རང་གཞན་ཆོས་ལ་སྐུལ་བའི་མི་རྟག་དྲན་མགུར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »རང་གཞན་ཆོས་ལ་སྐུལ་བའི་མི་རྟག་དྲན་མགུར།
རང་གཞན་ཆོས་ལ་སྐུལ་བའི་མི་རྟག་དྲན་མགུར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/9/29ལྟ་ཀློག (5928)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རང་གཞན་ཆོས་ལ་སྐུལ་བའི་མི་རྟག་དྲན་མགུར།

ཐེ་བོ་དཀོན་སེང་།

སྐྱབས་བསླུ་མེད་བླ་མ་དམ་པ་མཆོག།
དུས་ནམ་ཀུན་དད་པས་མཆོད་གྱུར་ན།།
ཐུགས་བརྩེ་བའི་ལྕགས་ཀྱུ་རྣོན་པོ་ཡིས།།
ཚེ་འདི་ཕྱི་ཀུན་ཏུ་རྗེས་བཟུང་མཛོད།།

རང་མ་འདུལ་རང་གིས་གཞན་དག་ལ།།
ཆོས་སྐུལ་མ་བྱེད་པ་འོས་མིན་ཡང་།།
སེམས་དཀར་པོའི་འོ་མ་འཁོལ་བར་བརྟེན།།
ཚིག་ཕྲེང་བར་བསྟར་བའི་ལས་ལ་ཞུགས།།


རྙེད་དཀའ་བ་དལ་འབྱོར་ལུས་རྟེན་རྙེད།།
མཇལ་དཀའ་བ་ཐུབ་པའི་བསྟན་དང་མཇལ།།
དུས་གོ་སྐབས་འདི་འདྲ་ཡང་ནས་ཡང་།།
རྙེད་དཀའ་བས་ད་ལྟ་སྙིང་པོར་བརྩོན།།


ཚེ་མི་རྟག་རི་གཟར་རྦབ་ཆུ་འདྲ།།
དུས་སྐར་ཆ་རེ་རེར་ལྔ་ལམ་སྙེགས།།
ལོང་ནམ་ཡོད་མཚན་ལྡན་བཤེས་ཀྱི་མདུན།།
བློ་ཐོས་པའི་ཕྱོགས་ལ་ཨེ་གོམས་ལྟོས།།

གཟུགས་ལང་ཚོས་སྒེག་པའི་མེ་ཏོག་ཀྱང་།།
དུས་ནམ་ཞིག་འདབ་མ་ཐོར་ཏེ་འགྲོ།།
གཞོན་ལང་ཚོ་རྒ་བས་མ་མནར་གོང་།།
ཆོས་གདམས་པས་བརྒྱན་ན་མི་དགའ་འམ།།

ནད་ན་ཚས་ལུས་ཟུངས་མ་ཟད་གོང་།།
ལོ་རྒས་པས་ན་ཚོད་འཇོམས་བཞིན་འོང་།།
སྲོག་རྨུ་ཐག་འདྲ་བོ་ཆད་རག་བར།།
བློ་ཆོས་སུ་འགྲོ་བའི་དོན་ལ་རེམ།།

མི་ཕལ་ཆེའི་ཡིད་ལ་འདི་འདྲ་འཆར།།
ཚེ་གནམ་སྟོད་འཇིག་རྟེན་ཅི་ནུས་བསྒྲུབས།།
ཚེ་གནམ་སྨད་ཆོས་ཤིག་བསྒྲུབ་སྙམ་ཡང་།།
ཆོས་སྒྲུབ་ལོང་མ་བྱུང་འཆི་བ་མང་།།

སྤྱིར་མི་ཡི་ཚེ་ཚད་ངེས་པ་མེད།།
སྒོས་འཆི་རྐྱེན་མང་བའི་ཚུལ་གླེང་ན།།
ཕྱི་དགྲ་དང་འཐབ་ནས་འཆི་བ་དང་།།
ནང་གཉེན་གྱིས་བསླུས་ཏེ་འཆི་བ་མང་།།

ཁ་ཟ་མ་མ་འཕྲོད་འཆི་བ་དང་།།
སྨན་སྨན་ལོག་སོང་སྟེ་སྲོག་ཆད་པ།།
ཕྱི་འབྱུང་བཞི་འཁྲུགས་པས་འཆི་བ་སོགས།།
གྲངས་མི་ལོངས་འཆི་བའི་རྐྱེན་ལ་སོམས།།

རེ་འཆའ་བའི་གསོན་རྐྱེན་མང་པོ་ཞིག།
སྲོག་འགུམ་པའི་རྐྱེན་དུ་འགྱུར་ཚུལ་འདིས།།
སང་ཉིན་མོའི་དུས་དང་ཚེ་ཕྱི་མ།།
གང་སྔོན་ལ་བསླེབས་མིན་སུ་ཡིས་ཤེས།།

རྒྱུ་ཟང་ཟིང་མཐུན་རྐྱེན་ཟེར་བ་དེ།།
འཛོམས་ཆེ་ན་ཆོས་ཀྱི་གེགས་སུ་འགྱུར།།
རྒྱས་མི་དྲག་འཚོ་ཆས་རན་པོ་ཡིས།།
རང་མི་ཚེ་ཆོས་བཞིན་འདའ་ན་ལེགས།།

གྲོགས་འགྲོགས་ས་མང་བ་གཡེངས་པའི་རྒྱུ།།
ངག་འཆལ་གཏམ་མང་བ་ཕུང་དཀྲུག་གཞི།།
ཟས་བཟའ་བཏུང་མང་བ་ནད་ཀྱི་རྐྱེན།།
རང་ཁེར་ཚུགས་ཐུབ་པའི་སློབ་ལ་རེམ།།

ཕྱིའི་རྒྱན་གོས་མིག་ལ་མཛེས་པ་ཙམ།།
ནང་ཤེས་ཡོན་འཛོམས་ན་རྒྱན་གྱི་ཕུལ།།
དོན་དེའི་ཕྱིར་ཕྱི་ཡི་རྒྱན་ཆ་ལས།།
ནང་ཡོན་ཏན་གཉེར་ན་དགེ་མཚན་ཆེ།།

ཕོ་བློ་མང་མཁན་གྱིས་དོན་མི་འགྲུབ།།
མོ་བློ་མང་དག་གིས་གནས་མི་ཟིན།།
བློ་དྲན་ཤེས་གཅིག་ཏུ་འདྲིལ་བྱས་ཏེ།།
ལས་འཕྲོ་སྐྱོང་ཐུབ་ན་དོན་ཆེན་འགྲུབ།།

ཁ་མཁས་པའི་གཏམ་གླེང་སྙན་པ་ཙམ།།
ཁོག་མཁས་པའི་བློ་མིག་མཁའ་བཞིན་ཡངས།།
ཆོས་ཐོས་པ་ལམ་འགྲོ་དགོས་གལ་ཆེ།།
བློ་ལོག་ལམ་ཕྱིན་ན་རང་གཞན་ཕུང་།།

ཆོས་སློབ་གཉེར་གཅིག་ཤེས་གཉིས་ཤེས་ཀུན།།
སེམས་གྱོང་པོ་འདུལ་ཐབས་མི་བྱེད་པར།།
གཞན་ཕམ་པར་རྒྱག་པའི་ཧམ་སེམས་ངང་།།
ཚེ་སྐྱེལ་དགོས་བྱུང་ན་མི་འགྱོད་དམ།།

རང་ཅི་བྱས་བྱ་བཞག་གང་གཉེར་དག།
ལམ་ལུགས་སྲོལ་ཙམ་དུ་མ་སོང་བར།།
བློ་ཡིད་ཆེས་གདེང་ཚོད་འཕེལ་བའི་སྟེང་།།
རིག་བློ་སྟོབས་བསྒྲིམས་ན་གྲུབ་འབྲས་མངོན།།

དུས་དེང་སང་སྔོན་དང་མི་འདྲ་བར།།
ལུས་སེམས་གཡེངས་ཆ་རྐྱེན་ཆེར་འཛོམས་པས།།
རང་ལུས་སེམས་ཚོད་འཛིན་མ་ཐུབ་ཚེ།།
སྡུག་གཡང་སར་ནམ་ལྷུང་ཆ་མ་འཚལ།།

མིག་ཕྲ་ཆུང་ཞལ་པར་ལྟ་བ་ལས།།
དཔེ་བཀའ་བསྟན་གཟིགས་ན་བློ་སྐྱེད་རེག།
ལྕེ་དམར་པོ་གཏམ་གྱིས་མ་ཟད་པར།།
གཞུང་བགྲོ་གླེང་བྱེད་ཀྱིན་ཟད་ན་དགའ།།

ཐོས་བསམ་སྒོམ་འཛོམས་པའི་ཆོས་རྭའི་ནང་།།
དུས་ལེ་ལོ་གཏམ་ལ་མི་གཡེངས་བར།།
དོན་དཀའ་གནས་མདུད་པ་ལུང་རིགས་ཀྱིས།།
ཚིག་དོན་གྱི་བརྡར་ཤ་གཅོད་ལ་བརྩོན།།

སྒོམ་ཉམས་ལེན་བྱེད་ལ་བྲག་ཕུག་ཏུ།།
འགྲོ་མི་དགོས་ཆོས་རྭའི་ནང་དུ་ཡང་།།
བསམ་ཤེས་ན་ཕྱིན་དྲུག་ཉམས་ལེན་ཀུན།།
ཚང་ངེས་པ་དགེ་ལྡན་ཁྱད་ཆོས་ལགས།།

ཆོས་མ་བསླབ་ཤེས་པ་མི་སྲིད་ཅིང་།།
ཆོས་མི་ཤེས་ཉམས་ལེན་མི་འབྱུང་བ།།
ཆོས་མདོ་རྒྱུད་ཀུན་གྱི་དགོངས་གཅིག་ཕྱིར།།
ཆོས་ཤེས་མིན་ཀུན་གྱིས་ཉམས་འཇོག་འཚལ།།

རྗེ་བླ་མའི་སློབ་མར་ཁས་འཆེས་ཙམ།།
རྗེའི་བསྟན་པ་ཟིན་པའི་ངེས་པ་མེད།།
རྗེའི་བསྟན་པ་ཁོང་གི་བཀའ་འབུམ་དག།
ཀློག་ཐོས་པས་འཇུག་ལས་དེའི་ལྷག་ཅི།།

ཕྱི་དགྲ་བོས་གཙེས་ན་ཚེ་འདི་ཙམ།།
ནང་སེམས་དགྲས་གནོད་ན་ཚེ་རབས་ཕྲེང་།།
དོན་དེའི་ཕྱིར་གོ་ལོ་ཐོས་ལོ་ཀུན།།
ནང་ཉོན་མོངས་འདུལ་བའི་དོན་དུ་འཁྱེར།།

ལག་དྲ་རྒྱ་སྔོག་བཞིན་མི་འདའ་བར།།
བྲིས་ཡིག་གཟུགས་སྦྱོང་ན་གཞན་ལ་ཕན།།
བརྒྱ་བཤད་ན་མདོ་དོན་སྙིང་པོ་ནི།།
མིར་སྐྱེས་པའི་དོན་སྒོ་ཨེ་ཚོགས་ལྟོས།།

མ་སེམས་ཅན་ཟེར་བའི་ཚོགས་སྤྱི་དེའི།།
དོན་ཟུར་ནས་སྒྲུབ་པའི་གོ་སྐབས་དཀོན།།
གྲོགས་རྐང་གཤིབ་ལག་མཉམ་དེ་དག་ལ།།
རོགས་མཐུན་འགྱུར་ཐུབ་ན་དེ་གས་འགྲིག།

ཆོས་དགེ་བ་སྒྲུབ་དབང་ཡོད་དུས་རེམ།།
ཤི་ཉིན་མོ་སྨྲེ་ངག་འདོན་ས་མེད།།
ལས་དཀར་ནག་རྒྱ་མིག་སྲང་ཁ་ནས།།
ལས་དགེ་བ་མ་གཏོགས་ངོ་སོ་མེད།།

དགོས་ཟིན་མེད་འཇིག་རྟེན་ལས་ལ་གཡེངས།།
དགོས་དོན་མེད་དོན་དུ་འཁྲུལ་བཞིན་འདས།།
ད་འཆི་དུས་ཕན་པའི་ཆོས་རྣལ་མར།།
སྟོབས་ཡོད་དགུ་བསྒྲིམས་ཏེ་སྒྲུབས་ཤིག་བུ།།

གཏམ་འདི་སྐད་སྨྲས་པའི་དགེ་བ་ཡིས།།
སྤྱིར་རྒྱལ་བསྟན་གོང་དུ་འཕེལ་བ་དང་།།
སྒོས་བླ་མའི་ཞབས་པད་ཡུན་རིང་བརྟན།།
ཆོས་གང་བྱེད་ལམ་དུ་འགྲོ་བར་ཤོག།
     ཅེས་པ་འདི་ཡང་ཁམས་མི་ཉག་མགར་ཐར་དགོན་པའི་དགེ་མིང་བ་ཐེ་བོ་དཀོན་སེང་དུ་འབོད་པས་གསར་སློབ་མང་པོ་ཞིག་གིས་འདི་འདྲའི་བསླབ་བྱ་ཞིག་དགོས་ཞེས་ནན་སྐུལ་ཞུས་པ་མ་བཟློག་ཙམ་དུ་ཤར་མར་སྦྱར་བ་དགེ་གྱུར་ཅིག།   

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30s6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41160191
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1