ཀུན་མཁྱེན་མི་ཕམ་ལུགས་ཀྱི་སེལ་བ་གསུམ་གྱི་བཞེད་ཚུལ་ལ་དཔྱད་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 25 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཀུན་མཁྱེན་མི་ཕམ་ལུགས་ཀྱི་སེལ་བ་གསུམ་གྱི་བཞེད་ཚུལ་ལ་དཔྱད་པ།
ཀུན་མཁྱེན་མི་ཕམ་ལུགས་ཀྱི་སེལ་བ་གསུམ་གྱི་བཞེད་ཚུལ་ལ་དཔྱད་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/9/29ལྟ་ཀློག (1095)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཀུན་མཁྱེན་མི་ཕམ་ལུགས་ཀྱི་སེལ་བ་གསུམ་གྱི་བཞེད་ཚུལ་ལ་དཔྱད་པ།

རིན་ཆེན་མཚུངས་མེད

ཕས་རྒོལ་ངན་པའི་ལྟ་བའི་སྲོག་འཕྲོག་ཅིང་། །

མི་འཇིགས་རྒྱལ་རྔ་ཨི་ཤའི་གླིང་ན་བརྡུང་། །

ཚད་མར་གྱུར་པའི་ལམ་བཟང་གསལ་མཛད་པ། །

བདག་ཡིད་དང་བས་དྷརྨ་ཀིརྟིར་འདུད།  །


སྟོན་པའི་ཞལ་གྱིས་དྲོད་ཆབ་མ་ཡལ་བའི། ། 

མདོ་སྔགས་ལྟ་བའི་ལམ་གནད་མ་འཆུག་པ། ། 

སྐལ་ལྡན་བུ་ཡི་གདོང་ལ་འདེབས་མཛད་པ། ། 

བཞི་ལྡན་མཚན་གྱིས་མཛེས་པ་ཁྱེད་ལ་གུས། །

      ཞེས་སྔོན་གྱི་དམ་པ་དག་གི་རྗེས་སུ་འབྲང་སྟེ་མཆོད་པར་བརྗོད་པས་ངག་གི་འཇུག་སྒོ་ཡངས་པོར་ཕྱེས་ཏེ། གང་གླེང་བར་བྱ་བ་ནི། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ལུགས་ཀྱི་སེལ་བའི་སྐོར་ལ་རང་བློས་གང་དཔོག་ཅིག་འབྲི་འདོད་པ་ཡིན།  འདི་ལ་མཚན་ཉིད་དང་དབྱེ་བ། སྐབས་དོན་ལ་དཔྱད་པ་སྟེ་དོན་ཚན་གསུམ་ལས་དང་པོ་གཞན་སེལ་ལམ་སེལ་བའི་མཚན་ཉིད་ནི། ༼རང་གི་དངོས་འགལ་བཅད་པའི་ཆ་ནས་བཞག་པའི་ཡུལ་དེར་སྣང་བའི་སྒྲོ་བཏགས་༽སོ་དེ་ཡིན་ཏེ་རྒྱས་པ་ལས།༼ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མིན། །སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །༽ཞེས་དང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རྒྱན་འགྲེལ་ལས་༼དེ་ལ་རྣམ་བཅད་དང་ཡོངས་གཅོད་ཀྱི་ཚུལ་མདོར་བསྡུས་སུ་བརྗོད་ན། དེ་མིན་བསལ་བའམ་གཞན་སེལ་བའི་ཚུལ་གྱིས་འདི་དག་གི་ཐ་སྙད་བྱེད་པ་སྟེ། ༽   

ཞེས་དང་མཁས་འཇུག་ལས།༼རྟོག་བཅས་ཀྱིས་དེ་མིན་གཞན་བསལ་བས། གཞན་སེལ་ལམ། རྣམ་བཅད་དམ། གཞན་ལས་ལྡོག་པའི་སྒོ་ནས་བཏགས་པ་རྣམས་ལ་སེལ་བས་འཇུག་པ་ཡིན་ཞིང་།དེ་འདྲའི་བཏགས་པ་དེ་ལ་ལྡོག་པ་ཞེས་བྱའོ། །གཞན་སེལ་དེ་ལ།༽ཞེས་དང་ལེགས་བཤད་སྣང་བའི་གཏེར་ལས།༼དེས་ན་ལྡོག་པ་འདི་ལ་རང་གི་ངོ་བོའམ་དངོས་པོ་ཅུང་ཟད་ཀྱང་མེད་དེ། གཞན་ཡིན་པ་རྣམ་པར་བསལ་བ་ཙམ་གྱི་དགག་པའི་ཆའོ། །༽ཞེས་དང་༼སྒྲ་སྦྱོར་བ་ན་སེལ་བའི་སྟོབས་ཀྱིས་སྤྱི་བློ་སྒྲུབ་པ་ལྟར་སྣང་བ་བྱེད་ཀྱི་སྣང་བ་ཉིད་སྒྲུབ་པའི་སྒོ་ནས་སེལ་བ་འཕེན་པ་མིན་ཏེ།༽ཞེས་སོགས་གསུངས་པའི་ཕྱིར་རོ། །ཅི་སྟེ་དེ་དག་གིས་ནི་ལྡོག་པ་བསྟན་གྱི་གཞན་སེལ་ལ་མ་ཁྱབ་སྟེ་དོན་རང་མཚན་ཡིན་པའི་གཞན་སེལ་ཡོད་པའི་ཕྱིར་ཏེ་མ་ཡིན་དགག་ཡིན་པའི་དོན་རང་མཚན་ཡོད་པའི་ཕྱིར་སྙམ་ན། མ་གྲུབ་སྟེ། འདིའི་དོན་འོག་ཏུ་བཤད་པར་འདོད་ལ། གཞན་སེལ་དང་ལྡོག་པ་གཉིས་དོན་གཅིག་ཡིན་ཏེ་གཉིས་ཀ་ཡང་རང་གི་དངོས་འགལ་བཅད་ཙམ་གྱི་ཆ་ནས་བཞག་པ་ཡིན་པས་སོ། །དེར་ཐལ་ལེགས་བཤད་སྣང་གཏེར་ལས།༼སེལ་བ་ཉིད་ལ་བརྡ་སྦྱོར་བ་ཞིག་ན། སེལ་མིན་གཅོད་པའི་བརྡ། སེལ་བ་དང་། ལྡོག་པ་དང་། རྣམ་གཅོད་ལྟ་བུ་འགོད་རིགས་སོ། །དེས་ན་བརྗོད་འདོད་ཀྱིས་གང་དང་གང་གོ་ནུས་པ་དེ་དག་དེ་མིན་བཅད་པའི་ཞན་སེལ་ལས་རྡ་དོན་འགྲུབ་པའི་རྩ་བ་ཅན་ཁོ་ན་ཡིན་ནོ། །༽ཞེས་དང་གོང་གི་མཁས་འཇུག་གི་ལུང་དོན་གྱིས་ཀྱས་ངེས་སོ། །

གཉིས་པ་དབྱེ་ན་གཉིས་ཡོད་དེ།

    དགག་པ་དང་གཞན་སེལ་གཉིས་པོ་དོན་གཅིག་ཡིན་པ་གཞིར་བཞག་སྟེ་མཁན་ཆེན་ཞི་མཚོས་ཚད་མ་དེ་ཁོ་ན་ཉིད་བསྡུས་པ་ལས།༼འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་དགག་དང་མེད་པའོ། །༽ཞེས་དང་ལེགས་བཤད་སྣང་གཏེར་ལས་༼སྤྱིར་སེལ་བ་ལ་གཉིས་ཏེ་མེད་དགག་དང་མ་ཡིན་པར་དགག་པའོ། །༽ཞེས་དང་དེ་བཞིན་མི་ཕམ་པའི་རྒྱན་འགྲེལ་གོང་གི་ལུང་དེའི་འཕྲོས་ལས་༼སེལ་ཚུལ་ལ་བུམ་མེད་ལྟ་བུ་མེད་དགག་གི་གཞན་སེལ་དང་། བུམ་མིན་ལྟ་བུ་མ་ཡིན་དགག་གི་གཞན་སེལ་གཉིས་ཡོད་ལ།༽ཞེས་གསུངས་པའི་ཕྱིར་རོ། །དང་པོའི་མཚན་ཉིད་ནི།༼དགག་པ་གང་ཞིག་རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པའོ། །༽དེ་ཡིན་ཏེ་ལེགས་བཤད་སྣང་གཏེར་ལས་༼དང་པོ་ནི་དགག་བྱ་གང་ཡིན་བཅད་ནས་གཞན་མི་འཕེན་པ་སྟེ་བདག་མེད་ཅེས་པ་ལྟ་བུའོ། །༽ཞེས་གསུངས་པའི་ཕྱིར། གཉིས་པའི་མཚན་ཉིད་ནི།༼དགག་པ་གང་ཞིག རང་བརྗོད་པའི་སྒྲས་རངགི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པའོ། །༽དེ་ཡིན་ཏེ་སྔ་མ་ལས།༼གཉིས་པ་ནི་དགག་བྱ་དེ་མེད་པའི་དགག་གཞི་འཕེན་པ་སྟེ་བུམ་པ་བདག་མ་ཡིན་ཞེས་པ་ལྟ་བུའོ། །༽ཞེས་གསུངས་པ་དེས་ན་འདི་གཉིས་ལ་དགག་པ་ཡིན་མིན་གྱིས་ཁྱད་པར་མེད་དེ་གཉིས་ཀ་དགག་བྱ་གང་ཡིན་བཀག་པ་ཙམ་ལ་ཁྱད་མེད་པས་སོ། །

      འོ་ན་གང་གིས་ཁྱད་འབྱེད་སྙམ་ན་མཚན་ཉིད་ཀྱི་ཟུར་ལ་གསལ་བ་ལྟར་ཆོས་གཞན་འཕེན་མི་འཕེན་གྱིས་ཕྱེ་དགོས་ཏེ། སྔ་མ་ལས་༼“དེ་གཉིས་ཀྱང་དགག་བྱ་མེད་པར་བཀག་པ་ལ་ཁྱད་མེད་ཀྱང་དགག་གཞི་བཟུང་མ་བཟུང་གི་ཁྱད་པར་ཙམ་མོ། །”༽ཞེས་གསུངས་པའི་ཕྱིར་རོ། །

ཞར་ལ་དགག་སྒྲུབ་གཉིས་དང་དེ་འཛིན་གྱི་རྟོག་པ་གཉིས་བཤད་པར་འདོད་དེ། དང་པོ་དགག་པ་ནི་གོང་གི་གཞན་སེལ་དང་དོན་གཅིག་ཀྱང་འཇོག་ཚུལ་མི་འདྲ་བས་འདིའི་མཚན་ཉིད་ནི།༼རང་འཛིན་རྟོག་པར་རང་མིན་བསལ་བའི་རྣམ་པ་དངོས་སུ་ཤར་སྟོབས་ཀྱིས་རྟོགས་པར་བྱ་བའོ། །༽དེའི་དོན་ནི་དཔེར་ན་བུམ་པ་བདག་མ་ཡིན་ཞེས་པར་མཚོན་ན་དེ་འཛིན་པའི་རྟོག་པས་དགག་བྱ་བུམ་པ་བདག་ཡིན་པ་དེ་རྣམ་པར་བསལ་ནས་དགག་བྱ་དེ་མ་ཡིན་པའི་ཁྱད་པར་དུ་བྱེད་ནས་བུམ་པ་དེ་འཛིན་དགོས་པའི་དོན་ཏེ་དེའི་གནད་ནི་ཡུལ་ཁོ་རང་དགག་བྱ་བཀག་པ་ལ་ལྟོས་ཏེ་བཞག་པས་སོ། །

     དགག་རྟོགས་ཞེས་པ་༼དེ་མིན་བསལ་བའི་རྣམ་པ་ཅན་ནམ་དགག་པའི་རྣམ་པར་ཤར་བའི་རྟོག་པའོ། །༽

ཁ་ཅིག་གིས་རང་ལུགས་དགག་པའི་མཚན་ཉིད་ལ་༼རང་འཛིན་རྟོག་པས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བའོ། །༽ཞེས་ཟེར་ཡང་ལེགས་པར་མ་མཐོང་སྟེ་དེ་ལྟ་ན་རྟོག་པས་གང་གཟུང་ཐམས་ཅད་དགག་པ་ཡིན་པར་འགྱུར་བའི་ཕྱིར་དེར་ཐལ། རྟོག་པས་ཡུལ་རྟོགས་ཚུལ་དེ་རང་མིན་ནམ་དགག་བྱ་དངོས་སུ་སེལ་བའི་སྒོ་ནས་རྟོགས་དགོས་པའི་ཕྱིར། དེར་ཐལ་ལེགས་བཤད་སྣང་གཏེར་ལས།༼“སྣང་ཡུལ་སྒྲུབ་པ་གཙོ་ཆེ་བས་རྣམ་བཅད་ཤུགས་ལ་གྲུབ་པ་དང༌། གཞན་སེལ་དགག་པ་གཙོ་ཆེ་བས་ཡོངས་གཅོད་ཤུགས་ལ་གྲུབ་པ་ལྟར་གོ་ཞིང་།༽ཞེས་གསུངས་པས་ལུང་དེའི་དོན་གཞན་སེལ་གྱི་ཡུལ་ཅན་རྣམས་དགག་པ་གཙོ་ཆེ་སྟེ་དཔེར་ན་སྔོ་འཛིན་རྟོག་པས་སྔོན་པོ་འཛིན་ཚེ་སྔོ་མིན་དངོས་སུ་བསལ་བའི་སྟོབས་ཀྱིས་སྔོན་པོ་ཤུགས་ལ་གྲུབ་པའི་ཕྱིར་ཞེས་པའི་དོན་དང་། སྣང་ཡུལ་ལ་སྒྲུབ་པ་གཙོ་ཆེ་ཞེས་པའི་དོན་ནི་དངོས་པོ་སྣང་ཡུལ་དུ་བྱེད་པའི་སྒྲུབ་འཇུག་གི་ཡུལ་ཅན་དཔེར་ན་སྔོ་འཛིན་མངོན་སུམ་ལྟ་བུས་སྔོན་པོ་འཛིན་ཚེ་སྔོན་པོ་ཉིད་དངོས་སུ་སྣང་བས་སྔོ་མིན་ཤུགས་ལ་བསལ་ཞེས་པའི་དོན་ཡིན་པའི་ཕྱིར། གཞན་དུ་གཞན་སེལ་ལ་དགག་པ་གཙོ་ཆེ་ལུགས་དང་སྣང་ཡུལ་ལ་སྒྲུབ་པ་གཙོ་ཆེ་བའི་དོན་མི་རྙེད་པའི་ཕྱིར། ཚུལ་འདིས་སྒྲུབ་པའི་མཚན་ཉིད་ལ་༼རང་འཛིན་རྟོག་པས་རང་གི་དགག་བྱ་བཅད་པ་ལ་མི་ལྟོས་པར་རྟོགས་སུ་རུང་བ་༽ཞེས་པ་ཡང་མ་ངེས་པར་བསྟན་པ་ཟུར་ལས་རྟོགས་པར་བྱ་ཞེས་བརྗོད་པར་འདོད་དོ། །

     འོ་ན་རྟོག་པས་དགག་བྱ་ཤུགས་ལ་སེལ་བ་མེད་དམ་ཞེ་ན་ཡོད་དེ། སྔོ་འཛིན་རྟོག་པས་དགག་བྱ་ཤུགས་ལ་སེལ་བའི་ཕྱིར། དེ་ན་གོང་གི་རྟོག་པ་དེས་དགག་བྱ་དངོས་སུ་སེལ་ཞེས་པ་དང་མི་འགལ་ལམ་ཞེ་ན་མི་འགལ་སྟེ། ཤུགས་ལ་སེལ་ཞེས་པ་ནི་རང་ཉིད་རང་འཛིན་རྟོགས་པར་སྣང་ཚེ་དགག་པའམ་དེ་མིན་བསལ་བའི་རྣམ་ཅན་དུ་མ་སྣང་བའི་ཕྱིར་ན་ཤུགས་ལ་སེལ་ཟེར་བ་ལས་རང་མིན་དངོས་སུ་མ་བསལ་བའི་དོན་མིན་ནོ། །

     དེས་ན་རང་འཛིན་རྟོག་པས་རང་ཉིད་རང་མིན་དངོས་སུ་བསལ་བའི་ཚུལ་ཅན་གྱིས་རྟོགས་ན་རང་ཉིད་དགག་པ་ཡིན་མི་དགོས་ལ་རང་འཛིན་རྟོག་པ་ཡང་དགག་རྟོག་ཡིན་མི་དགོས་སོ།།

     སྒྲུབ་པའི་མཚན་ཉིད་ནི་༼རང་འཛིན་རྟོག་པར་རང་མིན་བསལ་བའི་རྣམ་པ་དངོས་སུ་ཤར་སྟོབས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པའི་ཆོས་སོ། །༽དཔེར་ན་བུམ་པ་ལྟ་བུ། དེ་ཡིན་ཏེ་དེ་འཛིན་རྟོག་པ་དེས་བུམ་པའོ་བསམ་པ་ཙམ་ལས་དགག་བྱ་གང་ཡང་རུང་བ་བཀག་པའི་ཁྱད་པར་དུ་བྱེད་ནས་འཛིན་དགོས་པ་མ་ཡིན་པའི་ཕྱིར། །དེའི་གནད་ནི་ཡུལ་བུམ་པ་ཁོ་རང་དགག་བྱ་བཅད་ལྡོག་གི་ཆ་ནས་འཇོག་མི་དགོས་པར་རང་ངོས་ནས་གྲུབ་པས་སོ། །

      དེས་ན་དེ་འཛིན་རྟོག་པ་དེ་ལ་སྒྲུབ་རྟོག་ཞེས་བྱ་སྟེ། ༼སྒྲུབ་པའི་རྣམ་པར་ཤར་བའི་རྟོག་པ།༽ཡིན་པའི་ཕྱིར་རོ། །

      མ་ཡིན་དགག་གི་གཞན་སེལ་ལ་སྒྲས་བརྗོད་རིགས་ཀྱིས་སམ། དངོས་བཏགས་མ་ཕྱེ་བར་དབྱེ་ན་གཉིས་ཡོད་དེ། ཚད་མ་དེ་ཁོ་ན་ཉིད་བསྡུས་པའི་སྔ་མའི་ལུང་འཕྲོས་ལས། ༼མ་ཡིན་དགག་པའང་རྣམ་གཉིས་ཏེ། །བློ་དང་དོན་གྱི་དབྱེ་བས་སོ། །༽གསུངས་པ་ལྟར་བློའི་གཞན་སེལ་དང་དོན་རང་མཚན་གྱི་གཞན་སེལ་གཉིས་ཡོད་པའི་ཕྱིར། དེ་ལ་བློའི་གཞན་སེལ་ནི་དགག་པའམ་གཞན་སེལ་གང་ཞིག རྟོག་ངོར་དེ་མིན་གསལ་བའི་ཚུལ་ཅན་དུ་སྣང་བའི་སྒྲོ་བཏགས་སོ། །

      དཔེར་ན་བུམ་པ་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱ་དང་དེ་འཛིན་རྟོག་ངོར་སྣང་བའི་དོན་སྤྱི་ལྟ་བུ་ལ་ངོས་འཛིན་དགོས་ཏེ་ལེགས་བཤད་སྣང་གཏེར་ལས།༼“བློའི་གཞན་སེལ་ནི་འདིས་གཞན་སེལ་བར་བྱེད་པ་སྟེ་ཤིང་ལ་སོགས་པར་རྣམ་པར་རྟོག་པའི་བློ་ལ་སྣང་བའི་ཡུལ་དེ། སྣང་ཡུལ་དེ་ནི་དེ་མིན་བསལ་བའི་ཚུལ་ཅན་དུ་སྣང་བས་ན་དེར་སྣང་བ་ཙམ་གྱིས་གཞན་སེལ་བར་བྱེད་པ་སྟེ་དེ་ནི་བསྟན་བཅོས་མཛད་པས་སྒྲའི་དངོས་ཀྱི་བརྗོད་བྱར་བཞེད་པ་ནི། ཤེས་ལ་ཡོད་པའི་དོན་དེ་རྣམས། །ཞེས་སོགས་ཀྱིས་གསལ་བར་བསྟན་ཏོ།”༽ཞེས་དང་(ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། །༽སོགས་ཀྱི་ཐད་འགྲེལ་པ་རང་ལས།༼“དེས་ན་སྤྱི་འཛིན་གྱི་ཤེས་ངོ་ལ་ཡོད་པའི་སྣང་ཡུལ་གྱི་དོན་དེ་རྣམས། འདི་ལྟར་ཤིང་མིན་སོགས་ལས་ལྡོག་པའི་ངོ་བོ་ཅན་དུ་སྣང་བ་དེས་ན་ཐ་དད་མིན་པ་གཅིག་ལྟ་བུར་ཡང་སྣང་ལ། སྣང་ཡུལ་གསེར་བུམ་ལྟ་བུ་དེ་ཉིད་གཞན་རིགས་མཐུན་པ་ལས་ཀྱང་ལོག་པར་གྱུར་པ་རང་མཚན་ཡིན་པར་ཡང་སྣང་སྟེ། དེས་ན་སེལ་ངོའི་སྣང་བ་དེ་ལ་གཅིག་ཏུ་སྣང་བའི་ཆ་ནས་སྤྱི་ཞེས་སུ་འཇོག་པ་དང་ནི།”༽ཞེས་གསུངས་པའི་ཕྱིར་དང་མ་ཟད་ཀ་ཤཱིའི་ཚད་ཆེན་དཀའ་འགྲེལ་ལས་ཀྱང་འདི་ཁོ་ན་ལྟར་གསུངས་སོ། །

     དེས་ན་གཞན་སེལ་མཚན་ཉིད་པ་ཡིན་ན་བློའི་གཞན་སེལ་ཁོ་ན་ཡིན་པས་ཁྱབ་ལ། དེ་དང་མེད་དགག་གི་གཞན་སེལ་ཞེས་པ་གཉིས་རྟོག་ངོར་སྣང་བའི་དོན་སྤྱི་གཅིག་ལ་སྣང་ཚུལ་གཉིས་ཀྱིས་ཕྱེ་བར་བྱེད་དེ། དོན་སྤྱི་དེ་རྟོག་པར་སྣང་ཚེ་རིགས་མི་མཐུན་བཅད་ཙམ་ལ་མེད་དགག་གི་གཞན་སེལ་དང་དེ་ཉིད་ཕྱི་རོལ་ལྟ་བུར་སྣང་བའི་ཆ་ནས་བློའི་གཞན་སེལ་ཟེར་བས་ན་དོན་གྱི་གནད་རྩ་གཅིག་ལ་ཐུག་པ་འདི་གོ་ན་འདིའི་ཐད་གོ་བ་གཏིང་ལོངས་པ་སྐྱེའོ་ཞེས་པའི་ཁ་ཕོ་ཞིག་ཀྱང་ཞོར་དུ་ཐལ་ལོ། །

      ད་ནི་གསུམ་པ་སྐབས་དོན་དོན་རང་མཚན་གྱི་གཞན་སེལ་ལ་དཔྱད་པ་ཐོག་ཏུ་བབ་པ་ཡིན་པས། དོན་མཚན་གྱི་གཞན་སེལ་ནི་གང་ལ་ངོས་གཟུང་དགོས་དེ་ཉིད་གཞན་སེལ་མཚན་ཉིད་པ་ཡིན་ནམ་ཞེས་དྲི་བ་གཉིས་ཀྱི་འཚམས་སྦྱར་ཏེ་ཞུ་བ་ལས་དང་པོ་དེ་གང་ལ་ངོས་གཟུང་བའི་གཞི་ནི་ཀ་བ་དང་བུམ་པ་སོགས་དོན་རང་མཚན་དུ་གྲགས་པའི་དངོས་པོ་འདི་ག་རང་ལ་ངོས་འཛིན་དགོས་ཏེ་རྒྱས་པ་ལས། ༼གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །༽ཞེས་གསུང་པ་ལྟར་དོན་རང་མཚན་གསེར་བུམ་ལྟ་བུ་རང་ཉིད་གྲུབ་ཙམ་ནས་རང་མ་ཡིན་པ་རིགས་མཐུན་པའི་དངོས་པོ་རྫ་བུམ་སོགས་དང་རིགས་མི་མཐུན་པ་བུམ་པ་མིན་པའི་དངོས་པོ་མཐའ་དག་ལས་ལྡོག་ནས་རང་ཉིད་ཐུན་མོང་མིན་པར་གནས་པའི་ཕྱིར་ན་གསེར་བུམ་ལ་གཞན་སེལ་ཞེས་པའི་བརྡ་བཏགས་པ་ཡིན་ལ། དེ་ལྟ་བུའི་རང་མཚན་གྱི་གནས་ཚུལ་ཡང་དག་པར་ངོ་འཕྲོད་ན་འདི་ཙམ་མ་ཟད་སྤྱི་ཞེས་པའང་སྒྲོ་བཏགས་པ་ཙམ་ལས་དོན་རང་མཚན་ལ་མ་གྲུབ་པར་ཤེས་པར་འགྱུར་བའི་དགོས་པ་ཆེན་པོ་ཡོད་དེ་སྤྱི་ཞེས་པ་ནི་རྣམ་འགྲེལ་ལས།༼དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང་། །དེ་ལ་བསམ་པའི་དབང་གིས་ན། །སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །༽ཞེས་གསུངས་པ་ལྟར་གསལ་བ་རྣམས་ལ་རྗེས་སུ་འགྲོ་བ་ལྟར་སྣང་བའི་ཆ་ནས་འཇོག་དགོས་པས་དོན་རང་མཚན་གསེར་བུམ་ལྟ་བུའི་སྟེང་ན་ཡོད་པའི་ཆོས་ཡིན་ན་ཐུན་མོང་མིན་པར་གནས་པ་ལས་གཞན་གྱི་རྗེས་སུ་འགྲོ་མཁན་གྱི་དངོས་པོ་རྡུལ་ཙམ་ཞིག་མི་དམིགས་པའི་ཕྱིར་རོ། །ཅི་སྟེ་ཡོད་ན་དེ་རང་མཚན་མ་ཡིན་པར་འགྱུར་ཏེ་རྒྱས་པ་ལས། ༼ཁྱད་པར་ཆ་ཤས་རྣམས་སྤངས་པ། །༽ཞེས་དང་༼དམ་པའི་དོན་གྱི་དོན་རྣམས་ནི། །རང་གི་འདྲེ་དང་ཐ་དད་མེད། །དེ་ལ་ངོ་བོ་གཅིག་པ་དང༌། །དུ་མ་བློ་ཡིས་བསླད་པ་ཡིན།།”༽ཞེས་སོགས་ལེའུ་དང་པོར་རང་མཚན་ངོས་འཛིན་གྱི་གཞུང་ཚིག་འབུར་དོད་ཀྱིས་ཚུལ་དུ་བཀོད་ཡོད་པ་དེ་དག་ལ་འཛེམ་མེད་བྱེད་མི་རིགས་པའི་ཕྱིར་རོ། །

དེ་ལྟ་བུའི་དོན་རང་མཚན་གྱི་གཞན་སེལ་གཞན་སེལ་མཚན་ཉིད་པ་ཡིན་ནམ་ཞེ་ན་དེ་ལ་གོང་བཤད་ལྟར་དོན་རང་མཚན་ཉིད་ལ་དེ་མ་ཡིན་པ་མེད་པའི་ཕྱིར་ན་གཞན་སེལ་ཞེས་པའི་བརྡ་གདགས་པ་ཙམ་ལས་གཞན་སེལ་དངོས་ནི་མ་ཡིན་ཏེ་དེ་སྒྲོ་བཏགས་མ་ཡིན་པའི་ཕྱིར་རོ།།

    འོ་ན་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་འགྲེལ་ཆེན་དང་འགལ་ཏེ་དེ་ཉིད་ལས་༼མདུན་དུ་བཞག་པ་ཨུཏྤ་ལའི་དངོས་པོ་ལྟ་བུ་དེ་རིགས་མཐུན་པ་ཨུཏྤལ་གཞན་དང༌། རིགས་མི་མཐུན་པ་ཨུཏྤལ་མིན་པའི་དངོས་པོ་མེ་ལ་སོགས་པ་གཞན་ཇི་སྙེད་པ་ལས་ལོག་པའི་རང་མཚན་ཐུན་མོང་མིན་པར་གནས་སོ་ཞེས་དོན་རང་མཚན་གྱི་ངོས་ནས་གཞན་སེལ་ཚུལ་བསྟན་པ་ཡིན་ནོ།།༽ཞེས་དང༼དེ་འདྲའི་སེལ་བ་དོན་གྱི་སྟེང་ན་ཡོད་ཚུལ་ནི།༽ཞེས་སོགས་གསུངས་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ་ལུང་གི་དོན་ནི་སྔ་མ་ལྟར་དང་ཅི་སྟེ་དེ་གཞན་སེལ་མཚན་ཉིད་པ་ཡིན་པར་བཞེད་པའི་དོན་ཡིན་ན་དེ་སྒྲས་དངོས་ཀྱི་བརྗོད་བྱ་ཡིན་པས་དངོས་མེད་དུ་འགྱུར་ཏེ། འགྲེལ་ཆེན་ལས།༼“རྟོག་ངོར་སྣང་བའི་ཤིང་ལྟ་བུ་གཞིར་བཞག་གི་སྟེང་དུ་དེ་མིན་གཅོད་པའི་ཆེད་དུ་བརྡ་འགོད་ཀྱི། ཤིང་སྤངས་པའི་སེལ་བ་རྐྱང་པ་ལ་ཤིང་ཞེས་པའི་བརྡ་མི་འགོད་དེ་ཤིང་ཞེས་པ་ཤིང་མིན་གཅོད་པའི་བརྡ་ཡིན་གྱི་སེལ་མིན་གཅོད་པའི་བརྡ་མིན་པས་ན་སེལ་བ་ཉིད་ལ་བརྡ་སྦྱོར་བ་ཞིག་ན་སེལ་མིན་གཅོད་པའི་བརྡ་སེལ་བ་དང་ལྡོག་པ་དང་རྣམ་གཅོད་ལྟ་བུ་འགོད་རིགས་སོ།།”༽ཤིང་གི་སེལ་བ་ཞེས་པ་ཤིང་སྤངས་པའི་དངོས་མེད་ལ་ངོས་འཛིན་མཛད་པའི་ཕྱིར་དང་དེ་དང་གཞན་སེལ་གཉིས་དོན་གཅིག་ཡིན་ཏེ་སྔ་མ་ལས༼“བརྗོད་འདོད་ཀྱི་དབང་གིས་བ་ལང་གི་བ་ལང་ཉིད་ལྟ་བུ་བརྗོད་པའི་ཚེ་ན་བརྗོད་པ་དེས་འཕངས་པའི་བརྗོད་བྱའི་གཞན་སེལ་ལམ་ལྡོག་པ་ཙམ་གྱི་ཤན་གྱི་ཁྱད་པར་གྱིས།”༽ཞེས་སོགས་གོང་གི་མཁས་འཇུག་དང་འགྲེལ་ཆེན་གཉིས་ཀྱིས་ལུང་གི་ལེགས་པར་གྲུབ་བོ། །གལ་ཏེ་སྒྲས་དངོས་ཀྱི་བརྗོད་བྱ་ཡིན་ནོ་ཞེ་ན་མ་ཡིན་ཏེ་རྣམ་འགྲེལ་ལས༼དེ་དེ་བཞིན་དུ་བརྗོད་བྱེད་པའི། །སྒྲ་ཡོད་མ་ཡིན་རྟོག་པ་ཡང་། །སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། །༽ཞེས་དང་ལེགས་བཤད་སྣང་གཏེར་ལས།༼“དེ་འདྲའི་གཞན་སེལ་བ་དོན་གྱི་སྟེང་ན་ཡོད་ཚུལ་ནི་ཤིང་ལ་ཤིང་མ་ཡིན་པ་གཞན་མེད་པའི་ཕྱིར་ཡལ་འདབ་ལྡན་པ་དེ་ཤིང་ལས་གཞན་མིན་པའི་ངོ་བོར་གནས་པ་གང་ཕྱིར་དངོས་ཀུན་སོགས་ཀྱི་སྐབས་ནས་བསྟན་པ་བཞིན་ནོ། །

     དེ་ནི་སྒྲ་རྟོག་གི་རྟེན་ཡིན་གྱི་དངོས་སུ་སྒྲས་དངོས་པོའི་གཞན་སེལ་ཇི་ལྟ་བ་བཞིན་དུ་བརྗོད་མི་ནུས་པ་ནི། དེ་དེ་བཞིན་དུ་རྗོད་བྱེད་པའི། །སོགས་ཀྱི་སྐབས་ནས་བསྟན་ཏོ། །”༽ཞེས་གསུངས་པའི་ཕྱིར་ན་ལུང་དེས་དོན་རང་མཚན་གྱི་གཞན་སེལ་དེ་སྒྲས་དངོས་ཀྱི་བརྗོད་མི་ཐུབ་པའི་རྒྱུ་མཚན་ནི་དོན་རང་མཚན་གྱི་གནས་ལུགས་ལ་རང་གྲུབ་ཙམ་ནས་རང་མིན་གཅིག་ཅར་བཅད་པའི་ངོ་བོར་གནས་པས་དེ་དེ་བཞིན་དུ་རྟོགས་པར་བྱེད་ཐུབ་པའི་སྒྲ་ཡོད་པ་མ་ཡིན་ལ་དེ་ལྟར་འཛིན་ནུས་པའི་རྟོག་པ་ཡང་མེད་ཅེས་རང་མཚན་སྒྲས་དངོས་ཀྱིབརྗོད་བྱར་བྱེད་མི་ཐུབ་པར་བསྟན་པའི་རིགས་པ་དེ་ག་རང་གིས་དོན་རང་མཚན་གྱི་གཞན་སེལ་ཡང་བརྗོད་མི་ཐུབ་པར་བསྟན་པར་གསུངས་པ་འདིས་ཀྱང་མཚོན་ནུས་ལ། །གལ་ཏེ་བརྗོད་ཐུབ་ན་དགག་སྒྲུབ་གཅིག་ཅར་རྟོགས་པར་ཐལ་བ་དང་སྒྲ་བློ་རྣམ་གྲངས་པར་ཐལ་བ་སོགས་སྒྲ་རྟོག་སྒྲུབ་འཇུག་ཏུ་འདོད་པའི་ཕྱོགས་ལ་བརྗོད་པའི་སྐྱོན་མཐའ་དག་འབབ་པར་གསུངས་ཏེ་ལེགས་བཤད་སྣང་བའི་གཏེར་ལས་༼“རང་མིན་མཐའ་དག་ཅིག་ཅར་ཆོད་པའི་རང་མཚན་དེ་ཇི་ལྟར་གནས་པ་དེ་ཁོ་ན་བཞིན་དུ་དངོས་ཀྱི་བརྗོད་བྱར་བྱས་ནས་རྟོགས་པར་བྱེད་པའི་སྒྲ་ཡོད་པ་མ་ཡིན་ལ་དེ་ལྟར་འཛིན་ནུས་པའི་རྟོག་པ་ཡང་མེད་དེ། སྒྲ་དང་རྟོག་པ་ནི་གཞན་རྣམ་པར་བཅད་པའི་སྤྱི་ཉིད་ཀྱི་དོན་དུ་ནི་འཇུག་པར་ངེས་པའི་ཕྱིར་རོ། །

     དེས་ན་བུམ་པའི་སྒྲ་རྟོག་གིས་ཆུ་མི་སྐྱོར་བ་སོགས་རིགས་མི་མཐུན་བཅད་ཀྱང་སྒྲ་རྟོག་གི་ཡུལ་དེ་གཞན་སེལ་བ་སྤྱི་ཙམ་དུ་གནས་ཀྱང་བུམ་པའི་རང་མཚན་དངོས་མིན་ཏེ་སྒྲ་རྟོག་སྒྲུབ་འཇུག་སྔར་བཀག་པ་ལ་སོགས་པ་བཞིན་ནོ།།༽ཞེས་སོ། །

     དེ་བཞིན་དུ་བླ་མ་མི་ཕམ་པས་ས་སྐྱ་པཎ་ཆེན་སོགས་དོན་རང་མཚན་གྱི་གཞན་སེལ་མེད་པར་བཞེད་མཁན་རྣམས་ཀྱི་ཐུགས་བཞེད་དང་འགལ་བ་མེད་པར་གསུངས་ན། དེ་བཞིན་དུ་འགྲོ་དགོས་ཚེ་དོན་རང་མཚན་གྱི་གཞན་སེལ་དེ་གཞན་སེལ་མཚན་ཉིད་པ་རུ་ཁས་ལེན་པར་མི་བྱ་སྟེ་གལ་སྲིད་དེ་བཞིན་དུ་ཁས་བླང་ཚེ། རིགས་གཏེར་ལས་༼གཞན་སེལ་བློ་ཡི་འཇུག་ཚུལ་ཡིན། །བེམ་པོའི་དོན་ལ་གཞན་སེལ་མེད། །༽ཞེས་སྔ་རབས་གཙང་ནག་པ་སོགས་ཀྱིས་བེམ་པོ་སོགས་རང་མཚན་རྣམས་ལ་གཞན་སེལ་གྱི་བརྡ་བྱས་པ་ཙམ་མིན་པར་གཞན་སེལ་མཚན་ཉིད་པར་ཁས་བླང་པ་ལ་བརྗོད་པའི་སྐྱོན་མཐའ་དག་འབབ་པར་འགྱུར་ལ་རང་ལ་མ་བབ་ན་སྔོན་གྱི་མཁས་པ་དེ་ཚོ་ལ་ཡང་མི་འབབ་པ་བསྐལ་པའི་བར་མཚུངས་སོ། །

     དེས་ན་འཇམ་མགོན་བླ་མས་སེལ་འཇུག་གི་ཐ་སྙད་སྨྲ་བའི་སྐབས་སུ་དོན་རང་མཚན་གྱི་གཞན་སེལ་ཁས་ལེན་དགོས་པར་གསུངས་པ་བཞིན་དུ་དེའི་སྐབས་སུ་ཐ་སྙད་དེ་ལྟར་གདགས་ན་གཞན་སེལ་གྱི་རྣམ་གཞག་ཆེས་རྨད་དུ་བྱུང་བ་ཞིག་ཏུ་འགྲོ་ཚུལ། གོ་རམས་པས་སྡེ་བདུན་རབ་གསལ་ལས་གསུངས་པ་ལྟར་ཡིན་ནོ། །

     དེས་ན་མཁན་ཆེན་ཞི་འཚོ་དང་བླ་མ་མི་ཕམ་པ་གཉིས་ཀྱི་ལུགས་ལ་སེལ་བའི་རྣམ་གཞག་དེ་ལྟར་ཤེས་པར་བྱའོ། །

     ཡང་རྣམ་འགྲེལ་འགྲེལ་པ་འགའ་ཤས་ལས་སློབ་དཔོན་ཞི་བ་མཚོའི་ལུགས་ལ་དོན་རང་མཚན་གྱི་གཞན་སེལ་གཞན་སེལ་མཚན་ཉིད་པ་རུ་ཁས་ལེན་དགོས་པ་སློབ་དཔོན་ཀ་ཤིས་ཚད་ཆེན་དཀའ་འགྲེལ་ལས་༼འདིས་ནི་རང་གི་རང་གི་མཚན་ཉིད་གཞན་སེལ་བར་བསྟན་པ་ནི་དངོས་ཡིན་ནོ། །༽ཞེས་པའི་ལུང་འདྲེན་ནས་སྒྲུབ་པར་བྱེད་ཀྱང་དེའི་དོན་དེ་ལྟར་མིན་པ་མཁས་པ་གཞན་གྱིས་གསུངས་ཟིན་པས་འདིར་སྐྱར་ཟློས་བྱེད་པའི་ངལ་བ་མི་བསྟེན་པར་མཐའ་མར་དགེ་བ་འཇུག་གི་དོན་ལ་འཇུག་པར་བྱའོ། །


དོན་མེད་བཞད་བགད་སློང་བའི་འཚར་གཏམ་དང་། །

མཁས་པ་དགྱེས་པའི་ལེགས་བཤད་མི་བདོག་ཀྱང་། །

ལོ་ཟླའི་ཕུང་པོར་དཀའ་བས་བསགས་པ་ཡིས། །

ཐོས་པའི་ནོར་བུ་བོར་ཀྱི་དོགས་པས་བྲིས། །


མ་རྟོགས་ལོག་པར་བཤད་པའི་ཉེས་པ་རྣམས། །

གཟུར་གནས་མཁས་པའི་སྤྱན་སྔར་འཐོལ་ལོ་བཤགས། །

འདི་ལ་འབད་པས་རྣམ་དཀར་དགེ་མཆིས་ན། །

འགྲོ་རྣམས་བློ་གྲོས་འབར་བའི་རྒྱུ་རུ་བསྔོ། །


ཞེས་པ་འདི་ནི་བོད་རྒྱལ་ལོ་༢༡༤༥པ་རབ་བྱུང་༡༧པའི་རྣམ་འཕྱང་ས་ཁྱི་ལོའིཁྲུམས་སྟོད་ཟླ་བའི་ཚེས་༡༢ལ་སློབ་གཉེར་བའི་མིང་ཙམ་འཛིན་པ་དམན་བུ་རིན་ཆེན་མཚུངས་མེད་ཀྱིས་སྦྱར་བའོ། །


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རིན་ཆེན་མཚུངས་མེད། སྤེལ་དུས:2018/12/2
མིང་དངོས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ལུགས་ཀྱི་སེལ་བ་གསུམ་གྱི་བཞེད་ཚུལ་ལ་དཔྱད་པ། ཞེས་པ་འདི་ཡིན་སྔོན་མར་འཕྲིན་སྟེགས་ཤིག་གི་ཐོག་ཏུ་སྤེལ་བས་གཙོ་གཉེར་བས་ཡི་གེ་བཏགས་ནོར་བྱས་འདུག་པས་འདིར་ཡང་དེ་བཞིན་ཤོར་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14231077
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号