སྐྱ་འགོའི་ཁྱོམ་ཚ་རིན་པོ་ཆེ་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག
སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༡༠པའི་ཚེས་༧ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སྐྱ་འགོ་དགོན་དགའ་ལྡན་ཆོས་འཁོར་གླིང་གི་ཨ་ལགས་ཁྱོམ་ཚ་སྐུ་ཕྲེང་བཅུ་གཅིག་པ་ཚ་རུ་མ་རུ་འཁྲུངས་པའི་ཁྱོམ་ཚ་ཀླུ་སྒྲུབ་རྒྱ་མཚོ་སྐུ་ཞི་བར་གཤེགས་པའི་གནས་ཚུལ་ཐོན་པར་ཁོང་གི་༢༠༡༧ལོའི་པེ་ཅིན་གཟབ་སྤྱོང་འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད།
ལྷག་ཏུ་སློབ་གྲོགས་ཡོངས་ཀྱིས་དགོན་སྡེ་གང་མང་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་གྲྭ་ཚང་འདུས་པ་རྒྱ་མཚོར་དགོངས་པ་རྫོགས་པའི་བསྔོ་འབྲེལ་དང་མཆོག་སྤྲུལ་ཡིད་བཞིན་གྱི་ནོར་བུའི་ཡང་སྤྲུལ་མྱུར་འབྱོན་ཡོང་བར་སྐྱབས་འཇུག་ཞུས་ཡོད།
སྐྱ་མགོ་དགོན་དགའ་ལྡན་ཆོས་འཁོར་གླིང་ངོ་སྤྲོད་མདོར་བསྡུས།
四川省阿坝州阿坝县江宫寺简介
སྐྱ་མགོ་དགོན་ནམ་ཡང་ན་དགའ་ལྡན་ཆོས་འཁོར་གླིང་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན་པ་དང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྐྱ་རོང་ཡུལ་ཚོའི་མངའ་ཁོངས་སུ་ཆགས་ཡོད།
དགོན་སྡེ་གསར་འདེབས་བྱེད་མཁན་སྐོར་ལ་བཤད་ཚུལ་མི་འདྲ་བ་མང་བོ་ཡོད་པ་དང་། འདིར་གཙོ་བོ་ནི་སྐྱ་མགོ་དགོན་གྱི་མཁོ་འདོན་བྱས་པའི་སྐྱ་མགོ་དགོན་གྱི་ལོ་རྒྱུས་མདོར་བསྡུས་གཞིར་བཟུང་ནས་བཤད་པ་ལ། དེ་ལས་དགོན་སྡེ་འདི་ནི་དུས་རབས་བཅུ་བཞི་བའི་དུས་འགོར་སྐྱ་མགོ་ཚོ་བའི་གྲྭ་བ་རིན་ཆེན་ཀུན་བཟང་རྣམ་རྒྱལ་གྱིས་གསར་དུ་བསྐྲུན་པ་དང་། ཐོག་མར་ཇོ་ནང་བའི་དགོན་སྡེ་ཡིན་ལ་མཚན་ལ་རྟག་བརྟན་ཆོས་འཁོར་གླིང་ཟེར་ཞིང་། རྗེས་ནས་སྐྱ་མགོ་ཚོ་བ་དང་མཉམ་དུ་རྔ་བ་རྫོང་མཚན་ཉིད་ཡུལ་ཚོའི་རི་མདོ་གྲོང་སྡེའི་ཉེ་འགྲམ་དུ་སྤོས་ཤིང་། དུས་རབས་བཅོ་བརྒྱད་པའི་སྐབས་སུ་ཁྱོམ་ཚ་སྤྲུལ་སྐུ་དགེ་འདུན་གྲགས་པས་འཇམ་དབྱངས་སྤྲུལ་སྐུའི་དགོངས་དོན་ལྟར། གསེར་ཞུན་ཅོད་པཎ་འཛིན་པའི་དགེ་ལུགས་བའི་བསྟན་པ་ཚུལ་བཞིན་སྐྱོང་བའི་སྒྲུབ་སྡེར་བསྒྱུར་ཏེ་མཚན་ལ་དགའ་ལྡན་ཆོས་འཁོར་གླིང་ཞེས་གསོལ། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་ཁྱོམ་ཚ་སྐུ་ཕྲེང་གསུམ་པ་མི་འགྱུར་ཚུལ་ཁྲིམས་ཀྱིས་མཎྜལ་ཐང་དུ་གནས་སྤོས་པ་དང་།
སྤྱི་ལོ1824ལོ་ཡས་མས་སུ་ཁྱོམ་ཚ་སྐུ་ཕྲེང་བཞི་བ་ཤཱཀྱ་འཇམ་དབྱངས་ཀྱིས་སྲིབ་ལུང་ཐང་དུ་གནས་སྤོས།
སྤྱི་ལོ1958ལོར་དགོན་པའི་ཁྱད་དབང་མེད་པར་བཟོས་ཏེ་གྲྭ་བ་རྣམས་རང་ཁ་རང་གསོ་བྱེད་ཆེད་ཁྱིམ་དུ་ལོག་སྟེ་ཞིང་ལས་ཀྱི་ལས་ཀ་གཉེར། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་དགོན་པ་ལ་ཆག་སྐྱོན་ཐེབས་ཤིང་། ཀྲུང་གུང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། དགོན་སྡེ་འདི་ལ་ཡང་སྤྱི་ལོ1980ལོར་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་ཆོས་སྒོ་ཕྱེས་པ་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་བསྐྱར་གསོ་བྱས་ཤིང་།
སྤྱི་ལོ2008ལོའི་བར་དགོན་སྡེའི་རྒྱ་ཁྱོན་ལ་མུའུ200ལྷག་ཡོད། དེའི་ནང་འདུ་ཁང་དང་ཆོས་ཁང་སོགས་ཆོས་ལུགས་བྱེད་སྒོ་སྤེལ་བའི་བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ700ལྷག་དང་གྲྭ་ཁག་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1800ལྷག་ཟིན་ཡོད།
སྐྱ་མགོ་དགོན་གྱི་གནས་རྙིང་ཚ་རུ་མ་ཡུལ་ཚོའི་སྲིབ་ལུང་ཐང་གྲོང་ཚོའི་སྲིབ་ལུང་ཐང་ཞེས་པའི་ས་ཆར་ཆགས་ཡོད་པ་དང་། དགོན་པ་བཏབ་ནས་ལོ600ལྷག་ཙམ་སོང་བས་དེ་ནི་ཧུང་ཡོན་རྫོང་ལོ་རྒྱུས་རིང་ཤོས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན།
སྐྱ་མགོ་དགོན་པའི་གནས་རྙིང་གནས་སར་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་རྒྱུན་དུ་བྱུང་བས། ཞིང་ཆེན་ཆོས་ལུགས་ཅུས་དང་། རྔ་བ་ཁུལ་སྲིད་གཞུང་གིས་ཐུགས་ཁུར་འོག ཁྱུང་མཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་དགོན་སྡེའི་གྲྭ་བ་དང་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་ཆེད། སྐྱ་རོང་ཡུལ་ཚོའི་མངའ་ཁོངས་སུ་དགོན་གནས་གསར་བ་བདམས་ཏེ་དགོན་སྡེ་འདེབས་རྒྱུ་གཏན་འཁེལ་བྱས་ཤིང་།
སྤྱི་ལོ2012ལོའི་ཟླ11པའི་ཚེས9ཉིན་སྐྱ་མགོ་དགོན་གནས་སྤོ་བའི་མཛད་སྒོ་སྐྱ་རོང་ཡུལ་ཚོར་སྤེལ།
སྐུ་གསུང་ཐུགས་རྟེན།
དགོན་པ་འདི་ལ་བཞུགས་པའི་རྟེན་གསུམ་སྐོར་ལ། འཇམ་དབྱངས་བཞད་པ་ཀུན་མཁྱེན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང་གིས་གནང་བའི་སྒྲོལ་མའི་སྐུ་ཁྱད་འཕགས་དང་། ཨ་ལགས་སྨན་ཤུལ་རིན་པོ་ཆེས་གནང་བའི་ཐུབ་སྐུ། བུ་སྟོན་རིན་པོ་ཆེ་རིན་ཆེན་གྲུབ་ཀྱི་ཕྱག་རྟེན་སྟོན་པའི་སྐུ་གཟུགས་ཀྱི་ནང་གཞུགས་སཙྪ་ཆུང་བ། རྗེ་གུང་ཐང་འཇམ་པའི་དབྱངས་ཀྱིས་ཕྱག་གནང་མཛད་པའི་རྗེ་ཙོང་ཁ་བའི་སྐུ་བརྙན། གསུང་རྟེན་ལ། རྒྱལ་བའི་བཀའ་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་གླེགས་བམ་གྲངས་མེད་བཞུགས་སོ།།
བླ་རབས་རིམ་བྱོན།
དང་བོ་ཁྱོམ་ཚ་རྣ་ལུང་ཅན།
གཉིས་པ་རབ་འབྱམས་པ་དགེ་འདུན་གྲགས་པ།
གསུམ་པ་འཇིགས་མེད་ཁྲིམས་ཚང་།
བཞི་བ་ལྷུན་གྲུབ་རྒྱ་རིས།
ལྔ་བ་དམུ་དགེ་རུ་འཁྲུངས་པའི་དཀོན་མཆོག་དམ་ཆོས་རྒྱ་མཚོ།
དྲུག་པ་ཨ་མཆོག་ལུང་ཟི་རུ་འཁྲུངས་པའི་ཁྱོམ་ཚ་བླ་ཁྲེལ།
བདུན་པ་སྐྱ་མགོ་རུ་འཁྲུངས་པའི་ཤཱཀྱ་རྒྱལ་མཚན།
བརྒྱད་པ་ཀིརྟི་མ་རུ་འཁྲུངས་པའི་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ།
དགུ་བ་ཨ་མཆོག་ཏུ་འཁྲུངས་པའི་འཇམ་དབྱངས་བསྟན་འཕེལ་རྒྱ་མཚོ།
བཅུ་བ་ཚ་རུ་མ་རུ་འཁྲུངས་པའི་སྐལ་བཟང་བསྟན་པའི་འབྱུང་གནས།
བཅུ་གཅིག་པ་ཚ་རུ་མ་རུ་འཁྲུངས་པའི་ཀླུ་སྒྲུབ་རྒྱ་མཚོ།
འབྲེལ་ཡོད་དགོན་སྡེ།
ཀན་སུའུ་ཞིང་ཆེན་དུ་བཞུགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་མ་ལག་བརྒྱ་དང་བརྒྱད་ཀྱི་ནང་ཚན་ཡིན་པ་དང་། ཨ་མཆོག་མཚན་ཉིད་དགོན་འཇམ་དབྱངས་སྨྲ་སེང་གླིང་གི་དགོན་མ་ལག་བརྒྱད་ཀྱི་ཡ་གྱལ་ཡང་ཡིན།
ཆོས་ལུགས་བྱེད་སྒོ།
ཟླ་བ་དང་བོའི་ཚེས་བདུན་ནས་ཚེས་བཅུ་བདུན་གྱི་བར་སྨོན་ལམ། དེའི་བར་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོ་གོས་སྐུ་དང་ཕྱི་དྲོ་བྱམས་པ་གླིང་སྐོར། ཚེས་བ་བཅོ་བརྒྱད་ནས་ཟླ་བ་གཉིས་པའི་ཚེས་གསུམ་ཉིན་གྱི་བར་བདེ་མཆོག་སྒྲུབ་མཆོད།
ཟླ་བ་གསུམ་པའི་ཚེས་གཅིག་ནས་ཚེས་བདུན་གྱི་བར་མི་འཁྲུགས་པའི་སྒྲུབ་མཆོད། ཚེས་བཅུ་བཞི་ནས་བཅུ་དྲུག་གི་བར་སྨྱུང་གནས།
ཟླ་བ་བཞི་བའི་ཚེས་བདུན་ནས་ཚེས་བཅུ་དྲུག་གི་བར་མ་ཎི་སྒྲུབ་པ་དང་སྨྱུང་གནས།
ཟླ་བ་ལྔ་བའི་ཚེས་གཉིས་ནས་ཚེས་དྲུག་བསང་མཆོད། ཚེས་བཅུ་གཅིག་ནས་བཅུ་བདུན་གྱི་བར་འདས་མཆོད། ཚེས་པ་ཉི་ཤུ་རྩ་གསུམ་ནས་རྩ་དྲུག་གི་བར་གདུགས་དཀར་བཟློག་ཆེན།
ཟླ་བ་དྲུག་པའི་ཚེས་གསུམ་ནས་ཚེས་དགུའི་བར་མ་ཎི་རིལ་སྒྲུབ། བཅོ་ལྔ་ནས་ཟླ་བ་བདུན་པའི་ཟླ་སྨད་དུ་དབྱར་གནས།
ཟླ་བ་བརྒྱད་པའི་ཚེས་གཅིག་ནས་ཚེས་ལྔ་བར་དབྱེ་སྟོན། ཚེས་དྲུག་ནས་ཚེས་བཅུའི་བར་མཚན་ཉིད་གྲུབ་སྡེ་བརྒྱད་ཀྱི་བདུན་སྒྲུབ། ཚེས་བཅུ་གཉིས་ནས་ཉི་ཤུའི་བར་སྒྲོལ་མ་དང་རྣམ་རྒྱལ་མའི་སྟོང་མཆོད།
ཟླ་བ་བཅུ་པའི་ཚེས་ཉི་ཤུ་རྩ་བཞི་ནས་རྩ་བརྒྱད་ཀྱི་བར་ལྔ་མཆོད།
ཟླ་བ་བཅུ་གཅིག་པའི་ཚེས་ཉི་ཤུ་རྩ་གསུམ་ནས་ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་གཉིས་ཀྱི་བར་དགུན་མཚམས།
ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་གསུམ་ནས་རྩ་དགུའི་བར་དགུ་གཏོར། སུམ་ཅུའི་ཉིན་གནས་བཅུའི་ཕྱག་མཆོད་བཅས་ཡིན།
姓 名: 勒周 性 别: 男
出生日期: 1970-10-1 民 族: 藏族
活佛证编号: 51323311100005
教 派: 格鲁派
寺 庙: 四川省阿坝州红原县江宫寺
佛 号: 穹查仓
法 名: 穹查·罗周江木措
世 系: 十二世
ཡིད་སྐྱོ་བའི་གནས་ཚུལ།
སྤྲུལ་འཇམ་དཔལ་དགྱེས་པ།
སྐྱ་འགོ་དགོན་པའི་ཨ་ལགས་ཁྱོམ་ཚ་ཀླུ་སྒྲུབ་རྒྱ་མཚོ་རིན་པོ་ཆེ་ཚང་སྐུ་གཤེགས་སོང་། ཁོང་དག་ཞིང་གནངས་པ་ལ་སེམས་ཁོང་རུས་པའི་གཏིང་ནས་མྱ་ངན་དང་གདུང་སམེ་མཉམ་བསྐྱེད་བྱེད། ཤར་གྱི་ཉི་གཞོན་ལྟ་བུའི་སྐྱེས་ཆེན་ཁོང་འདི་ལྟར་བཞུད་པ་ནི་སྤྱི་བསྟན་དང་འགྲོ་བའི་གྱོང་གུད་དང་། ཁྱད་པར་དུ་ཁྱུང་མཆུ་རྫོང་ཁོངས་འདིའི་རིས་སུ་མ་ཆད་པའི་ལྷ་འབངས་བསྟན་དགོན་ཡོངས་ལ་ཁ་གསབ་བྲལ་བའི་གྱོང་གུད་ཚབས་ཆེན་ཞིག་ཐེབས་སོང་འདོད་ནས་ཡོད། ལྷག་པར་ཁོང་དང་ངེད་གཉིས་བར་གྱི་འགྱུར་མེད་དྭངས་གཙང་གི་མཛའ་བརྩེ་རྣལ་མ་ལ་བསམ་ན་ལྷག་ཏུ་སྐྱོ་གདུང་དང་ཕངས་སེམས་ཚད་མེད་ཅིག་སྐྱེ་ཀིན་འདུག དོན་གྱིས་སྐྱེས་ཆེན་རྣམས་རེ་རེ་ནས་འདི་ལྟར་བཞུད་པ་ནི་ངོ་མ་ཇི་འདྲའི་ཕངས་པ་ལ།
མི་རིང་བར་མྱུར་དུ་རེ་ལྟོས་འགྲོ་བའི་དཔལ་མགོན་དུ་འཁྲུལ་བྲལ་སྤྲུལ་བའི་རོལ་གར་ཁྱད་འཕགས་ཤིག་འབྱོན་པར་སྙིང་ནས་གསོལ་བ་འདེབས་པ་ལས་ཅི།
ཞེས་སྤྲུལ་མིང་བ་འཇམ་དཔལ་དགྱེས་པ་ནས།
༢༠༡༨.༡༠.༧ཉིན།
གདུང་འབོད་སྙིང་གི་སྐྱོ་དབྱངས།
ཨར་མའི་དགའ་བ་རྒྱ་མཚོ།
སྔོན་དུས་ཐུགས་བསྐྱེད་དཔུང་བ་བརྟན་པོ་ཡིས།།
ལུང་རྟོགས་དར་ཆེན་འཕྱར་བའི་རྣམ་ཐར་རྨད།།
བསྟན་པའི་ལ་དོན་འགྲོ་བའི་སྤྱི་དོན་སོགས།།
མཛད་འཕྲིན་བདག་གིར་བསྐྱངས་པ་བསྔགས་པའི་ཡུལ།།
འཇམ་དཔལ་སྨྲ་སེང་གླིང་དུ་ཐོས་བརྩོན་གཉེར།།
ཕྱོགས་མེད་ཟབ་བརྒྱའི་དབང་ལུང་གཅེས་པར་བསགས།།
བསླབ་ཁྲིམས་བསྟན་པའི་རྒྱལ་མཚན་ལྟར་བརྟན་པ།།
ཀླུ་སྒྲུབ་རྒྱ་མཚོ་ཞེས་གྲགས་མངོན་པར་བསྟོད།།
རིས་མེད་ཆོས་བརྒྱུད་བར་ལ་མཐུན་ཟམ་བསྐྲུན།།
ཉམ་ཐག་འབྱོར་མེད་དག་ལ་སྦྱིན་གཏོང་མཛད།།
རིགས་ཀྱི་བླ་སྲོག་སློབ་གསོ་རྨང་ནས་གསོས།།
དམ་པའི་དམ་པར་བསྔགས་ཀྱང་ཐལ་བ་མེད།།
རེ་ལྟོས་འཆའ་བའི་ལྷ་འབངས་གདུལ་བྱའི་ཚོགས།།
ཕམ་པར་མ་བརྒྱབ་བརྩེ་བས་ཉེ་བར་བསྐྱངས།།
གནས་སྤོར་མཆོད་རྟེན་དགོན་གཞིས་བརྗིད་པར་བཞེངས།།
ཡུལ་ཕྱོགས་ཆོས་ཀྱིས་སྐྱོང་བའི་དེད་དཔོན་ལགས།།
བརྒྱུད་ལྡན་བླ་མའི་ཕྱག་བཞེས་ཉམས་སུ་བསྟར།།
ཆོས་འདུལ་དགོངས་དོན་ཇི་བཞིན་སྒྲུབ་ལ་གཞོལ།།
ཆོས་སྲིད་དབང་འབྱོར་དུས་ཀྱི་འཁོར་སྒྱུར་ཆེ།།
གློ་བུར་དགོངས་པ་རྫོགས་འདི་ཅི་ཡིས་ལན།།
གཞན་ཕན་མཛད་འཕྲིན་འཕྲོ་འདི་སུ་ཡིས་མཐུད།།
འབྲེལ་ཐོགས་དད་འབངས་མགོན་སྐྱབས་སུ་ཡིས་ཐུབ།།
སྒར་གྲོང་སློབ་གྲྭའི་ཚལ་འདི་སུ་ལ་གཏད།།
མྱུར་དུ་འབྱོན་པར་མཛོད་ཅིག་རིན་པོ་ཆེ།།
གདོང་གྲོགས་གཡེལ་མེད་མྱུར་མཛད་ཡེ་ཤེས་མགོན།།
གཤིན་རྗེ་དང་ནི་དམག་ཟོར་སེར་ཆེན་སོགས།།
སྔོན་དུས་འཕྲིན་ལས་བསྒྲུབ་ལ་ཁས་འཆེ་བའི།།
དམ་ཅན་ཆོས་སྲུང་མཐུ་དཔུང་དུས་ལ་བབ།།
དམ་པ་ཞི་བར་གཤེགས་པའི་གྱོང་གུད་འདི།།
ས་ཆེན་གྱིས་ཀྱང་བཟོད་པར་མི་ནུས་ན།།
མི་སེམས་གཉོམ་པོས་སྡུག་ཡུས་ཐེག་དཀའ་བས།།
ཡང་སྤྲུལ་ཉི་གཞོན་རིང་མིན་འཆར་དུ་གསོལ།།
ཆོས་གྲོགས་དམ་པ་སྐྱ་འགོའི་ཁྱོམ་ཙཱ་རིན་པོ་ཆེ་ཞི་བར་གཤེགས་པའི་གཏམ་ངན་ཐོས་འཕྲལ། གདུང་འབོད་ཀྱི་ཚུལ་དུ་གྲོགས་ཐ་ཤལ་བ་དགའ་མིང་བས་ཐོལ་བྱུང་དུ་བྲིས་པ་དགེ།
ཞི་བར་གཤེགས་པས་མྱ་ངན་མཆི་མ་བཞུར།
དྷཱིཿཕུ་ཉི་གཞོན།
ཁྱེད་ནི་བསྟན་པའི་རྒྱལ་མཚན་དུ།།
ཡུན་རིང་བསྒྲེང་ན་འདོད་མོད་ཀྱང་།།
བློ་བུར་རྐྱེན་ངན་ཞིག་གིས་ནི།།
ཞི་བར་གཤེགས་པའི་སྐད་ངན་ཐོས།།
མི་རྟག་སྒྱུ་མའི་གྲོང་ཁྱེར་ན།།
མི་དབང་ཁྱེད་འདྲ་གཤེགས་སོ་སྐད།།
མི་འདོད་སྐྱོ་བས་གདུང་བས་ནི།།
ཞི་བར་གཤེགས་པའི་མཆི་མ་བཞུར།།
ཡང་དར་བསྟན་པའི་རྔ་བོ་ཆེ།།
ཡང་ཡང་ལྡིར་བར་རེ་ཞིང་སྒུག།
ཡང་སྤྲུལ་ཉི་མ་གཞོན་ནུ་དེ།།
ཡང་དག་མཁའ་ལ་འཆར་དགོས་སོ།།
སྐྱ་འགོ་དགོན་པའི་ཨ་ལགས་ཁྱོམ་ཚ་ཀླུ་སྒྲུབ་རྒྱ་མཚོ་ཚང་སྐུ་གཤེགས་པའི་སྐད་ངན་ཐོས་རྗེས་ཕངས་སེམས་དང་བཅས་བྲིས་པའོ།།
ཕངས་སེམས་དང་མྱ་ངན་འདྲིས་མའི་འབོད་སྒྲ།
རྔ་བ་འཇམ་མེ།
སྔོན་བྱོན་དཔའ་བོ་དག་གི་རྗེས་ཤུལ་དུ།།
རེ་བ་ཆེ་བའི་སྐྱེས་བུ་རླབས་ཆེན་ཞིག།
མཛད་འཕྲིན་བསྐྱངས་པའི་ཐུགས་སྟོབས་མ་རྫོགས་གོང་།།
དགོངས་པ་ཆོས་དབྱིངས་ཐིམ་ལ་སྙིང་ནས་སྐྱོ།།
གྲུབ་མཐའ་ཕན་ཚུན་བར་གྱི་མཐུན་ལམ་ལ།།
ནམ་ཡང་ཐུགས་ཁུར་གནང་བའི་དཔའ་བོ་ཞིག།
ཞིང་ཁམས་གཞན་དུ་གཤེགས་པའི་གནས་ཚུལ་དག།
ཐོས་པས་ཕངས་སེམས་དྲག་པོས་ཡང་ཡང་འབོད།།
འདས་པའི་ལོ་རྒྱུས་དག་ལ་རྒྱུས་མེད་ཀྱང་།།
རྒྱལ་ས་པེ་ཅིན་གྲོང་གི་གྲུ་ཟུར་ན།།
ཟླ་གཅིག་ལྷན་དུ་འགྲོགས་པའི་འབྲེལ་འདྲིས་ཀྱིས།།
གྲོགས་པོ་རྙིང་བ་ཞིག་གི་བག་ཆགས་བཞག།
ཟླ་གཅིག་འགྲོགས་པའི་དུས་ཡུན་ཐུང་ན་ཡང་།།
བརྩེ་གཅིག་དུང་བའི་ལས་དབང་རྒོད་པོ་ཡིས།།
བརྗེད་ཐབས་མེད་པའི་དུང་སེམས་ཟབ་མོ་ཞིག།
སེམས་ལ་བཞག་པའི་བག་ཆགས་ཡལ་ཐབས་མེད།།
ཅེས་ཨ་ལགས་ཁྱོམ་ཚ་རིན་པོ་ཆེ་མཆོག་དང་ལྷན་དུ་རྒྱལ་ས་པེ་ཅིན་དུ་ཟླ་གཅིག་གི་ཟབ་སྦྱོང་རིང་མཉམ་འགྲོ་མཉམ་འདུག་བྱས་པའི་གྲོགས་མཆེད་དུ་འབོད་པ་རྔ་བ་འཇམ་མེ་ནས་མྱ་ངན་གྱི་གདུང་སེམས་དང་བཅས་བྲིས་པའོ། །2018.10.7 ཉིན།
རྗེས་དྲན།
འཇིགས་མེད་གྲགས་པ།
ལྔ་རིག་གཞུང་ལ་སྦྱང་བའི་བརྩོན་ལྡན་པ།།
བླང་དོར་གནས་ལ་དཔྱོད་པའི་ཤེས་རབ་ཅན།།
ཁྱེད་ཀྱིས་བཞག་པའི་རྣམ་དཀར་མཛད་བཟང་དེ།།
སྙིང་གི་དཀྱིལ་དུ་སྒོམ་པའི་དཔལ་དུ་བཞད།།
ཁྱེད་སྐུ་ཉི་མ་ནུབ་རིའི་ཕར་ནང་ལ།།
བསམ་བཞིན་བྱོན་པ་ཅི་ཡི་དོན་དུ་ལགས།།
མ་དག་ཞིང་གི་འགྲོ་བའི་གྲོང་ཁྱེར་འདིར།།
གང་གིས་མ་བཏུལ་འགྲོ་བ་གྲངས་མེད་ཡོད།།
ཟླ་གཅིག་འགྲོགས་པའི་དུས་ཡུན་ཐུང་ན་ཡང་།།
བྱམས་བརྩེས་སྐྱོང་མཁས་གནང་བའི་ཆོས་གྲོགས་ཁྱེད།།
ཡིད་ཀྱི་དྭངས་པ་འདྲེན་པའི་དྲན་ཤིང་ཉིད།།
འཕྲད་ཀྱང་འབྲལ་བའི་ལས་དེ་སྐྱོ་བ་ལ།།
ཆོས་ཀྱི་མཆེད་གྲོགས་དམ་པ་ཨ་ལགས་ཁྱོམ་ཙཱ་རིན་པོ་ཆེ་ཚང་སྐུ་ཞི་བར་གཤེགས་པ་ཐོས་རྗེས། མྱ་ངན་གྱི་མཆི་མ་ཞིག་གི་དོད་དུ་ཁོང་དང་མཉམ་དུ་ཟླ་གཅིག་གི་ཟབ་སྦྱོང་རིང་མཉམ་འགྲོ་མཉམ་འདུག་བྱས་པའི་གྲོགས་མཆེད་དུ་འབོད་པ་འཇིགས་མེད་གྲགས་པས་རྔ་ཡུལ་གནམ་ལྕགས་དགོན་ནས་2018-10-7ཉིན་ཤར་མར་བྲིས།
མྱ་ངན་ཞུ།
ངག་དབང་མཐོང་གསལ།
ཀྱེ་ཧུད་འཆི་བདག་ཕོ་ཉ་ཡིས། །
གློ་བུར་ལྔ་བའི་ལམ་ཉིད་དུ། །
ཁྱོད་ཉིད་དྲངས་པ་ཐོས་ཙམ་གྱིས། །
སེམས་ལ་སྐྱོ་བ་རབ་ཏུ་སྟེར། །
ཤུལ་དུ་ལུས་པ་མཐའ་དག་ལ། །
སྡུག་གིས་མུན་པ་ཐོལ་གྱིས་འཐིབས། །
གདུང་བའི་སྨྲེ་སྔགས་དབྱངས་སུ་གྱེར། །
མཆི་མའི་མུ་ཏིག་ས་ལ་འཐོར། །
ཀྱེ་མ་གདུལ་བྱའི་བསོད་ནམས་ཀྱིས། །
མ་ཐེག་ཞིང་གཞན་ཕེབས་པ་སྔ། །
ཡང་སྤྲུལ་ནམ་མཁའི་ནོར་བུ་མཆོག །
འགྲོ་བའི་མགོན་དུ་འཆར་བར་ཤོག །
ནང་གྲོགས་ཁྱོམ་ཚ་རིན་པོ་ཆེ་བདེ་བར་གཤེགས་པ་ལ་བསྟན་བདག་ཅིག་གི་མིང་ཙམ་འཛིན་པ་ངག་དབང་མཐོང་གསལ་གྱིས་ཕུལ།
མྱ་ངན་དང་གདུང་སེམས་མཉམ་སྐྱེས།
མཁན་ཀླུ་སྒྲུབ་དབང་ཕྱུག
དགོན་སྡེ་ཕན་ཚུན་ཐུགས་མཐུན་ནང་གཙང་དགོས་ཞེས། །
བསྟན་ལ་ལྷག་བསམ་དཀར་ཞིང་ངང་རྒྱུད་བཟང་བ། །
ཆེ་ཚུགས་མི་འཛིན་ཁ་མཚར་རྩེད་མོར་དགྱེས་པའི། །
ཁྱོམ་ཚ་ཁྱེད་སྐུ་གཤེགས་འདིས་སྙིང་ཁམས་སྟོང་སོང་། །
དར་མའི་ལང་ཚོ་འཇའ་ཚོན་དཔེ་ལ་བསམ་ཡང་། །
གཡར་མའི་ལུས་པོ་རླུང་གསེབ་མར་མེར་དྲན་ཡང་། །
གཅེས་པའི་ཚེ་སྲོག་ནམ་མཁའི་གློག་ལ་བསྡུར་ཡང་། །
སྐྱོ་བའི་མིག་ཆུ་བཞུར་བ་བསུབ་ཐབས་མི་འདུག །
མི་རྟག་འཆི་བ་ཟེར་བའི་བསམ་ནག་གན་གིས། །
གཞན་དོན་ཁུར་དུ་འཁྱེར་བའི་སྐྱེས་ཆེན་ཁྱེད་འདྲ། །
བསྟན་དང་འགྲོ་བའི་དཔལ་དུ་བཞུགས་དབང་མེད་པར། །
འདི་ལྟར་ལྔ་ལམ་དེད་འདི་སེམས་ཀྱིས་མི་བཟོད། །
ཁྱེད་སྐུའི་ཡང་སྲིད་སླར་ཡང་བཞད་པའི་ཚེ་ན། །
བླ་མ་ལྷ་དང་མཆོག་གསུམ་སྲུང་མའི་ཐུགས་རྗེས། །
བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་ཞིང་། །
བསྟན་འགྲོའི་དོན་ཆེན་གེགས་མེད་མྱུར་དུ་འགྲུབ་ཤོག །
རྗེས་སུ་དྲན་པ།
བློ་གྲོས་ཟླ་བ།
སྔོན་ལས་ཆུ་འཛིན་ཕྲེང་བ་གཡོ་བ་ལས། །
མཛའ་བརྩེ་བདུད་རྩིའི་ཟེགས་མ་འཛུམ་དང་ལྷན། །
མཇལ་འཛོམས་རླུང་གི་རྒྱལ་མཚན་བརྗིད་པའི་གཟིས། །
དྲན་སེམས་ཡིད་ཀྱི་དགའ་སྟོན་ཟད་མེད་འཁྱིལ། །
སྐུ་ཡི་མཚན་དཔེའི་ཟླ་གཞོན་འཛུམ་རླབས་ཀྱིས། །
བསྟན་འགྲོའི་དོན་ཆེན་འོད་དཀར་སྤྲོ་བཞིན་དུ། །
ཉེ་ཞོ་ར་ཧུ་ལ་ཡི་གདུག་རྩུབ་ཀྱིས། །
བཟོད་མེད་སྡུག་གི་ན་ཟུག་སྟེར་འདིས་སྐྱོ། །
ཞེས་སྐྱ་འགོ་དགོན་པའི་ཨ་ལགས་ཁྱོམ་ཚ་རིན་པོ་ཆེ་སྐུ་ཞི་བར་གཤེགས་པར་གདུང་སེམས་དང་ཞེ་ཕངས་སེམས་ངང་ནས་གྱི་ན་བ་བློ་གྲོས་ཟླ་བས་2018/10/7
གདུང་དབྱངས།
སོག་ཚང་ཚུལ་ཁྲིམས།
རྣམ་དཔྱོད་ཆུ་འཛིན་གླལ་བའི་གདེངས་ཀ་ནས།།
གཞན་ཕན་གྲུ་ཆར་འཇོ་བ་སྐྱེ་དགུའི་མགོན།།
གློ་བུར་སྣང་སྟོང་ཀུན་གསལ་འབྱམས་ཡངས་སུ།།
གཟིམས་པས་ས་འཛིན་ཁྱོན་ཡངས་གདུང་བས་མནར།།
དམ་པ་གང་ལ་གདུང་དབྱངས་སུ་གུས་ཕྲན་སོག་ཚང་ཁྲིམས་ནས།
དཀོན་མཆོག་གསུམ་པོ་མཁྱེན་ཡིད་སྐྱོ་པའི་གནས་ཚུལ།
—-ཆོས་གྲགས།
སྐྱ་འགོ་དགོན་པའི་ཨ་ལགས་ཁྱོམ་ཚ་ཀླུ་སྒྲུབ་རྒྱ་མཚོ་རིན་པོ་ཆེ་ཚང་སྐུ་གཤེགས་སོང་། ཨ་ལགས་ཁྱོམ་ཚ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པའི་གནས་ཚུལ་ཡིད་སྐྱོ་དགོས་པ་ཐོས་འཕྲལ་སྙིང་ཐག་པ་ནས་སེམས་ཕམ་དང་གདུང་སེམས་མཉམ་བསྐྱེད་ཡོད་པ་གཞིར་བཅས་ཁོང་རིན་པོ་ཆེ་ནི་གྲུབ་མཐའ་ཕན་ཚུན་བར་ལ་མཐུན་སྒྲིལ་དང་བསམ་བློ་བ་སོགས་གང་ཅིའི་ཐད་ནས་བྱ་བ་རླབས་ཆེན་སྒྲུབ་ནུས་པའི་སྤྲུལ་སྐུ་ངོ་མ་ཞིག་ཡིན་པས་ཁོང་སྐུ་ཞི་བར་གཤེགས་པ་ནི་ཁ་ཞེ་གཉིས་མེད་ཀྱིས་ང་ཚོ་ཚང་མའི་གྱོང་གུད་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
བཞུད་པ་སྔ་བར་ཕངས་སེམས་སྙིང་ནས་སྐྱེས།
སྟོབས་རྒྱས།
འགྲོ་བའི་བདེ་རྩ་བསྟན་པ་ཉག་གཅིག་ངེས། །
བསྟན་པ་དེ་ཡང་དེ་འཛིན་སྡེ་ལ་རག །
དེ་འཛིན་སྡེ་ཡང་ཕྱོགས་ཡོངས་མཁྱེན་པ་ཡི། །
སྤྲུལ་བའི་སྐུ་ཡིས་བསྐྱང་ན་ཕན་རླབས་ཆེ། །
ཕན་རླབས་ཆེར་བཞག་གང་ཉིད་གང་དུ་བཞུད། །
བཞུད་པ་སྔ་བར་ཕངས་སེམས་སྙིང་ནས་སྐྱེས། །
ཞེས་མཆེད་གྲོགས་དམ་པ་ཨ་ལགས་ཁྱོམ་ཚ་རིན་པོ་ཆེ་སྐུ་གཤེགས་པའི་གནས་ཚུལ་ཐོས་པས་ཕངས་སེམས་དང་སྐྱོ་བས་བྲིས་པའོ། །
རིན་པོ་ཆེ་ཞི་བར་གཤེགས་པ་གོ་རྗེས།
ཁཱ་ཤེས་རབ་རྒྱ་མཚོ།
དེ་རིང་ཉིན་དཀྱིལ་དུ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྐྱ་འགོ་དགོན་དགའ་ལྡན་ཆོས་འཁོར་གླིང་གི་བསླབ་གསུམ་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་ཨ་ལགས་ཁྱོམ་ཚ་སྐུ་ཕྲེང་བཅུ་གཅིག་པ་ཁྱོམ་ཚ་ཀླུ་སྒྲུབ་རྒྱ་མཚོ་སྐུ་ཞི་བར་གཤེགས་པའི་གནས་ཚུལ་ཞིག་སྐད་འཕྲིན་གྱི་ཚོམས་ཤིག་ཏུ་ཐོན་འདུག སྐབས་དེར་བདེན་མིན་ཅི་ཆ་སྙམ་སྟེ་སེམས་ནས་མི་བདེན་པར་སྨོན་ལམ་བཏབ་པ་ཡིན།
ཡིན་ནའང་ངའི་སེམས་དབུས་སུ་ནམ་ཡང་བསྟན་འགྲོའི་དོན་ཆེན་འདེགས་པའི་ཀྭ་ཆེན་ཁོང་རེ་ཞིག་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟི་བརྗིད་ཀྱིས་འགྱེལ་བ་ནི་བཟོད་མི་བཏུབ་པའི་རྣམ་ཐར་ཞིག་ཡིན་མོད་དེ་ནི་བདེན་པ་རང་རེད།
གང་ལྟར་རིན་པོ་ཆེ་ཁོང་གིས་ཁྱུང་མཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་བཞེས་ཏེ་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་གི་སྐྱིད་སྡུག་མཉམ་གཉེར་སོགས་ལ་གྲུབ་འབྲས་རླབས་ཆེན་གྱི་ཕྱག་ལས་གང་མང་གནང་པ་ནི་ས་དེའི་མི་མང་པོ་ཞིག་གིས་མ་ཎི་བཞིན་འདོན་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད།
དེ་བས་ང་ཚོའི་སེམས་ངོར་རིན་པོ་ཆེ་ཁོང་རྟག་བརྟན་མི་འགྱུར་གྱི་རྡོ་རིང་བཞིན་མངོན་པར་འགྱིང་ཡོད་པའི་ཚོར་སྣང་སྐྱེས་ཆོག་ལ། སྤྱི་ལོ་༢༠༡༧ལོར་ང་ཚོ་མཉམ་དུ་པེ་ཅིན་གསབ་སྤྱོང་འཛིན་གྲྭར་ཞུགས་པས་རིམ་བཞིན་སེམས་པ་ཤ་འདྲིས་པགས་འདྲིས་སུ་གྱུར་སོང་བ་ལྟ་བུའི་སློབ་གྲོགས་ཕན་ཚུན་ལ་བརྩེ་བ་ཆགས་ཡོད། ང་ཚོ་འཛིན་གྲྭ་ཡོངས་ཀྱི་སློབ་གྲོགས་བར་དུ་དབུལ་ཕྱུག་དང་གོ་ཐོབ་ལ་དབྱེ་འབྱེད་མེད་པར་འདྲ་མཉམ་དང་ཐུན་མོང་གིས་ཟླ་གཅིག་ལྷག་དགའ་སྤྲོས་སྐྱེལ་བའི་རྣམ་པ་དེ་ནི་ད་ཚོད་བསམས་ན་ངོ་མ་བསོད་ནམས་ཆེན་པོར་མཐོང་ལ། ང་རང་སྐྱེས་ཆེན་ཁྱེད་ཅག་དང་ལྷན་དུ་མཉམ་འགྲོ་མཉམ་འདུག་དང་ལྷག་ཏུ་དགའ་བ་ངེད་གཉིས་ཀྱིས་འཛིན་དཔོན་གྱི་མིང་བྱང་ཞིག་ཁུར་བའང་རྙེད་དཀའ་བའི་གོ་སྐབས་ཤིག་ཏུ་བསྒོམས་ཡོད།
དེ་རིང་སྤྲུལ་པའི་སྐུ་མཆོག་ཁོང་ལ་འབྲེལ་ཡོད་ཀྱི་མཁས་དབང་དང་སློབ་བུ་རྣམས་ཀྱི་གཙོས་མི་རིགས་དང་སྐད་ཡིག་ལ་ཤ་ཞེན་ཆེ་བའི་གྲོགས་རིགས་པ་སྨྲ་བ་དག་གིས་ཚིགས་བཅད་ལྷུག་སྤེལ་མ་གང་རུང་གི་ལམ་ནས་དྲངས་ཏེ་རྗེས་དྲན་རྩོམ་ཡིག་གྱ་ནོམ་པ་རེ་གནངས་པར་ཆེད་དུ་བཀའ་དྲིན་ཞུ་བ་དང་ལྷག་ཏུ་པེ་ཅིན་གསབ་སྦྱོང་གི་སློབ་གྲོགས་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱིས་དགོན་པར་གདུང་མཆོད་དང་རྗེས་དྲན་རྩོམ་ཡིག་གང་མར་འབྱོར་བར་བཀའ་དྲིན་ལན་བརྒྱར་ཞུས་པ་ལགས་སོ། །
ཨ་ལགས་ཁྱོམ་ཚ་རིན་པོ་ཆེའི་སློབ་གྲོགས་ལྷན་རྒྱས།
རྔ་ཡུལ་ཀིརྟིའི་དགོན་ཆེན་དུ་བསྔོ་འབྲེལ་ཕུལ་བ།
རྔ་ཡུལ་ཁཱ་ཤཱི་དགོན་དུ་བསྔོ་འབྲེལ་ཕུལ་བ།
མཛོད་དགེའི་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་བསྔོ་འབྲེལ་ཕུལ་བ།
ཛམ་ཐང་གཙང་བ་དགོན་ཆེན་དུ་བསྔོ་འབྲེལ་ཕུལ་བ།
མཛོད་དགེའི་དྷཱིཿ ཕུ་ཆོས་རྗེ་དགོན་དུ་བསྔོ་འབྲེལ་ཕུལ་བ།
འབར་ཁམས་ཚོ་བདུན་ཀིརྟིའི་དགོན་ལ་བསྔོ་འབྲེལ་ཕུལ་བ།
མཛོད་དགེའི་སྟག་ཚ་དགོན་ལ་བསྔོ་འབྲེལ་ཕུལ་བ།
ཁྱུང་མཆུ་རྫོང་དཔལ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་དུ་བསྔོ་འབྲེལ་ཕུལ་བ།
རྔ་ཡུལ་གནམ་ལྕགས་དགོན་དུ་བསྔོ་འབྲེལ་ཕུལ་བ།
རྔ་ཡུལ་ཨ་འདུས་ཡག་འགོ་དགོན་དུ་བསྔོ་འབྲེལ་ཕུལ་བ།
ཛམ་ཐང་རྫོང་རྡོ་གཡུ་ཐོག་དགོན་དུ་བསྔོ་འབྲེལ་ཕུལ་བ།
ཟུང་ཆུ་རྫོང་སེར་པོ་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་བསྔོ་འབྲེལ་ཕུལ་བ།
རྔ་ཡུལ་ཇོ་ནང་བསེ་དགོན་པར་བསྔོ་འབྲེལ་ཕུལ་བ།
རྒྱ་རོང་ད་ཚང་དགོན་དུ་བསྔོ་འབྲེལ་ཕུལ་བ།
གསར་འགོད་པ། ཁཱ་ཤེས་རབ་རྒྱ་མཚོ།
|