ངའི་ཕ་ལོ་རྗེས་སུ་དྲན་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 10 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ངའི་ཕ་ལོ་རྗེས་སུ་དྲན་པ།
ངའི་ཕ་ལོ་རྗེས་སུ་དྲན་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/10/6ལྟ་ཀློག (523)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

9.30ཉིན་དེ་ངའི་ཕ་ལོའི་འདས་མཆོད་ཡིན།

 

ཁཱ་ཤེས་རབ་རྒྱ་མཚོ།

 

-----ཕ་ལོ་བརྩོན་འགྲུས་རྗེས་སུ་དྲན་པ།

 

མི་ཡུལ་དཔྱིད་དཔལ་བཞིན་དུ་མཚར་ན་ཡང་། །

འཚོ་བ་སྦྲང་རྩི་བཞིན་དུ་མངར་ཡང་རུང་། །

ལོ་ལྟར་ཟླ་དགུའི་ཚེས་པ་སུམ་ཅུའི་ཉིན། །

ཕ་ལོའི་འདས་མཆོད་བཤམས་ཚེ་མིག་ཆུ་ལྷུང་། །

 

འཁྱག་པའི་ཚེ་ན་སྲོག་གི་སྒྲོན་མེ་སྦར། །

ལྟོགས་པའི་ཚེ་ན་བླ་རྐང་དྲོད་ཀྱིས་གསོ། །

སྐྱོ་བའི་ཚེ་ན་སྡུག་བསྔལ་གཏོང་ལེན་མཁན། །

བུ་ངའི་སྐྱབས་ཀྱི་དམ་པ་ཁྱེད་དྲན་ནོ། །

                                        

འཁོར་བའི་རྟེན་དུ་འཁྲུངས་པའི་ཕ་ལོའི་ཐོག །

མི་རྟག་གནམ་གྱི་བཀའ་ཡིག་བབས་དོན་ཅི། །

སྐྱེ་འཆིའི་ཆོས་ཉིད་སྡུག་པོས་གཙུབ་བརྡར་དེས། །

བརྩེ་བའི་ཕ་དང་བྲལ་བ་ཨ་ཙ་མ། །

 

སྲིད་པའི་རྩེ་དང་རྒྱ་མཚོའི་འཇིངས་བསྔོགས་ཀྱང་། །

ཕ་ལས་ལྷག་པའི་ནོར་བུ་མེད་པ་དེས། །

ཁྱིམ་གྱི་རྒྱབ་རི་ཉིལ་བའི་གོད་ཆགས་ནི། །

དཔྲལ་བའི་མིག་ཟུང་བྲུས་དང་ཁྱད་མི་འདུག །

 

འཚོ་བའི་ལེགས་ཉེས་བླང་དོར་སྟོན་མཁན་ཡིན། །

རུས་བཟང་ཝ་ཤུལ་གསེར་གྱི་པ་ཏྲ་ཡིན། །

སྡེ་བའི་སྐྱིད་སྡུག་ཞུ་སའི་དབུ་ཁྲིད་ཡིན། །

གཞུང་དྲང་ཕ་ལོའི་མཛད་རྗེས་བསུབ་མེད་ཡིན། །

 

ང་བརྒྱད་རིག་གསར་རྡུལ་རླུང་འཕྱུར་བའི་དུས། །

དགོན་པའི་ཐུབ་སྐུ་ཕ་མཐའི་སྐུ་གདུང་སོགས། །

སྲོག་དང་བསྡོངས་ཏེ་བསྲུངས་པར་མཛད་ལགས་ན། །

ཕ་ཁྱེད་དཔའ་མཛངས་མཛད་རྗེས་ཉི་ཤར་ཡིན། །

 

མིང་སྲིང་བདུན་གྱི་མ་འོངས་འཚོ་བའི་སླད། །

སྡུག་གི་ཁུར་བོ་གང་མང་དང་དུ་བླངས། །

མི་ཁ་གཏམ་ངན་སྤུ་གྲིའི་སོ་ཐང་གཤགས། །

ཁེར་རྐྱང་བསམ་གཞིག་སྒུམ་པའི་ཕ་ལོ་དྲན། །

 

རྒྱབ་ན་ཁེན་སའི་སྐུ་དྲག་མ་བྱུང་ལ། །

ཟུར་ནས་སྐྱོར་བའི་དྲིན་ཅན་དབེན་ཡང་རུང་། །

སྡེ་བའི་སྤྱི་དོན་ཁྱིམ་གྱི་བདེ་སྡུག་ཀུན། །

གདོང་གིས་བསུས་བའི་སེམས་དཔའ་ཁྱེད་དྲན་ནོ། །

 

ལས་ངན་དྭ་ཕྲུག་ང་ཚོ་ཤུལ་བཞག་ཀྱང་། །

ཞལ་གདམས་བདུད་རྩི་མྱོང་བ་བརྗེད་མེད་ཡིན། །

གཞན་དག་ཕ་བུའི་ལག་རྡང་སྦྲེལ་ཡོང་ཡང་། །

ང་ཚོའི་བརྩེ་བ་སྲོག་གི་ཚེ་མདུད་ཡིན། །

 

དྲིན་གྱིས་བསྐྱངས་པའི་འདས་སོང་ལོ་ཟླ་དག །

སྐད་ཅིག་ཡིད་ངོར་རྣམ་པ་ཕབ་པའི་ཚེ། །

གློ་མཆིན་སྟེང་འོག་བརྗེ་འདྲའི་སྡུག་བསྔལ་ཞིག །

ཡ་ཆུང་སེམས་ཀྱིས་མྱངས་པ་གྲངས་མེད་ཡིན། །

 

གཅེས་སྐྱོང་དྲོད་ཀྱི་མཐའ་ནས་ནར་སོན་པའི། །

མིང་སྲིང་མ་ལོས་བསྐྱངས་ནས་བདེ་བར་ཡོད། །

ཕ་ཁྱེད་མི་མངོན་བདེ་ཆེན་ཞིང་བསྙེགས་དུས། །

སྐྱབས་གསུམ་ཐུགས་རྗེས་དྲངས་པར་ཡིད་ཆེས་ཡོད། །

 

ཁྲ་ཁྲ་ཟང་ཟིང་དཀར་ནག་བསྟོད་སྨད་བར། །

གདོང་གི་སྐྱི་ལྤགས་ཕྱི་ནང་འདྲེས་མའི་ནང་། །

མ་ལོའི་འཛུམ་དཀར་རི་མོ་མ་རྙིང་བར། །

གསོལ་འདེབས་ཕྱག་སྐོར་ལས་ལ་བྲེལ་ནས་ཡོད། །

 

མ་ངེས་སྐྱིད་སྡུག་འཐབ་པའི་འཁོར་བའི་ནང་། །

སྡོང་མགོའི་བྱ་ཚང་འདྲ་བའི་མིང་སྲིང་ཚོ། །

རང་དབང་རང་ལམ་ནམ་འཕང་གཅོད་ཀྱིན་ཡོད། །

ཕ་ཁྱེད་བདེ་བར་བཞུད་པའི་གྲོགས་དན་མཛོད། །

 

དྲིན་ཆེན་ཕ་མ་ཉི་ཟླ་ཟུང་གཅིག་ཡིན། །

ཕུ་ནུ་མིང་སྲིང་རྒྱུ་སྐར་ཕྲེང་བ་ཡིན། །

འདུ་འཛོམས་མི་རྟག་གྱེས་བྲལ་འཇའ་ཚོན་ཡིན། །

ཕ་མེད་དྭ་ཕྲུག་ཚང་མ་སྙིང་རྗེ་ཡིན། །

 

ཉིན་མཚན་ལྷིང་འཇགས་བསྒོམས་ཏེ་ལོ་འགའི་རིང་། །

གཞན་གྱི་དམའ་སར་བསྡད་ནས་བདེན་མཐའ་བསྐྱངས ། །

རུས་ཞེན་དྲག་ཏུ་རྒོད་པའི་བག་ཆགས་ཁྲོད། །

བུ་ངའི་བརྩེ་བའི་ཡབ་ཆེན་དྲན་པ་ལ། །

 

འཇིག་རྟེན་བྱ་བཞག་ཐམས་ཅད་སྐད་ཅིག་མ། །

རྒྱལ་ཕམ་དབུལ་ཕོངས་ཐམས་ཅད་གློ་བུར་མ། །

ལས་ཀྱི་མེ་ཏོག་འཐོར་བའི་གཞིས་ཁྱིམ་གྱི། །

འཛུམ་བག་མེ་ཏོག་རྒོད་པའི་ཕ་ཁྱེད་དྲན། །

 

བྱམས་ལྡན་ཕ་ལོའི་ཞལ་རས་དྲན་པའི་ཚེ། །

མི་འདོད་སྡུག་བསྔལ་སྟོང་གིས་ནོན་པའི་འོག །

སྐྱོ་གདུང་མིག་ཆུ་འགྲམ་ངོགས་འགྲེམས་བཞིན་དུ། །

ཕ་ཁྱེད་དྲན་པའི་གདུང་བ་དབྱངས་སུ་གྱེར། །

     རྩོམ་འདི་ནི་ཟླ་༩པའི་ཚེས་༣༠ཉིན་འབྲི་འདུན་ཤར་ཏེ་ཡང་ཡང་བསམ་བློ་བཏང་ཡང་ཡི་གར་མཆི་མས་བསྣངས་ཡོང་བས་ཇི་ལྟར་འབྲི་དགོས་པ་གཏན་ནས་མ་ཤེས་པར་ལུས་ཀྱང་དེ་རིང་གི་ཚེས་༦ལ་མཇུག་བསྐྱངས་པ་ལགས་སོ། །


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འཁྱམ་བསེ་རུ། སྤེལ་དུས:2018/10/9
ཨ་ཕའི་བརྩེ་བ་ནི་རྟག་བརྟན་གྱི་རྒྱབ་རི་སྨུག་པོ་དེ་ཡིན་ན། བུ་ཆུང་གི་སེམས་འགྱུ་ནི། ཁོ་བོའི་སྨྱུག་རྩེ་རུ་བཞུར་བའི་ཆུ་མིག་དྭངས་མོ་དེ་ཡིན་སྲིད། ཧ་ཅང་ཡག་པོ་བྲིས་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12424481
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号