རྣམ་རིག་གསལ་བ་དང་གཉིས།  བསླབ་བྱའི་གཞུང་ཚན་དག་གི་ནང་དོན་ཤེས་འདོད་དོན་གཉེར་གྱི་འདུན་པ་ཡོད་པ་གསུམ་ནི་སློབ་མ་ཞིག་ལ་ངེས་པར་ཚང་དགོས་པའི་གཞི་རྩའི་ཆ་རྐྱེན་ཡིན།  ཤེས་ཡོན་ཞེས་པ་དེའང་མི་ལ་རང་ཆས་སུ་གྲུབ་བསྡད་པ་ཞིག་དང་རང་དགར་ཤེས་ཡོང་བ་ཞིག་མིན་པར་མཚན་ཉིད་ཚང་བའི་དགེ་རྒན་དུ་མའི་མདུན་ནས་གཞུང་ལུགས་སྣ་ཚོགས་ལ་ལོ་ངོ་མང་པོའི་རིང་ཁར་དཀའ་སྤྱད་འབད་བརྩོན་ཟམ་མ་ཆད་པར་བྱས་ཏེ་ཐོབ་པའི་རིན་བྲལ་ནོར་བུ་ཞིག་ཡིན་པ་ནི་གནའ་དེང་གི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཚོའི་མཛད་རྣམ་ལ་མཇལ་ན་གསལ་བར་གྲུབ་པོ།།

     ང་ཚོས་ཤེས་ཡོན་ལ་གཉེར་བ་འདི་ལས་ཀྱིས་ཕོངས་ནས་སྒྲུབ་པ་ཞིག་མིན་ལ། རྙོག་དྲའམ་སྡུག་བསྔལ་འཕར་མ་ཞིག་ཡོང་རྒྱུའི་དོན་དུ་དེ་བས་ཀྱང་ག་ལ་ཡིན།  མི་སོ་སོར་བདེ་བའི་དོན་དུ་བསམ་གཞིག་བྱེད་པའི་ནུས་པ་དང་ཐོབ་ཐང་གཅིག་མཚུངས་སུ་ཡོད་ལ།  ནུས་པ་དེ་ཉིད་མངོན་འགྱུར་ཐུབ་པའི་གྲོགས་སུ་ཤེས་བྱའི་ཡོན་ཏན་དེ་ཉིད་ཁ་སྐོང་གི་ཚུལ་དུ་མེད་ཐབས་མེད་པས་ཤར་ནུབ་དང་ཕྱི་ནང་གི་མཁས་པ་ཀུན་གྱིས་ཤེས་ཡོན་སློབ་པའི་རྩ་བའི་དམིགས་ཡུལ་ནི་སོ་སོ་ལ་བདེ་སྐྱིད་ཅིག་འཐོབ་པའི་ཆེད་ཡིན་པ་ཕལ་ཆེར་འདྲ་འདྲ་རེད།

    དེར་བརྟེན་ད་ལྟའི་མི་ཐོག་གམ་སྤྱི་ཚོགས་འདི་ལ་བདེ་སྐྱིད་ཅིག་ཡོང་བ་ལ་སྲོལ་རྒྱུན་རིག་ཚན་ཙམ་གྱིས་མི་འདང་བས་དེང་གི་ཚན་རྩལ་རིག་པ་ཞིག་དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་དར་འཕེལ་བྱུང་བ་ཅི་ལ་མིན།  ང་ཚོས་གནད་དོན་དེ་དག་ལ་བསམ་ཤེས་མི་བྱེད་པར་ཨུ་ཚུགས་ཁོ་ནས་ཡས་ཀྱི་ལུགས་སྲོལ་དང་། མས་ཀྱི་གོམས་གཤིས་ཞེས་འཐམས་དྲག་ན་དངོས་ཡོད་གནས་ཚུལ་མང་པོ་ཞིག་ནས་ང་ཚོ་ཕམ་འགྲོ་བ་མྱོང་གྲུབ་ཡིན།  གནད་འདི་འདྲར་དགོངས་ཏེ། སྐྱབས་མགོན་ཀིརྟི་རིན་པོ་ཆེའི་ཞལ་ནས།  བྱིས་དུས་ཀྱི་རང་ལྷམ་དེ་ད་ལྟ་རང་གིས་གྱོན་མི་ཐུབ་པའི་དཔེ་ལྟར་ད་ལྟའི་དུས་སུ་འཚམ་མིན་དཔྱོད་དགོས་པ་ལས་སྔར་སྲོལ་ཡིན་ཞེས་མཁྲེགས་འཛིན་བྱེད་ན་ཕན་ལས་གནོད་ཆེ་ཞེས་དུས་གསུམ་མངོན་གཟིགས་ཀྱི་བསླབ་བྱ་ཁ་གསལ་གོ་བདེ་འདི་འདྲ་ང་ཚོ་ལ་དུས་ཐོག་ཆར་བ་ལྟ་བུ་ཅི་ལ་མིན།  སློབ་སྦྱོང་མེད་པའི་དགོན་སྡེ་དག་གིས་སློབ་སྦྱོང་མེད་ཀྱང་མི་སྐྱོན་ཏེ། ཕྱག་མཆོད་མན་ཌལ་སྒོ་ནས་བསྟན་པ་འཛིན་ཆོག་སྙམ་ན་མ་ཡིན་ཏེ།  སྟོན་པ་ཐུགས་རྗེ་ཅན་གྱིས། དྲང་སྲོང་དཱི་གྷན་ཁ་ལ།  ཁྱེད་ཀྱི་དྲི་བ་འདི་ཧ་ཅང་ཡག་པོ་འདུག   སྤྱིར་ན་ངའི་ཆོས་ཚུལ་འདི་ལྟ་བ་དང་གྲུབ་མཐའ་སོགས་གང་ཡང་མིན་ནའང་མ་འོངས་པར་སྐྱེ་བོ་འགས་གདམས་པ་འདི་དག་ལྟ་བ་དང་གྲུབ་མཐའ་རུ་འཛིན་པར་ཐེ་ཚོམ་མི་དགོས་པས།  ངས་ངེས་པར་དུ་གསལ་བོར་བཤད་དགོས་པ་ཞིག་ལ། ངས་གང་ཞིག་བཤད་པའི་གདམས་པ་འདི་དག་དངོས་པོའི་གནས་ལུགས་དངོས་སུ་རྟོགས་པར་བྱེད་པའི་ཐབས་ལམ་ཙམ་ཞིག་ཡིན་པ་ལས་དངོས་པོའི་གནས་ལུགས་དངོས་མ་ཡིན།  ངས་གནམ་ཁའི་ཟླ་བ་ལ་འདི་ལྟར་མཛུབ་མོ་ཀེར་བ་ན་མཛུབ་མོ་འདི་ཟླ་བ་དངོས་མ་ཡིན་ཡང་རྣམ་དཔྱོད་ཅན་ཚོས་མཛུབ་མོ་འདི་ལ་བརྟེན་ནས་ཟླ་བའི་བཞིན་རས་མཐོང་ཐུབ།  འོན་ཀྱང་སྟོན་ཡུལ་གྱི་སྐྱེ་བོ་དེས་མཛུབ་ཀུ་ཁོ་ནར་བལྟས་ཏེ་དེ་ནི་ཟླ་བ་དངོས་སོ་སྙམ་ན་སྐྱེ་བོ་དེས་ནམ་ཡང་ཟླ་བའི་བཞིན་རས་ངོ་མ་དེ་མཐོང་མི་ཐུབ།

    དེ་བཞིན་ངའི་གདམས་པ་འདི་དག་ཀྱང་ཉམས་ལེན་བྱེད་པའི་ཐབས་ལམ་ཙམ་ཞིག་ཡིན་པ་ལས་ཕྱག་དང་མཆོད་པ་བྱས་ཏེ་བརྒྱུད་འཛིན་བྱེད་རྒྱུ་ཞིག་ག་ལ་ཡིན་ཞེས་གསུངས་པས་འགྲུབ་སྙམ།  བླ་མ་དོན་གྱི་བདག་པོས་ཀྱང་། ཐབས་དང་སྒོ་སྣ་ཚོགས་ནས་ཤུགས་བསྐྱེད་མཛུབ་སྟོན་བྱེད་གལ་ཆེན་པོར་མཐོང་གི་འདུག    མི་གཅིག་ལ་ལེགས་ཉེས་དཔྱོད་པའི་བློ་མཐུ་རྙེད་པ་དང་།  བླང་དོར་འབྱེད་པའི་རིགས་པ་སྣེ་གཅིག་སློབ་སྟོན་ཐུབ་ན་ཚེ་དབང་བརྒྱ་ཕྲག་བསྐུར་བ་ལས་ཕན་ཐོགས་ཆེ་བའི་ཚོད་དུ་ཡོད་ཅེས་གསུངས་པ་ལྟར་རབ་ཡིན་ན་དགོན་སྡེ་རང་རང་ས་ནས་དགེ་རྒན་གསོ་སྐྱོང་འོག་གྲྭ་གཞོན་ཚོར་སློབ་གཉེར་འཐུས་སྒོ་ཚང་བའི་ཁོར་ཡུག་བསྐྲུན་པར་འབད་རྒྱུ་དང་།  གལ་སྲིད་མ་ཐུབ་ཚེ་གནས་སྐབས་འབྲེལ་ཡོད་གྲྭ་ས་ཁག་ལ་སློབ་གཉེར་མངག་རྒྱུའི་ཆ་རྐྱེན་དང་གོ་སྐབས་གནང་རྒྱུ་ལས་བཙན་དབང་གིས་བཀག་ཉར་གྱིས་རིན་བྲལ་བྱིས་དུས་ཀྱི་ལང་ཚོ་དོན་མེད་ཆུད་ཟོས་སུ་མི་གཏོང་བའི་ཐབས་ལ་རང་དགོན་ལེགས་སུ་འདོད་པ་དག་གིས་ཅིས་ཀྱང་འབད་ན་ལེགས་སོ།།

      མདོར་ན་དགོན་སྡེ་ཆེ་མ་ཆུང་གསུམ་གང་ཞིག་ཡིན་ཡང་རང་ཁོངས་ཀྱི་དགེ་འདུན་དག་ཐོས་པས་རང་རྒྱུད་དུལ་ཞིང་བསམ་པས་གཞན་དོན་ཐུབ་མཁན་ཞིག་ཏུ་བསྐྱེད་སྲིང་ལ་བརྩོན་རྒྱུ་མ་ཟད་སོ་སོའི་མངའ་རུ་མི་སྡེ་རྣམས་ལ་ཡ་རབས་བཟང་སྤྱོད་ཀྱིས་མཚོན་པའི་ནང་ཆོས་ཀྱི་རྒྱུན་ཤེས་རེ་ངོ་སྤྲད་དེ་ཆོས་ལ་དད་ཞེན་ཙམ་མ་ཡིན་པར་གོ་རྟོགས་གང་འཚམ་རེ་སད་དུ་འཇུག་རྒྱུ་ནི་ཆབ་དཔལ་རིག་གསུམ་གྱིས་སྤྱི་ཚོགས་ཁ་ལོ་སྒྱུར་བཞིན་པའི་དུས་རབས་ཉེར་གཅིག་པའི་སྐབས་འདིར་ཅིས་ཀྱང་མཁོ་གལ་ཆེའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xq4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
49391573
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1