རོལ་སྐུད་ཀྱིས་འཚེམ་བཞིན་པའི་འཇིག་རྟེན་ཁམས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »རོལ་སྐུད་ཀྱིས་འཚེམ་བཞིན་པའི་འཇིག་རྟེན་ཁམས།
རོལ་སྐུད་ཀྱིས་འཚེམ་བཞིན་པའི་འཇིག་རྟེན་ཁམས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/10/21ལྟ་ཀློག (3013)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

[ རོལ་སྐུད ] དངོས་མིང་ལ་འོད་གསལ་སྙིང་པོར་འབོད་ཅིང་། མིང་གཞན་ལ་འཆིང་ཞགས་ཞེས་ཀྱང་འབོད། ཉིས་སྟོང་གཅིག་ལོར་རྡོ་ཁོག་རི་ཐང་ཕྱུག་མོའི་འབྲོག་ཐང་ཞིག་ཏུ་སྐྱེས།  2014ལོའི་ལོ་སྨད་ཙམ་ལ་རྩོམ་རིག་འབྲི་བའི་ལམ་ལ་ཞུགས་ཏེ་ད་ལྟའི་བར་ལོ་ངོ་ལྔའི་རིང་སྙན་ངག་ཐར་ཐོར་རེ་བྲིས་ཤིང་།  ཀྲུང་གོ་བོད་ཀྱི་དྲ་བ།  ཚྭ་འདམ་དྲ་བ། མཚོ་སྔོན་པོ་དྲ་བ་སོགས་དྲྭ་ཚིགས་འགའ་རེ་དང་།  གཞན་ཡང་། རྔ་བའི་ཚགས་པར། ཁམས་པའི་ཚགས་པར། གཞི་ཀ་རྩེའི་ཚག་པར་སོགས་སུ་བཀོད་མྱོང་།

སྙན་ངག་ནི་རང་གི་ཤེས་རབ་ཀྱི་གཤོག་རྩལ་མཐོ་རུ་འདེགས་པའི་ལམ་གྲོགས་ཤིག
ཡང་ན།  སྙན་ངག་ནི་རང་གི་དཀའ་སྡུག་བརྗོད་ཆོག་པའི་ཨ་མ་ཞིག་ཡིན་པར་སྙམ།


ཕ་ཡུལ་གྱི་ཕྱི་ནང་།

རྔ་སིལ་དུང་གླིང་གི་སྒྲ་དབྱངས
ཕྱོགས་ཀུན་ནས་ལྡིར་ཞིང
བགྲེས་པོ་དང་གཞོན་ནུའི
སྐྱིད་སྡུག་གི་འཇིག་རྟེན་ཤོང་སའི་བྲང་ཁོག་ཅིག

གླང་ཆེན་འགྱིང་བ་ལྟ་བུའི་རི་བོ
སྐྲ་ལོ་གཟེང་བ་ལྟ་བུའི་སྨུག་པ
ཕ་ཡུལ་ན་ཆགས་འདུག
སུ་དང་གང་གི་རྩ་ལམ་གྱི་སྦུབས་སུ་ཀུ་ཅོ་དང
ཟིང་སློང་ཆོག་སའི་ཡུལ་ཁམས་ཤིག

ཨ་མའི་སྤྱན་ཟུང་།

ཨ་མ་ཕྱིར་ལ་མ་གཟིགས
མིག་མཐའ་ནས་གཙང་བོ་བཞུར་འོང
མིག་མཐའ་ནས་ཆར་བ་རྡོལ་འོང

ད་ནི་ཁྱེད་ཀྱི་སྐྲ་ལོ་ལ་ཁ་བ་འབབ་ཀྱིན་འདུག
ལུས་ཀྱི་སྙེ་མ་དེའང་རིམ་བཞིན་སྒུར་གྱིན་འདུག

ཡིན་ནའང་ཁྱེད་ཀྱི་བྱམས་བརྩེ་ལ་རྒུད་པ་གང་ནས་ཡོད
ང་ལ་སྲ་མཁྲེག་གི་བྱ་དངོས་མང་པོ
ཁྱེད་ཀྱི་ཤ་དང་ཁྲག་གི་ཉོས་པ་བརྗེད་མེད

དཀྱེལ་ཡངས་བློ་མིག་མཐོང་བའི་ནམ་མཁའ་རུ
ངའི་སྐྱིད་སྡུག་གི་ལས་དབང་ཞུ་ཆོག་སའི
མངའ་ཐང་ཆེན་པོ་ཞིག
དཀའ་སྡུག་བཟོད་སྲན་གྱི་ལ་མོ་བརྒལ་ནས་བཞེངས་པ
སྦྱིན་པའི་ཕར་ཕྱིན་ཀྱིས་བུ་ལ་བསྔོས་པ་བཀའ་དྲིན་ཆེ
ཨ་མ་་་་་

                                        218..10..14 ལ་ཕ་ཡུལ་ནས་གྲུབ། 


བོད་ཀྱི་མཚན་མོ།

སྙན་ངག
སྐྱེ་བ་འདིར་ཁྱེད་རང་འཚོལ་མཁན་ཤིན་ཏུ་མང་ཡང
ཁྱེད་ཀྱི་བླ་གནས་རེག་ཐུབ་མཁན་རེ་གཉིས་ལས་མེད
དེ་ལྟ་ནའང  ངའི་འཇིག་རྟེན་བློང་བློང་པོར་བསྒུལ་ཏེ
ངེས་དོན་བདེན་པའི་སྙན་ངག་རྐང་གཅིག་འབྲི་བར་གཞོལ་གྱིན་ཡོད

སྣང་སྟོང་གི་ནམ་མཁའི་སྒྲིབ་པ་དྭངས་རྗེས
ངའི་རྣམ་རྟོག་གི་འཇིག་རྟེན་ན
ཆོ་འཕྲུལ་གྱིས་ཡིད་བརྙན་བཞེངས་འདོད་མོད
ཡིན་ནའང   སྙན་ངག་ལ་སྐྱེ་འཆིའི་མངའ་ཐང་མང་བས  
འཆར་ཡན་གྱི་བློས་བསླངས་ཞིག་རལ་དུ་གྱུར


དེ་ལྟ་ནའང
ད་ནི་མར་མེ་བཞིན་ཁྱིམ་ཕུག་ཏུ་མི་འཚེར་བར
ད་ནི་འཆར་ཡན་བོར་རྗེས་ལ་ཕྱིར་བློ་མི་གཏོང་བར
ད་ནི་མ་རྙེད་པ་ལ་གུ་ཡངས་མི་གཏོང་བར
ད་ནི་རི་དྭགས་ལོང་བ་བཞིན་འཁྱམ་ཉུལ་མི་བྱེད་བར

ཕུག་འདུན་ཡོད་ཚད་སྐྱ་རེངས་བཞིན་མགུལ་དུ་སྒྲོན
རྣམ་ཤེས་ཀྱི་མདུན་ནས་མདུན་དུ་མི་ནུབ་པའི་འོས་ལངས་བྱེད
རྡུལ་ཕུང་བྱེ་བའི་མགོ་རྟིང་སློག་སྟེ་ནོར་བུ་བཙལ
ཧ་ཅང་ཞི་འཇམ་གྱི་ནགས་ཁྲོད་ནས
སྙན་ངག་གི་རྩྭ་ཆུར་རོལ་བར་བྱ།

2018:7:26བོད་ཀྱི་སྙན་ངག་མཚན་མོ་ལ།

ཨ་མའི་ལག་པ།
དྲིན་ཆེ་བའི་ཨ་མ་གོས་དཀར་སྐྱིད་ལ་ཕུལ་བ།

ཆུང་དུས་ནས་ངས་སྔུན་དུ
ཟས་འབགས་དང་ལྕི་བས་ཕྱུག་པའི་ལག་པ་དེ
གཤང་གཅི་འཕྱི་བྱེད་ཀྱི་རས་ཡུག་དང་འདྲ་བའི་ལག་པ་དེ

ལག་པ་དེ  རླུང་ཁ་ན་ཡོད་ལ
ལག་པ་དེ  མེ་ནུར་དང་ཙག་ནག་ནང་དུའང་ཡོད

དེ་ལྟ་ནའང 
ང་གྲང་དུས  ཉི་མ་ལྟར་དྲོ་བའི་ལག་པ་དེས་བྱམས་མྱོང་ལ
ང་དྲོ་དུས   ཟླ་བ་ལྟར་བསིལ་བའི་ལག་པ་དེས་བསྐྱངས་མྱོང

ལག་པ་དེས་ང་ལ་ཟས་ཀྱི་དྭངས་མ་སྟེར་ཞིང
ལག་པ་དེས  ང་ལ་འོ་ཇའི་ཁོལ་མགོ་དྲང་མྱོང
ལག་པ་དེས  ང་འཇིག་རྟེན་འགྲོ་སྟངས་ཀྱང་ཁྲིད་མོང

དེའི་ཕྱིར  ང་ལ་མཚོན་ན་ལག་པ་དེ་ནི
ཁུར་མོང་གི་རྣམ་ཤེས་སྟེར་བའི་དཀོན་མཆོག་གསུམ་ཡིན་ལ
ལོ་ཟླའི་བར་ཆད་བསལ་བའི་ཚེ་མདུད་ཅིག་ཀྱང་ཡིན
དེ་སྔ་ངས་ལག་པ་དེར་བཀའ་དྲིན་ཞུ་མ་མྱོང་ལ
ཐ་ན་རང་ཚོད་ཀྱིས་གཅེས་བྱམས་ཀྱང་ཤེས་མ་སོང

དེ་ལྟ་ནའང
ད་ནི་ངས  ལག་པ་དེའི་འགྲོ་འདུག་ཚང་མ
ང་སར་ཕྱོགས་ཡོད་པ་ཤེས་ལ   
ལག་པ་དེས་ང་ཐེངས་མང་པོ
བསྐྱབས་མྱོང་བའང་ཤེས་ཡོད

ང་ཡི་སྙིང་ཉེ་བའི་ཨ་མའི་ལག་པ
ཁྱེད་རང་འཁེངས་འཁོབ་ཏུ་མ་སོང་བར
དྲོད་ལམ་ལམ་དུ་འབར་བའི་སྨོན་ལམ་འདེབས

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41168535
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1