དགོན་པ་སོ་སོའི་ལས་སྣེ་ཚོས་ཤེས་པར་མཛོད།
༡ སྔོན་གླེང་།
ཁ་ཉིན་ཞིག་ལ། བླ་བྲང་གི་ཨ་ཁུ་དཔལ་ལྡན་གྱི་བཀའ་སློབ་ཅིག་རང་རང་གི་དྲྭ་ཚོམས་ག་སར་གང་དུ་ཁྱབ་གདལ་དུ་འགྲོ་བཞིན་འདུག་པས།
དེ་ལ་ཁོ་བོས་ཀྱང་རྣ་བ་གླགས་ཏེ་ཅུང་ཙམ་ཉན་པ་ན། འདུལ་བ་དང་མཐུན་པའི་གསུང་བཤད་ཧ་ཅང་ཡག་པོ་གསུང་འདུག་པར་མཐོང་། དེར་བརྟེན་མྱུར་དུ་གྲོགས་པོ་རྣམས་ལ་ཕར་བསྐུར་བ་ཡིན། འོན་ཀྱང་། ཁ་ཤས་ཀྱིས་སྐད་གསལ་པོར་གོ་གི་མི་འདུག་ཟེར་བ་སོགས་ལབ་གླེང་མང་དུ་བྱུང་བས། དེ་དག་ལ་ཕན་པའི་ཆེད་དུའང་ཡིན་མོད། གཙོ་བོ་ནི། དེང་སང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལས་ཚུལ་ཁྲིམས་འཆལ་བའི་མགོ་འཕང་ཇེ་མཐོར་འགྲོ་བཞིན་པ་དང་། དགོན་པ་ལ་ལར། དཔལ་འབྱོར་ཅུང་ཙམ་གྱི་ཆེད་དུ་ཚུལ་ཁྲིམས་འཆལ་བའི་མི་ལ་བསྟོད་བསྔགས་གཏོང་བཞིན་འདུག་པས།
ཁོ་བོས་མ་བཟོད་ནས་འདི་དག་ཚར་གཅོད་པའི་ཕྱིར་དུ་ཆོས་ཀྱི་ཁུངས་དྲངས་པ་ཡིན་ན།
དང་པོ་བཀའ་སློབ་ཀྱི་ཆ་ཤས་ཙམ་ཡི་གེར་འགོད་པ་དང་། དེའི་རྒྱབ་ལྗོངས་ལ་སྔོན་གྱི་དམ་པ་རྣམས་ཀྱི་མཛད་པ་ཁུངས་སུ་དྲངས་པ་གཉིས་ཀྱི་སྒོ་ནས་ཉུང་ངུར་བཤད་པར་བྱ་བར་འདོད་དོ།
།
༢ བཀའ་སློབ་ཀྱི་ཆ་ཤས།
དེ་ལ་དང་པོ་བླ་བྲང་གི་ཨ་ཁུ་དཔལ་ལྡན་གྱི་བཀའ་སློབ་ཀྱི་ཆ་གཅིག་བླངས་ནས་གོ་བདེ་བར་བཤད་ན།
"དགེ་སྐོས་ལས་སྣེ་ཚོས། དགེ་ཚུལ་སློང་གི་སྡོམ་པ་ཤོར་བའི་མི་དེ་ལ།
ཁྱོད་ལ་ཉེས་པ་ཡོད་རེད། གྲྭ་བ་མིན་ན། དགོན་པ་ནས་སོང་ཟེར་ནས་ཚོགས་གཏམ་གཏོང་དགོས་རེད། སྐྲག་དགོས་མ་རེད། གལ་སྲིད། སྲོག་ཤོར་སོང་ན་ཡང་། སངས་རྒྱས་ཀྱི་བསྟན་པའི་དོན་དུ་སྐུ་སྲོག་ཤོར་བ་རེད།
འགྲིག་ཡོད་རེད།" ཅེས་གསུངས་འདུག་གོ །
༣ ཚུལ་ཁྲིམས་འཆལ་བ་སྨད་འོས་པར་བསྟན་པ།
"གྲྭ་བ་མིན་ན།
དགོན་པ་ནས་སོང་ཟེར་ནས་ཚོགས་གཏམ་གཏོང་དགོས་རེད།" ཅེས་གསུངས་པ་འདི་ནི་ཤིན་ཏུ་ནས་བདེན་ཏེ། དེང་སང་གི་དུས་འདི་དམ་པ་གོང་མ་རྣམས་ཀྱིས་སྙིགས་མ་ལྔ་བདོ་བའི་དུས་ཡིན་པར་གསུངས་པ་ལྟར། དོན་ལའང་གནས་པ་འདྲ་སྟེ། དུས་ངན་འདིར་དགེ་སློང་ཚུལ་ཁྲིམས་འཆལ་བའི་མི་ལ། ཡར་དགེ་འདུན་པའི་དབུས་དང་མར་དད་ལྡན་མང་ཚོགས་གྲས་སུ་སྒོར་མོ་ཅི་ཅིག་གིས་སྐུ་བཞེངས་རབས་དང་།
ཉི་ཉིག་གིས་འདུ་ཁང་ག་གེ་མོ་བཞེངས་རབས། སངས་རྒྱས་ཀྱི་བསྟན་པ་ལ་ཕན་སེམས་ཆེ་རབས་སོགས་བཤད་ནས་བསྟོད་བསྔགས་བཏང་དང་གཏོང་མུས་ཡིན་པ་འདི་ཙམ་ལ་བལྟས་ན་ཡང་ཤེས་ཐུབ་སྟེ།
གུང་ཐང་རིན་པོ་ཆེས།
གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་མཁན། །
ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ། །
ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱི། །
བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང་། །
ཞེས་པའི་དུས་ལ་བབས་འདུག་གོ
།མ་གཞིར་ཁོ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་སེམས་ཆེ་རབས་བདེན་ན། ཁོས་གྲྭ་ཆས་ཕུད་ནས་ཞབས་ཞུ་བསྒྲུབ་ནའང་ཆོག་མོད།
དེ་འདྲ་མི་བྱེད་པར། བསམ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་པ་འདི་ལ་ད་དུང་ཕན་སེམས་ཆེ་རབས་བཤད་རྒྱུ་ཡིན་ནམ། རང་ཅག་གི་སྟོན་པ་གཙོས་སྔོན་བྱོན་གྱི་དམ་པ་རྣམས་ཀྱིས་ནི། དགེ་སློང་ཚུལ་ཁྲིམས་འཆལ་བ་དེ་ནི། སྨད་པ་ལས་བསྟོད་པ་མ་ཡིན་ཏེ།
ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་ལས། ཤཱ་རིའི་བུ། གཞན་ཡང་། ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི།
སྐྱེ་བོ་མང་པོས་སྨད་པའི་འོས་སུ་འགྱུར་རོ། ། གླང་རྭ་རྣོན་བཞིན་དུ་བསྐྲད་པའི་འོས་ཡིན་ཏེ།
ཞེས་དང་། དགེ་སློང་ཚུལ་ཁྲིམས་ཉམས་ལ་སྤྱོད་ལམ་མཛེས་པ་དེ།
ཨ་མྲའི་འབྲས་བུ་ཕྱི་རོལ་སྨིན་ལ་ནང་མ་སྨིན་པ་དང་འདྲ་བར་མདོ་ལས་གསུངས་པ་དང་། མདོ་དྲན་པ་ཉེར་གཞག་ལས་ཀྱང་།
སྲོག་གཅོད་པའི་ལས་ལ་ཆེ་འབྲིང་ཆུང་གསུམ་དུ་བྱས་པའི་ཆུང་བ་ལ། དུད་འགྲོ་བསད་པ་དང་། ཚུལ་ཁྲིམས་འཆལ་བ་བསད་པ་གསུངས་ན།
ཚུལ་ཁྲིམས་འཆལ་བའི་སྤྱོད་པ་དེ་སྤྱོད་པ་ཐ་མར་བཞག་འདུག་པས་དགེ་སློང་ཚུལ་ཁྲིམས་འཆལ་བའི་སྤྱོད་པ་དེ་བསྟོད་འོས་པ་ཞིག་མིན་པ་ནི་ཤེས་སླའོ།།
༤ ཚུལ་ཁྲིམས་འཆལ་བ་གནས་ནས་བསྐྲད་འོས་པར་བསྟན་པ།
ཡང་"གྲྭ་བ་མིན་ན།
དགོན་པ་ནས་སོང་ཟེར་ནས་ཚོགས་གཏམ་གཏོང་དགོས་རེད།" ཅེས་གསུངས་པ་འདི་ནི་ཤིན་ཏུ་ནས་བདེན་ཏེ། འཇིག་རྟེན་ན། ཆུ་འགོ་གངས་དང་། ཆོས་ཕུག་སངས་རྒྱས་ལ་གཏུག་དགོས།
ཞེས་གྲགས་པ་བཞིན། བཀའ་སློབ་དུམ་བུ་འདིའི་ཁུངས་སངས་རྒྱས་ལ་གཏུག་ན། ཚུལ་ཁྲིམས་འཆལ་བ་ཚར་གཅོད་པར་བྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་[བམ་པོ་གསུམ་པ་]ལས། ཤཱ་རིའི་བུ། ངས་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་པ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི།
གཙུག་ལག་ཁང་གི་གཞི་ལ་གོམ་པ་གཅིག་ཀྱང་འདོར་བར་རྗེས་སུ་མ་གནང་ན། ཆུའི་སྣོད་ལྟ་ཅི་སྨོས།
ཁྲིའམ་ཁྲིའུ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི།
ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཡིན་པའི་ཕྱིར་རོ།། ཤཱ་རིའི་བུ། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི།
ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྐྲད་པར་བྱ་བའི་འོས་ཡིན་ནོ།། ཞེས་དང་། ཡང་མདོ་དེ་ཉིད་ལས།
ཤཱ་རིའི་བུ། ང་ནི། ཚུལ་ཁྲིམས་འཆལ་པའི་དགེ་སློང་ཚུལ་ཁྲིམས་ཉམས་པ། སྤྱོད་པ་ཉམས་པ། ལྟ་བ་ཉམས་པ་རྣམས་ནི།
ལག་བརྡས་སྐྲོད་པར་མཛད་དོ།། ཞེས་སྡོམ་པ་ཤོར་ཡང་གྲྭ་ཆས་གྱོན་པའི་མི་དེ་ལ། སྟོན་པ་སངས་རྒྱས་ང་རང་གིས།
གཙུག་ལག་ཁང་ནང་དུ། གོམ་པ་གཅིག་ཀྱང་བོར་བའི་གནང་བ་མེད་ན། དགེ་འདུན་པའི་ཟས་དང་། གདན་ལ་ལོངས་སྤྱོད་པའི་གནང་བ་ག་ལ་ཡོད།
ཅེས་དང་། ཡང་མི་དེ་ནི་འགྲོ་བ་ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཀྱིས་རབ་བྱུང་བའི་སྡེ་ནས་བསྐྲད་དགོས།
ཞེས་གསུངས་པ་དང་། རྔ་བོ་ཆེའི་མདོ་ལས་ཀྱང་། ཇི་ལྟར་དུག་གིས་བྱུགས་པ་དེས་མ་བྱུགས་པའང་གོས་པར་འགྱུར་བ་དེ་བཞིན་དུ།
དགེ་སློང་ཚུལ་ཁྲིམས་འཆལ་བས་ཀྱང་ཚུལ་ཁྲིམས་དང་ལྡན་པ་གང་ཡིན་པ་དེའང་ཉམས་པར་བྱེད་དོ།།
དེ་ལྟ་བས་ན། འདི་ལ་ཚར་གཅད་པ་ཁོ་ན་ལེགས་ཀྱི། སྦྱིན་པས་ལྟ་ག་ལ་གཟུང་། མཐོང་ན་རྟག་ཏུ་དགྲ་བོ་དང་འདྲ་བ་བྱ་སྟེ། དེ་ལ་གནོད་སེམས་སུ་མི་བྱའོ།།
ཞེས་དགེ་སློང་ཚུལ་ཁྲིམས་འཆལ་བའི་མི་དེ། དུག་དང་དགྲ་བོ་ལྟ་བུ་ཡིན་པ་དང་། མི་དེས་ཟས་ནོར་སྦྱིན་པ་ལ་བརྟེན་ནས་རྗེས་སུ་གཟུང་མི་རུང་བར།
དེ་ཚུལ་ཁྲིམས་ལྡན་པ་རྣམས་ཀྱིས་ཚར་གཅད་པ་སྟེ་དགེ་འདུན་པའི་གྲས་སུ་མེད་པར་བཟོ་དགོས་པར་གསལ་བར་གསུངས་སོ།
།
དོན་འདི་ལ་དགོངས་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། སྔོན་བསྟན་པ་བསྐྱངས་པའི་སྐབས་སུ། དགེ་སློང་དང་དགེ་ཚུལ་བསླབ་པ་འཆལ་བ་སྟོང་ཕྲག་བརྒྱད་ཙམ་གནས་ནས་བསྐྲད་པ།
ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ་འབྱུང་བ་དང་།
མ་ཟད་འདུལ་བ་འབུམ་སྡེའི་མངའ་བདག་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ལས་ཀྱང་།
ཚུལ་ཁྲིམས་འཆལ་བ་བསྐྲད་པར་བྱའོ།། ཞེས་གསུངས་པ་དང་།
གཞན་ཡང་། རྒྱལ་བ་དགེ་འདུན་གྲུབ་ཀྱི་རིན་ཕྲེང་ལས། ཕམ་པ་འཆབ་བཅས་བྱུང་བའི་ཚུལ་ཁྲིམས་འཆལ་བ་གཙུག་ལག་ཁང་ནས་བསྐྲད་པར་བྱའོ།།
དེ་དང་ལྷན་ཅིག་ཏུ་གནས་ནས་ལོངས་སྤྱོད་བྱར་མི་རུང་བའི་ཕྱིར་རོ།། ཞེས་དང་། ཚུལ་འཆལ་བསྐྲད་པ་འདི་ལ་དགེ་འདུན་དབང་སྟེ། གཙུག་ལག་ཁང་གི་བྱ་བ་ཚོགས་ལ་རག་ལས་པའི་ཕྱིར།
དགེ་འདུན་དེས་ཚུལ་འཆལ་བསྐྲད་པ་དེ་ཡལ་བར་མི་འདོར་རོ། །ཞེས་གསུངས་པ་དང་། བླ་མ་དོན་གྱི་བདག་པོའི་ཞལ་སྔ་ནས་ཀྱང་། གྲྭ་བའི་གྲངས་ཀ་མི་གཙོ། སྤུས་ཀ་གཙོ་ཞེས་དུས་རྟག་ཏུ་གསུངས་པ་དང་།
སྔོན་སྟོང་སྐོར་ཞབས་དྲུང་སྐུ་ཕྲེང་བརྒྱད་པ་ཡོན་ཏན་རབ་རྒྱས།
དགོང་ལོ་སོ་དགུའི་སྟེང་གྲྭ་བ་ལོག་སྐབས། སྟོང་སྐོར་སྲས་པོ་སྟོབས་རྒྱལ་སོགས་སེར་སྐྱ་དྲག་ཞན་མང་པོས་གྲྭ་བ་ལོག་ན་ཡང་། དགོན་ནང་བཞུགས་ནས་གྲྭ་ཆས་ཕུད་མི་ཉན་པའི་ཞུ་བ་མང་དུ་ཕུལ་བས།
ཞབས་དྲུང་གིས། ངས་བསྟན་པ་ལ་གནོད་པ་བྱས་ཟིན་ཅིང་། ད་ཡང་ར་མ་ལུག་བྱས་ན་མི་ཡོང་བ་དང་།
འདིས་གོ་ཆོད་པ་ཞིག་བྱ་དགོས། (གྲྭ་བ་ལོག་ན། སྟོང་སྐོར་བླ་མ་ཡིན་ཀྱང་།
གྲྭ་ཆས་ཕུད་དགོས་པའི་བྱ་བ་འདིས་ནི། མ་འོངས་པ་ན་ཡང་། སྡོམ་པ་ཤོར་བའི་མིས་གྲྭ་ཆས་གྱོན་ནས་སྟོང་སྐོར་དགོན་པ་ནང་བཞུགས་མི་ཆོག་པའི་མིག་དཔེའི་གོ་ཆོད་པ་ལ་གོ་དགོས། )ཞེས་གསུངས་ཏེ་དགོན་པ་ནས་བུད་དེ་གྲོང་དུ་སོང་བ། ཞབས་དྲུང་འདིའི་རྣམ་ཐར་དུ་གསལ་ལོ།།
ད་དུང་སྔོན་བྱོན་གྱི་སྐྱེས་བུ་དམ་པ་མང་པོས་ཚུལ་ཁྲིམས་འཆལ་བ་རྣམས་སྨད་པ་དང་གནས་ནས་བསྐྲད་པའི་ལོ་རྒྱུས་མང་ཙམ་བཤད་དུ་ཡོད་མོད། གོང་དུ་གང་སྐབས་སུ་བབས་པ་རྣམས་བརྗོད་ཟིན་པས་དེ་ཙམ་གྱིས་འཐུས་པར་བྱས་པའོ།། མདོར་ན།
རབ་ཏུ་བྱུང་ནས་ཇི་སྲིད་འཚོ་ཡི་བར། །
མཁན་སློབ་སྤྱན་སྔར་ཇི་ལྟར་ཁས་བླངས་བཞིན། །
བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །
ཉེས་པས་ནམ་ཡང་གོས་པར་མ་གྱུར་ཅིག །
ཅེས་པའི་སྨོན་ལམ་གྱིས་མཚམས་སྦྱར་ཏེ་མཇུག་རྫོགས་པ་ཡིན་ནོ།
།
ཞེས་པ་འདི་ནི།
2018/10/21བོད་ཟླ་༩~༡༢ཉིན་སྟོང་སྐོར་དགོན་གྱི་སློབ་གཉེར་བ་བློ་བཟང་དོན་ལྡན་གྱིས་བྲིས་པའོ།
།
|