མི་མཐུན་གཡུལ་རྒྱལ་གྱི་གཟིགས་རྒྱང་ལ་ལྟ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མི་མཐུན་གཡུལ་རྒྱལ་གྱི་གཟིགས་རྒྱང་ལ་ལྟ་བ།
མི་མཐུན་གཡུལ་རྒྱལ་གྱི་གཟིགས་རྒྱང་ལ་ལྟ་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/10/10ལྟ་ཀློག (3775)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་བུ་མེ་སོན་གྱིས་བཀའ་དྲིན་ཆེ་བའི་དགེ་རྒན་ཆེན་མོ་ཟམ་ཚ་ཚེ་རིང་དོན་གྲུབ་ལགས་ཀྱི་མི་མཐུན་གཡུལ་རྒྱལ་གྱི་གཟིགས་རྒྱང་ལ་མཇལ་བ།

     ཤེས་རབ་ཀྱི་ཁེབས་རྒྱས་སྟོངས་པ། ཐོས་པའི་མཐའ་རྒྱ་མ་ཆོད་པ་བདག་གིས་ལོ་དུ་མའི་སྔ་ནས་དམ་པ་གང་གི་ཐུགས་དཀྱེལ་ལས་ཡོན་ཏན་ཤས་ཙམ་བགོ་སྐལ་དུ་བྱུང་ན་སྙམ་པའི་འདོད་པས་ཡིད་བསྲེགས་ཤིང་། ལན་གྲངས་དུ་མར་ནན་གྱིས་བསྐུལ་བ་དང་ལས་འབྲས་ཀྱིས་མཚམས་སྦྱར་བའི་མཐུས།ལར་ལན་དང་རྣམ་སྨིན་ལ་མི་ལྟ་བའི་ཁས་བླངས་འདོད་ཐོག་ཏུ་སྨིན་ནས་འཇུག་འདོད་ཀྱི་གང་ཟག་རང་འཆད་པའི་རྗེས་སུ་བཟུང་། དོན་བྱ་ཆེ་བས་ལོང་མེད་ཀྱང་ཕན་འདོགས་དང་ཁས་འཆེ་བའི་མཐའ་ལས་མི་འདའ་བའི་སྤྱོད་པས་བརྡ་སྤྲོད་དང་། སྙན་ངག  ལོ་རྒྱུས།  ཁྲིམས་ལུགས། སྒོས་ལུགས་ཀྱི་བསྟན་བཅོས་འདིའི་གདམས་ངག་གི་ཡུལ་ནས་མ་བཏང་བ་སྐུ་དྲིན་ཆེ་བས་ནམ་དུ་ཡང་གནས་ལུགས་རྟོགས་པའི་ཤེས་རབ་ལ་སྐྱབས་སུ་མཆིའོ།།
བཤད་ན་རྒྱ་ཆེ། བགྲངས་ན་གྲངས་མང་། བཤིགས་ན་དོན་ཞིབ་པའི་དཔེ་བཞིན། དམ་པའི་སྐུ་དྲིན་དྲན་པ་དང་། ཤེས་པའི་གོམས་ཆ་སྐྱོང་འདོད་ཙམ་ལས་འོས་པ་མིན་ཡང་། རང་བཟོ་དང་ཕོ་ཚོད། དམ་པ་ཁོའི་ངོ་བསྲུངས་དང་ཇོ་བཟང་གི་མིང་འཚོལ་བ་སོགས་རེ་ཞིག་སྤངས། ད་ལྟའི་ཆེ་དགུར་རློམ་པ་ཀུན་གྱི་སྙིང་ལ་རྒྱལ་འགོང་གི་མཚང་བཅས་ནས་ཁ་ཕྱིར་བལྟས་སུ་སོང་བའི་དུས་འདིར། ཁམས་དང་བསམ་པ་ཇི་ལྟ་བ་བཞིན་ཤེས་རབ་འཕེལ་ནུས་པའི་གོ་བ་མི་སྐྱེད་མོད་ལུགས་ཀྱི་བསྟན་བཅོས་འདིའི་ཆེ་བ་དང་གཟིགས་རྒྱང་ལ་མངོན་པར་དགའ་བས། མཁས་ཀྱང་དམན་དུ་ལྟ་འདོད་མ་ཡིན་པའི་སྐྱེས་བུ་བློ་གཟུ་བོར་གནས་པ་དག་ལ་ཕན་པར་གྱུར་ན་སྙམ་པ་ཐོག་མའི་བྱ་བ་སེམས་བསྐྱེད་པའོ།།

     ནོན་ཆ་དོན་གྱི་ལྕིད་མེད་ན་རྣམ་འགྱུར་རྩུབ་མོས་ཕ་རོལ་གཡོ་མི་ཐུབ་པ་བཞིན། སྡེབ་སྦྱོར་ཁོ་ན་སྲོག་ཏུ་མ་བཟུང་བའི་བརྗིད་ལ་ནོན་དང་ལྡན་པ།  དཔྱད་པའི་ཕུ་ཐག་ཆོད་པ། རྩོམ་པའི་རང་ཚུགས་ཟིན་པའི་ཁྱད་ཆོས་གསུམ་ལྡན་གྱི་ལུགས་ཀྱི་བསྟན་བཅོས་འདི་བརྩམས་ནས་ལོ་ངོ་བདུན་ཙམ་འདས་ཀྱང་།  མཁས་པ་དུ་མས་མཐོང་ན་ཇི་མི་སྙམ་པར་བཞག་པ་དང་། ཆབ་སྲིད་ཀྱི་མིག་འབྲས་སྐམ་པ། སྙན་ཚིག་གི་སྣང་བས་ཡན་པ།  རིགས་པའི་དཔྱད་པ་མ་རྫོགས་པ། སྟོང་འུར་གྱི་གཏམ་ལ་དགའ་བ་ཚོས་བམ་བཀླགས་རེ་བྱས་ནས་ལོ་རྒྱུས་ཁོ་ནའི་དཔྱད་ཞིབ་ཙམ་དུ་འཇོག་པ་འདིས་གཅིག་ཏུ་ན། རང་ཡུལ་གྱི་མི་རྣམས་ཆབ་སྲིད་ཀྱི་རྟོགས་པ་དམའ་བས་དོན་མ་གོ་བར་ཟད་ལ། གཉིས་སུ་ན་གཙོ་ཕལ་གྱི་རྣམ་བཞག་ལ་འཐོམས་པའི་ངེས་ཤེས་སྐབས་དང་སྐབས་སུ་འདྲོངས། བསྟན་བཅོས་འདིའི་ནང་གདོད་མའི་སྤྱི་ཚོགས་ནས་ད་ལྟའི་ཡུན་གྱི་བོད་མི་རིགས་རང་གི་བྱུང་བ་ལས་འགངས་ཆེ་བ་དག་ཆབ་སྲིག་རིག་པའི་སོ་ཁ་ནས་འགལ་འབྲེལ་གྱི་ཕུགས་ལྟ་བ། དམངས་གཙོའི་ཡུས་ཁ་ནས་ཆོས་སྲིད་ཟུང་གི་མཐའི་བཞེད་དགོངས་འཚོལ་བ། འཛམ་གླིང་ཤར་ནུབ་ཀྱི་ཆབ་སྲིད་བཞེད་པ་དང་བོད་རང་གི་ལུགས་ཟུང་བསྟན་བཅོས་དག་གི་གཟིགས་རྒྱང་གོ་བསྡུར་བ། རང་དབང་དང་དམངས་གཙོ། འདྲ་མཉམ། སློབ་གསོ། ལམ་ལུགས། ཀུན་སྤྱོད་བཅས་ཀྱི་ཆེ་བ་འདོན་པ་སོགས་དོན་བརྗིད་པས་བརྗིད་པ་དང་། མགོ་མཇུག་བར་གསུམ་མང་ལ་འབྲེལ་མེད། དཔེ་དང་དོན་འགལ། དཔེ་མང་ཁུར་དུ་ལུས་པ།  འབེན་དྲུང་དུ་བཞག་ནས་མདའ་རྒྱང་དུ་འཕེན་པ། རྐུན་མ་ནགས་ལ་ཤོར་ནས་རྗེས་སྤང་ལ་གཅོད་པ། འདྲེ་ཤར་སྒོ་བཞག་ནས་གླུད་ནུབ་སྒོར་གཏོང་བའི་དཔེར་མ་གྱུར་བར། སྔ་ཕྱི་འབྲེལ་ཆགས་པ། དོན་གྱི་གནད་ཟིན་པ། ལོ་རྒྱུས་ཀྱི་རྒྱུན་ཐག་གཅིག་ལ་མནན་པས་ནོན་པ་ཞེས་ཁྱད་ཆོས་གཅིག་ཏུ་བགྲངས་པའོ།།

       མིའི་རིགས་ཀྱི་ཡུལ་དུས་གང་ལ་ཡང་འབྱོར་བ་རྨང་གཞི་བྱས་པའི་འགལ་འབྲེལ་ཐོག་བསྐོས་པའི་རྒྱལ་བོ་དང་དམངས་གཙོའི་ལམ་ལུགས་ཀྱི་རྩ་བ་ཐོག་མར་ཚུགས་པ་བཞིན། འབྲུ་ལ་མ་འཆམ་པ་ཞེས་པའི་འབྲུ་ནི་དཔལ་འབྱོར་གྱི་རྨང་གཞི་དང་། མ་འཆམ་པ་ནི་བགོ་བཤའ་ལམ་ལུགས་ལས་བྱུང་བས་སྟེང་གི་བཀོད་པའི་ཁོངས་སུ་གཏོགས་པ་ཤིན་ཏུ་ངེས། བོད་རང་གི་ཤེས་པ་ཅན་བཅུ་གཉིས་ཀྱིས་མཆིད་བགྲོས་ཏེ་ཁྲི་ལ་མངའ་མཛད་ཅེས་པ་ནས་གྲོས་ལ་དབང་བའི་སྲིད་ཀྱི་སྲོལ་ཆེན་ཕྱེས་ཡོད་དེ། ད་ལྟའང་དམངས་གཙོའི་རྒྱལ་ཁབ་གང་ཡིན་དུ་སྲིད་གྲོས་ཞེས་གྲོས་ལ་དབང་མིན་གྱིས་དམངས་གཙོ་དང་སྒེར་གཅོད་འབྱེད་པས་རྟོགས་ནུས། རྒྱལ་བོ་དང་སྐུ་གཤེན་ཕན་ཚུན་གཅིག་འོག་གཅིག་ཏུ་བསྡུ་འདོད་ཀྱི་འཆར་སྒོས། ཡུལ་དུས་ཀྱི་དགོས་དབང་དང་མཐུན་པའི་ལམ་ལུགས་སྣ་ཚོགས་བཟོས་པ་ལ་གདུང་རབས་ཉེར་བརྒྱད་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་བཤད། འདིའི་ཡན་གཙོ་བོ་ཆོས་ལུགས་རྒྱབ་རྟེན་དུ་བཅོལ་ནས་རང་དབང་གི་ཆབ་སྲིད་ལམ་ལུགས་བཙལ་བར་འབད་པ་དང་། ལྷ་ཐོ་ཐོ་རིའི་སྐབས་ནང་ཆོས་ཀྱི་ཉེར་ལེན་ཙམ་བཏབ་ཅིང་། དེ་ལ་གནམ་རི་སྲོང་བཙན་གྱིས་ཆབ་སྲིད་དང་དཔལ་འབྱོར་ལྷན་ཅིག་བྱེད་རྐྱེན་གྲོགས་སུ་སྦྱར་ནས་སྲོང་བཙན་སྐབས་རང་དབང་གི་སྲིད་ཀྱི་རྩ་བ་ཚུགས་ནས་ནང་ཆོས་ཀྱི་ལོ་མ་རྒྱས། འདི་ནས་མན་ཆད་ཁྲི་རལ་བ་ཅན་གྱི་བར་དུ་གཙོ་བོ་སྲིད་ཀྱི་དབང་ཤུགས་རྒྱབ་རྟེན་དུ་བཅོལ་ནས་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་ཤིང་རྟ་རྒྱལ་བོ་རང་ནས་བརྩམས་ཏེ་དམངས་གཙོའི་ལམ་དུ་དྲངས་པར་འབད་པས། དེའི་མཇུག་ཐོགས་སུ་བྱུང་བའི་བོད་ཀྱི་ཆབ་སྲིད་རིག་པའི་བསྟན་བཅོས་ཕྱི་མོ། རྒྱལ་འབངས་གཉིས་ལ་ལྟོས་པའི་དམངས་གཙོ་དང་རང་དབང་། འདྲ་མཉམ། དྲང་བཞག  སློབ་གསོ། འོས་འགན་དང་ཁེ་དབང་སོགས་བརྗོད་དོན་བཟུང་བའི་ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ་བྱུང་། སྒེར་གཅོད་ལམ་ལུགས་ཐལ་ཆེ་བའི་ཡུལ་དུས་གང་དུའང་བརྗོད་བྱ་དེ་ལྟ་བུའི་བསྟན་བཅོས་ཤིག་འབྱུང་ཐབས་མེད་པས་ཆབ་སྲིད་རིག་པའི་བསྟན་བཅོས་དེ་ལྟ་བུ་བྱུང་བ་ལ་དམངས་གཙོའི་ལམ་ལུགས་ལམ་ལྷོངས་ཤིག་ཅིས་ཀྱང་སྦྱོར་བའི་ཚུལ་དུ་སོང་ཡོད་པ་དཔྱད་ན་བླུན་པོ་དག་ཀྱང་དགའ་བས་འཇུག་སླ། ས་ཕག་རིན་གཙང་ནས་དགའ་ལྡན་ཕོ་བྲང་བར་གཙོ་བོ་གཞན་གྱི་སྲིད་དབང་ལ་བརྟེན་ནས་རང་གི་ཆོས་ལུགས་གྲུབ་མཐའ་གང་ཡིན་རྒྱར་བསྐྱེད་པའི་རྣམ་པ་མངོན་ནའང་། སྐབས་དེ་དག་གི་མཁས་པ་གང་ཡིན་གྱིས་དགོངས་གཞི་དང་དགོས་པ་དུ་མས་ཆོས་ལུགས་ཁོ་ན་བདག་གིར་མ་བྱས་པར་སྔར་དཔེ་ཕྱི་འཇོག་ལྟར་ཆབ་སྲིད་རིག་པའི་བསྟན་བཅོས་གང་མང་མཛད།  ཤེས་པ་ཅན་བཅུ་གཉིས་ནས་དགའ་ལྡན་ཕོ་བྲང་བར་དམངས་གཙོ་དང་རང་དབང་། བདེན་པ། འདྲ་མཉམ། སློབ་གསོ་སོགས་ལ་གཡབ་མོ་དང་། འབོད་པ། འཛོམས་པ། འགྲོགས་པ། འདྲིས་པ་སོགས་བྱུང་ན་ཡང་། སྲིད་འབྱོར་རིག་གསུམ་མམ་དེང་གི་བརྡ་ལུགས་ལྟར་ན་ལམ་ལུགས་ཀྱི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་ཀྱི་འབྲས་བུ་ཡོངས་སུ་སྨིན་པ་ནི་དཔལ་ཕག་མོ་གྲུ་བའི་དུས་སྐབས་སུ་གྱུར།  རིམ་བཞིན་དམངས་གཙོ་དང་རང་དབང་། བདེན་པ། འདྲ་མཉམ། སློབ་གསོ་སོགས་མཚོན་པའི་ལམ་ལུགས་དེ་རབ་བྱུང་བའི་སྡེ་དང་ཁྱིམ་པའི་སྡེ་གཉིས་སུ་གྱེས་ཏེ་གཅིག་ནི་དགའ་ལྡན་གསེར་ཁྲིའི་ལམ་ལུགས་སུ་གྲུབ་ཅིང་། གཅིག་ནི་གླིང་དཀར་གསེར་ཁྲིའི་ངོ་བོར་གྲུབ། སྔ་མ་ནི་ལག་ལེན་དངོས་ཀྱིས་བསྐྱངས་པས་ད་ལྟའི་ཡུན་དུ་དར་བའི་རྩེ་མོར་ཕྱིན་པ་དང་། ཕྱི་མ་ནི་ཁ་སྒྲུང་ཙམ་དུ་ཟད་ནས་ལག་ལེན་དངོས་ཀྱིས་བོར་བས་རང་སྐེ་གཞན་ལག་ལ་ཤོར་བའི་རྐྱེན་དུ་གྱུར་བ་མ་ཡིན་ནམ། ད་ལྟའི་དུས་ན་ལོ་རྒྱུས་སྨྲ་བ་ང་ཡིན་རློམ་པ་རྣམས་ཀྱིས་གཉའ་ཁྲི་གནམ་ནས་བབས་མིན་དང་།  སྲོང་བཙན་གོང་དུ་ཡི་གེ་ཡོད་མེད།  ཆོས་ལུགས་པས་སྲིད་དབང་བརླགས་མིན། འཁྲུངས་འདས་ཀྱི་ལོ་ཚིགས་སྔ་རྗེས། ཨུ་དུམ་བཙན་པོ་བཀྲོངས་པས་གྱོང་བ་སོགས་དོན་མེད་པའི་དགག་བཞག་རྩོད་སློང་དང་། ཕུ་དོག་པའི་དཔྱད་ཞིབ་ཙམ་རེ་གནང་ནས་མཁས་སུ་འཆོས་པ་ལས་མེས་པོ་དག་གི་དམངས་གཙོ་དང་། རང་དབང་། འདྲ་མཉམ། སློབ་གསོ། ཀུན་སྤྱོད།  བདེན་པ་སོགས་ཀྱི་སྙིང་ཤ་གཞན་ལ་ངོམ་པ། དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ། རྩོད་སྒྲུབ་འབྲེལ་བ། དམངས་གཙོའི་ལམ་ལུགས།  ལྟ་བ་ཡངས་པ། སྤྱོད་པ་དོག་པ།  བསམ་པའི་བློས་བསླངས་སོགས་སྟོན་པའི་ལོ་རྒྱུས་ཀྱི་གླེགས་བམ་དང་ཆབ་སྲིད་རིག་པའི་བསྟན་བཅོས་འདི་ཉིད་ལས་མ་མཐོང་བས་ཚིག་ལས་དོན་ལ་དཔྱད་པའི་ཕུ་ཐག་ཆོད་པ་འདུག་ཅེས་ཁྱད་ཆོས་གཉིས་པར་བགྲངས་པའོ།།

       བསམ་པ་རྣལ་དུ་ཕབ་ན། བོན་སྒྲུང་ལྡེའུ་གསུམ་གྱི་སྲིད་བསྐྱངས་ཚུལ་གཟི་མིག་དགུ་བར་ལོ་རྒྱུས་རྐྱང་བ་ཤས་ཆེ་ལ་ལུགས་ཀྱི་བསྟན་བཅོས་ཟུར་ཙམ་བསྟན་པས་རྒྱན་ལྟ་བུ་དང་། དར་དཀར་མདུད་པ་རུ་བོད་མི་རིགས་དང་ནང་བསམ་པའི་ལོངས་སྤྱོད་ཀྱི་བྱམས་སྙིང་རྗེ་བཤད་པས་སྲོག་ལྟ་བུ། མི་མཐུན་གཡུལ་རྒྱལ་དུ་ཆབ་སྲིད་བསམ་བློ་དང་། ལམ་ལུགས་དཔལ་ཡོན་གྱིས་བསྐྱེད་པའི་གཞི་འབྱོར་བ། ལམ་ཆབ་སྲིད། འབྲས་བུ་འཇིག་རྟེན་པའི་ཡང་དག་ལྟ་བའི་བཞེད་དགོངས་དང་དེ་སྟོན་པའི་གཞུང་ལུགས་སོགས་བསྟན་པས་ལུས་ལྟ་བུར་གྲུབ། ལུས་སྲོག་རྒྱན་གསུམ་ཡ་བྲལ་དུ་མི་འགྲོ་བ་བཞིན་དམ་པ་ཁོང་གི་ལྟ་བ་དང་གཟིགས་རྒྱང་མཐའ་ཆོད་པ་ཤེས་འདོད་དག་གིས་དེ་གསུམ་ཁ་ལན་གྲངས་དུ་མར་གཟིགས་དགོས་པ་སྙིང་གི་དཀྱིལ་དུ་ཆོངས།
འོལ་ཚོད་ཀྱིས་ཡིན་ཐག་བཅད་པ་དང་།  ཁུངས་མེད་ཀྱི་ལྷ་སྒྲུང་འབྲི་བ། ཆེན་པོའི་ངོ་བསྲུང་དང་རྙེད་བཀུར་གྱི་གྲགས་པ།  གསལ་མིན་བཏང་སྙོམས་སུ་བཞག་པ།  སྒྲོས་དང་འགལ་གྱིས་དོགས་པ།  ལུང་ཚིག་ཕྱོགས་ནས་དྲིལ་བ། མཁས་ཚིག་རང་བཟོ་བྱས་པ། དོན་གྱི་ལུས་བོར་བ་སོགས་ཀྱི་ནོར་བས་བསླད་མ་འདྲེས་པར། རང་མི་རྒྱང་བཞག་དང་། གཞན་མི་ཉེ་འཇོག  ཁྱི་མོས་རིག་ནི་ཟུག  ཁྱི་ཕྲུག་གིས་མ་རིག་ཟུག་ཅེས་པ་ལྟར། རྒྱུས་ཡོད་མེད་ཐམས་ཅད་ནུབ་ཕྱོགས་སུ་གཏད་ནས་ཁ་གདངས་མིག་ཅེར་བའི་སྐབས། རིགས་འདི་ལ་འཛམ་གླིང་གི་ཆབ་སྲིད་རིག་པའི་བསྟན་བཅོས་དག་ལས་དམན་དུ་མི་འགྱུར་བའི་ཆབ་སྲིད་རིག་པའི་བསྟན་བཅོས་གང་མང་ཡོད་ལུགས་ལ་བདེན་པའི་ཤེས་བྱེད་བསྒྲུབས་ནས། རང་སྟོབས་ཀྱི་དཔྱད་པས་ཆོད་པ། གནས་ལུགས་ཀྱི་ཁུངས་བཙུན་པ།  གྲགས་འདོད་ཀྱི་ཆོས་བརྒྱད་ཆུང་བ། གསལ་མིན་གྱི་མཚམས་ཚིགས་མངོན་པ།  ལོ་རྒྱུས་ཀྱི་རྒྱབ་རྩ་ཕྱུང་བ། ཆབ་སྲིད་ཀྱི་གཏན་ཚིགས་བརྟན་པ། འགལ་འབྲེལ་གྱི་འགག་བཟུང་བ། དོན་གྱི་རྩ་ཟིན་པའི་རྩོམ་ཐབས་ཀྱིས་འོ་སྐོལ་ཕལ་བ་ཚོས་མཐོང་ཙམ་ནས་འཇིགས་པ་དང་བག་ཚ་བ། ཧ་ལས་པ། བློས་མི་དཔོགས་པར་འགྱུར་བ། བློ་ལྡན་མཁས་པ་རྣམས་ཀྱང་སྐབས་འགར་སྡོད་མི་ཚུགས་པར་འགྱུར་བ། བརྒྱ་ལ་མར་ཞབས་སུ་གཅོད་མཁན་བྱུང་ན་ཤེས་པ་རང་བཞིན་དུ་མི་གནས་པའམ་བསགས་པས་སྤྱན་མིག་སྟོང་བ་འབའ་ཞིག་ཡིན་ངེས་པར་མཆི་བས་གསུམ་དུ་བརྩིས་པའོ།། ཕྲན་ཆུང་གིས་ནོར་ལ་བརྩི་ཐང་དང་དམ་པའི་སྐུ་དྲིན་དྲན་པ་ཙམ་དུ་ཟད་ཀྱི། ཡང་ཡང་སྨྲ་རིན་ཆོག་པ་ཞིག་མེད་ནའང་དམ་པའི་ངོ་བསྲུང་དང་། གཅམ་ཚིག་བརྗོད་འདོད་ཀྱི་ཀུན་སློང་མ་དག་པ་རྩོམ་འདི་འབྲི་ཡུན་གྱི་སྐབས་གང་དུའང་མ་བྱུང་ཞེས་གནས་ལུགས་རྟོགས་པའི་ཤེས་རབ་དཔང་ལ་འཇོག་སྤོབས་པས་བསམ་བཞིན་ཀླན་ཀ་འཚོལ་འདོད་པ་རྣམས་ཀྱི་འདྲེ་ཁ་རྩད་ནས་ཆོད་པར་གྱུར་ཅིག
     ཕྱི་ལོ་༢༠༡༨ལོའི་དབྱར་ཟླ་ར་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ་ལ་དམ་པ་གང་གི་ཐུགས་ཉེ་བའི་སྲས་སུ་གྱུར་བ་མེ་སོན་དུ་གྲགས་པས་བྲིས་པ་དགེའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མར་མེ། སྤེལ་དུས:2018/10/1
བཀའ་དྲིན་ཆེ་རྟེན་འབྲེལ་ཞུ། དཔེ་དེབ་འདི་གང་ནས་ཉོ་ཐུབ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41151956
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1