ཨ་ཆུང་བཟོ་རིག་གཅེས་བཏུས་དབུ་འབྱེད་དང་བོད་ཀྱི་འབུར་གཟུགས་མཐོ་རིམ་བགྲོ་གླེང་ཚོགས་འདུ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 22 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཨ་ཆུང་བཟོ་རིག་གཅེས་བཏུས་དབུ་འབྱེད་དང་བོད་ཀྱི་འབུར་གཟུགས་མཐོ་
ཨ་ཆུང་བཟོ་རིག་གཅེས་བཏུས་དབུ་འབྱེད་དང་བོད་ཀྱི་འབུར་གཟུགས་མཐོ་རིམ་བགྲོ་གླེང་ཚོགས་འདུ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/11/11ལྟ་ཀློག (3114)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་དང༼ཨ་ཆུང་བཟོ་རིག་གཅེས་བཏུས༽དཔེ་དེབ་འགྲེམས་སྤེལ་དབུ་འབྱེད་ཚོགས་འདུ།


      སྤྱི་ལོ་2018ལོའི་ཟླ་11པའི་ཚེས་11ཉིན། སི་ཁྲོན་ཞིང་ཆེན་བཟོ་རིག་མཛེས་རྩལ་ལས་རིགས་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  སི་ཁྲོན་ཁམས་པ་ཏྲ་བཟོ་རིག་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་གནང་བའི་བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་དང་«ཨ་ཆུང་བཟོ་རིག་གཅེས་བཏུས»«ཨ་ཆུང་ཞལ་འབག་བཟོ་རྩལ»དཔེ་དེབ་འགྲེམས་སྤེལ་དབུ་འབྱེད་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་གྱི་སེམས་ཀྱི་ཉི་ཟླ་གསོལ་མགྲོན་ཁང་དུ་ཚོགས་མི་ལྔ་བརྒྱ་ལྷག་གདན་འཛོམས་ཤིང་། ཕྱི་དྲོར་ཨ་ཆུང་བཟོ་རིག་གཅེས་བཏུས་དཔེ་དེབ་དང་འབྲེལ་ཏེ་རིག་གཞུང་བགྲོ་གླེང་གཟབ་རྒྱས་ཤིག་འཚོགས། ཚོགས་ཐོག་ཏུ་འབྲེལ་ཡོད་དབུ་ཁྲིད་དང་བོད་རྒྱའི་འབུར་གཟུགས་རིག་པའི་ཆེད་མཁས་པ། བོད་ཀྱི་བླ་སྤྲུལ་དགེ་བཤེས།  མཁན་པོ།   སློབ་ཆེན་གྱི་དགེ་རྒན། འབུམ་རམས་པ་སོགས་གདན་ཞུས་གནང་སྟེ་བོད་ཀྱི་འབུར་གཟུགས་རིག་གནས་སྐོར་གྱི་བགྲོ་གླེང་རིན་ཐང་ལྡན་པ་ཞིག་གནང་སྟེ་མཇུག་བསྡུས།

        དེ་རིང་གི་ཚོགས་འདུའི་ཐོག་བོད་སྐད་མདོ་འཛིན་པ་བདེ་མཆོག་སྐྱབས། ཁམས་སྐད་མདོ་འཛིན་པ་དབང་ཆེན་ལྷ་མོ། དབུས་སྐད་མདོ་འཛིན་པ་བྱམས་པ་གཡང་འཛོམས། རྒྱ་རོང་ཡུལ་སྐད་མདོ་འཛིན་པ་རིག་འཛིན་སྐྱིད། རྒྱ་སྐད་མདོ་འཛིན་པ་ཡོན་དབྱི།媛伊 དབྱིན་སྐད་མདོ་འཛིན་པ་Scottལགས་ཀྱིས་དབྱིན་སྐད་མདོ་འཛིན་བྱས་ཤིང་།  ད་དུང་བོད་ཀྱི་གླུ་བ་གྲགས་ཅན་རྒན་དཔལ་མགོན་དང་གངས་ཅན་པ་སྒྲོལ་མ་སྐྱབས། གནམ་མཚོ། པདྨ་བཀྲ་ཤིས། སྐལ་བཟང་རྣམ་གྲོལ་སོགས་གདན་འདྲེན་བྱས་ཏེ་གླུ་ངག་གི་མཆོད་པ་དང་བཅས་ཚོགས་འདུ་སྣ་འཛོམས་ཤིག་བཀྲ་ཤིས་བདེ་བླག་ངང་འཚོགས་ཡོད།

      ཐེངས་འདིའི་ཨ་ཆུང་བཟོ་རིག་གཅེས་བཏུས་དཔེ་དེབ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཅིང་ཀླུ་རྡེའུ་རྟ་མགྲིན་སྐྱབས་ཀྱིས་གཙོ་བསྒྲིགས་བྱས་ཡོད།

བོད་ཀྱི་བཟོ་རིག་སློབ་དཔོན་ཆེན་མོ་སྡེ་དགེ་ལྷ་བཟོ་

ཨ་ཆུང་གི་ངོ་སྤྲོད་མདོར་བསྡུས།

 

བཟོ་རིག་ཤེས་བྱ་ལ་སྦྱངས་བརྩོན་བྱས་པའི་སྐོར།

  དེ་ཡང་གངས་ཅན་བཅུ་ཕྲག་རིག་པའི་ནང་མཛོད་ཆེན་མོ།སྐལ་ལྡན་རྗེས་སུ་འཛིན་པ་བཟོ་རིག་པ་ལས་གཟུགས་སྐུའི་ཆེ་བ་ཕྱག་སོར་གྱི་རྩལ་ལས་མངོན་པར་མཚོན་ནུས་པ། བོད་ཀྱི་རིག་གནས་དང་ཁྱད་པར་ལྷ་རིས་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་མཁས་མཆོག ཀྲུང་གོའི་སྲོལ་རྒྱུན་བཟོ་རིག་ཆེན་མོ། ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ། བོད་རྒྱུད་ནང་བསྟན་སྐུ་བརྙན་བཟོ་རྩལ་སྐད་གྲགས་ཅན་སྡེ་དགེ་ལྷ་བཟོ་ཨ་ཆུང་ནི་སྡེ་དགེ་ས་ཡི་ཐིག་ལེ་གཡང་འཁྱིལ་སྟེང་ལ་སྐྱེས་ཤིང་། ཆུང་ངུའི་དུས་ནས་བཟུང་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་ཤིང་། བཟོ་ཡི་རིག་བྱེད་ལ་ལྷན་སྐྱེས་ཀྱི་བློ་གྲོས་རྒྱས། ལོ་བརྒྱད་ནས་བཟུང་གཙུག་ལག་རིག་གནས་ཀྱི་ཡི་གེ་སྦྱོར་ཀློག་སོགས་བསླབས་ལ། སྐལ་ལྡན་རྗེས་སུ་འཛིན་པ་བཟོ་རིག་གཙུག་ལག་རིན་པོ་ཆེ་ལ་ལྷག་པར་མཁྱེན་དཔྱོད་ཀྱི་རྩལ་སྨིན། ལོ་བཅུ་གཅིག་སོན་པའི་ཚེ་སྔ་འགྱུར་རྙིང་མའི་ཆུ་མགོ་ལྟ་བུར་གྲགས་པའི་ཀ་དཔལ་རྫོགས་གསུམ་གྱི་ཡ་གྱལ་ཁམས་སྡེ་དགེ་རྫོགས་ཆེན་དགོན་པར་ཞུགས་ཤིང་། སྒྱུ་འཕྲུལ་ལྷ་ཡི་བཟོ་བོ་དམ་པ་ཐུབ་བསྟན་འོད་ཟེར་གྱི་མདུན་ནས་གཏོར་མ་བཅའ་རྡུང་དང་། མར་ཚོན་མཛེས་བཟོ། སྐུ་གཟུགས་ཀྱི་ཐིག་རྩ་དང་བཟོ་རིག་བྲིས་རྒྱུན་རི་མོའི་མན་ངག་དང་བཅས་པ་བྱང་ཆུབ་པར་སྦྱངས་པས་ཀུན་གྱིས་བསྟོད་བསྔགས་གསོལ།

 ལོ་བཅུ་བཞིའི་ཚེ་དགོན་པའི་མཆོད་དཔོན་གྱི་འགན་བཞེས་ཤིང་། མུ་མཐུད་ནས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་ལྷ་རིས་བཟོ་རིག་ཐུན་མོང་རིག་གནས་ཕྱོགས་ལ་འབད་པ་ཆེར་བསྐྱེད་དེ་བོད་ཀྱི་བཟོ་བོ་ཀུན་གྱི་གྲས་སུ་གོ་གནས་གལ་ཆེན་བཟུང་ཡོད།

 དེ་བཞིན་ཁོང་གིས་གངས་ཅན་བཟོ་རིག་ལ་མངའ་བརྙེས་པའི་རིས་མེད་ཀྱི་སྐྱེས་ཆེན་མང་པོ་ཚུལ་བཞིན་བསྟེན་ཞིང་། ལྷག་པར་ལྷ་བཟོ་གྲགས་ཅན་སྒྲོལ་མ་ཚེ་རིང་མཆོག་གི་མདུན་དུ་བཅར་ནས་རི་མོ་སྐུ་གཟུགས་ཀྱི་ཐིག་རྩ་སོགས་བཟོ་རིག་ཤེས་བྱ་བུམ་པ་གང་བྱོའི་ཚུལ་གྱིས་བསླབས།

བཟོ་རིག་སྒྱུ་རྩལ་ལ་མངའ་བརྙེས་པའི་སྐོར།

     རྫོགས་ཆེན་དགོན་པའི་དུས་མཆོད་ཀྱི་སྐབས་ལ་མར་ཚོན་སྒྱུ་རྩལ་གྱི་ཐབས་ལ་བསྟེན་ནས་མནྚལ་གྱི་བཀོད་པ་སྟེ་རི་རབ་གླིང་བཞི་ལྷ་གནས་མན་ཆད་ཆ་ཚང་བ་མཐོ་ཞིང་བརྗིད་ཉམས་ཀྱིས་གཏམས་པ་བཞེངས་བ་དང་།  དེ་མིན་ཟངས་མདོག་དཔལ་རིའི་ཕྱོགས་བཞི་མདོག་བཞིས་མངོན་པར་མཛེས་པར་ལྷ་གནས་གཞལ་ཡས་ཁང་གི་ཚད་དང་མཚན་ཉིད་ཡོངས་སུ་མ་ལུས་པ་ཚང་ཞིང་། སྲིན་གླིང་གི་བཀོད་པ་དང་། སློབ་དཔོན་མཚོ་སྐྱེས་གུ་རུ་པདྨ་འབྱུང་གནས་དང་ལྷ་ལྕམ་གྱི་སྐུ་བཅས་བཞུགས་པ་བཞེངས།  དེ་བཞིན་བོད་ཡུལ་གྱི་ཐ་གྲུ་ཀུན་ཏུ་ཞབས་བཅགས་ཏེ་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བརྙན་དང་། ཇོའི་སྐུ། རྡོ་རྗེ་སེམས་དཔའི་སྐུ། སློབ་དཔོན་གྱི་སྐུ།  བླ་སྐུ། མཆོད་པའི་ལྷ་མོ།གེ་སར་རྒྱལ་པོ། ཞི་ཁྲོ་བརྒྱ་རྩ། རྒྱལ་སྲིད་སྣ་བདུན་སོགས། མདོར་ན་ལྷ་སྐུའི་སྐོར་དང་། མཆོད་རྟེན་ཆ་བརྒྱད་ཀྱིས་གཙོ་བྱས་པའི་སྐུ་གདུང་མཆོད་རྟེན་གྱི་སྐོར། མི་འཇིགས་སེང་གེའི་བཏེགས་པའི་བཞུགས་ཁྲིའི་སྐོར་སོགས་ཀུན་གྱིས་གཟེངས་བསྟོད་ཀྱི་མེ་ཏོག་ཕུལ་བའི་སྒྱུ་རྩལ་ཆུ་ཚད་ཧ་ཅང་མཐོ་བའི་བཟོ་རིག་ལག་རྩལ་གྱིས་ནང་བའི་བསྟན་པ་རིན་པོ་ཆེ་འདི་ལ་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་འདི་ལགས་སོ༎

    ཁོང་གི་དཀའ་སྤྱད་འབད་བརྩོན་དང་བཟོ་རིག་སྒྱུ་རྩལ་མངའ་བའི་ལྷན་སྐྱེས་ཀྱི་ཤེས་རབ་ལ་བརྟེན་ནས་སྐུའི་མཛེས་ཉམས་དོད་ཅིང་། བབས་ཆགས་པ་དང་། ཆ་ཚད་ཚང་ཞིང་གཟི་བརྗིད་མངའ་བས་སྐྱེ་བོ་སུ་ཡིན་ཡང་བལྟས་ཚོད་ཀྱིས་ཁོང་གི་ཕྱག་སོར་ལས་ཐོན་པ་ཤེས་པའི་སྐུ་བརྙན་མང་པོ་བཞེངས་ཡོད།

རྒྱལ་ཁམས་རིག་པས་བསྐོར་ཏེ་བཟོ་རིག་གཙུག་ལག་སྤེལ་བའི་སྐོར།

     ༡༩༨༥ལོ་ནས་བཟུང་། ཁོང་གིས་གངས་ཅན་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཆས་ནས་ས་སྐྱ་དང་།  དགེ་ལུགས། རྙིང་མ། བཀའ་བརྒྱུད་སོགས་གྲུབ་མཐའ་རིས་སུ་མ་ཆད་པར་དགོན་སྡེ་དག་ཏུ་ལྷ་སྐུ་རྟེན་བཞེངས་ཀྱི་ལས་ལ་བརྩོན་ཞིང་། མཐོ་བ་ལ་ཁང་བརྩེགས་ལྔ་ཅན་དང་ཆུང་བ་ལ་མཐོ་གང་ཅན་སོགས་བཞེངས་ནས་རང་ཉིད་ཀྱི་སྐུ་ངལ་ལ་མ་འཛེམས་པར་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་བཟོ་རིག་སྒྱུ་རྩལ་སྐོར་ཁྱབ་སྤེལ་བཏང་བ་ཡིན། ༢༠༠༠ལོར། རྒྱ་ནག་ཁྲིན་ཏུའུ་རུ་ཕེབས་ནས་མུ་མཐུད་དུ་བཟོ་རིག་ཤེས་བྱ་གསར་བ་དང་ལག་རྩལ་གསར་བར་སློབ་སྦྱོང་དང་ཞིབ་འཇུག་དཔྱིས་ཕྱིན་པ་མཛད་ཅིང་། ཨ་མེ་རི་ཁ་དང་། ཧྥ་རན་སི། མ་ལེ་ཞི་ཡ། སིང་ཀ་ཕོར་སོགས་ཕྱི་རྒྱལ་དུའང་བོད་རང་གི་ཐུན་མོང་མ་ཡིན་པའི་སྐུ་རྟེན་བཞེངས་སྐྲུན་གྱི་སྒྱུ་རྩལ་ཁྱབ་སྤེལ་མཛད་ནས་བྱས་རྗེས་བླ་ན་མེད་པ་བཞག་ཡོད་ལ། ཨ་ཆུང་རང་གི་ཕྱག་བཟོའི་ཁྱད་ཆོས་དང་དགེ་མཚན་གྱིས་ཕྱུག་པའི་སྒྱུ་རྩལ་རྣམ་པ་འདི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྤེལ་ཐུབ་པའི་དམིགས་འདུན་དང་ཡིད་ཆེས་ཀྱིས་གཏམས་སོ༎

རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བསྟེན་ཏེ་བོད་ཀྱི་བཟོ་རིག་ལ་མཛད་རྗེས་བཞག་པའི་སྐོར།

     སྤྱི་ལོ་༢༠༡༤ལོའི་ཟླ་༤པའི་ཚེས་༡༠ནས་༢༠ཉིན་བར་ཀྲུང་གོའི་མི་རིགས་དམངས་ཁྲོད་བཟོ་རིག་མཛེས་རྩལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་སྐབས་དང་པོའི་ཀྲུང་གོའི་སྲོལ་རྒྱུན་ཆོས་ལུགས་འཇིམ་བརྙན་བཟོ་རྩལ་འགྲན་བསྡུར་ཆེན་མོ་དེ་ཧྥུ་ཅན་ཕུའུ་ཐེན་བཟོ་རིག་མཛེས་རྩལ་གྲོང་ནས་བདེ་བླག་ངང་འཚོགས་པ་རེད།  ཐེངས་འདིའི་འགྲན་ཞུགས་ལ་ཐའེ་ཝན་དང་།  ཞང་ཀང་།  ཐེན་ཅིན།  ཧོ་པེ།  སི་ཁྲོན།  བོད་ལྗོངས།  ཡུན་ནན།  ཀྲེ་ཅང་།  ཅང་སུའུ།  ཀུའེ་ཀྲོའུ།  ཅང་ཞི།  ཉིང་ཞ།  ཀན་སུའུ།  ཧྥུ་ཅན་བཅས་ཞིང་ཆེན་དང་ལྗོངས་༡༤ཡི་འགྲན་ཞུགས་པ་༧༢ཡིས་མིང་རྟགས་བཀོད་ཅིང་།  དེའི་ཁྲོད་དུ་བོད་རིགས་དང་།  པའེ་རིགས།  ཀེ་ལའོ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་བཟོ་རིག་སྒྱུ་རྩལ་བའང་འདུས་ཡོད།  ལོ་ན་ཆེས་གཞོན་པ་ནི་ལོ་ཉི་ཤུ་དང་ཆེས་རྒན་པ་ལོ་རེ་བརྒྱད་ཀྱི་བར་དུ་ཡོད་པ་དང་།  མི་༣༩ལ་དངོས་ཞུགས་ཀྱི་ཆོག་མཆན་ཐོབ་ཐང་ཐོབ་ཅིང་།  དེར་བོད་བརྒྱུད་ནང་བསྟན་དང་།  རྒྱ་བརྒྱུད་ནང་བསྟན།  ཏའོ་ལུགས།  རུའུ་ལུགས།  མཱ་ཙོ་སོགས་ཆོས་ལུགས་རིག་གནས་ཀྱིས་བརྗོད་བྱ་བྱས་ཤིང་།  རང་རང་གི་སོར་མོའི་འདུ་འགོད་ཀྱི་སྒྱུ་རྩལ་གྱིས་ངོ་མཚར་རྨད་བྱུང་གི་བཟོ་རིག་པའི་ལྟད་མོ་ཅི་དགར་བཤམས་པའོ། །དེར་ཁྱད་འཕགས་གསེར་གྱི་རྟགས་མ་༣དང་།  གསེར་གྱི་རྟགས་མ་༦།   དངུལ་གྱི་རྟགས་མ་༨།  དེའི་འཕྲོས་ཕུལ་བྱུང་རྟགས་མ་བཅས་དགར་ཡོད།

     སྡེ་དགེའི་ལྷ་བཟོ་ཨ་ཆུང་ལ་ཁྱད་འཕགས་གསེར་གྱི་རྟགས་མ་ཐོབ་ཅིང་།  དེ་བསྟུན་ཀྲུང་གོའི་སྲོལ་རྒྱུན་བཟོ་རིག་མཛེས་རྩལ་བ་ཆེན་མོའི་མཚན་སྙན་དང་དཔང་ཡིག་བསྩལ།སྤྱི་ལོ་༢༠༡༤ལོའི་ཟླ་༤པའི་ཚེས་༢༨ཉིན་གྱི་སྔ་དྲོ།  སྐབས་དགུ་བའི་ཀྲུང་གོ༼ཕུའུ་ཐེན༽མཚོ་འགྲམ་བཟོ་རྩལ་བཀྲམ་སྟོན་ཆེན་མོའི་དབུ་འབྱེད་མཛད་སྒོའི་སྟེང་རྟགས་མ་གནང་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་ཡིན།  ཐེངས་འདིར་རིགས་སོ་སོའི་འཇིམ་བརྙན་བཟོ་རྩལ་བ་ཚོས་རང་གི་ལག་རྩལ་དང་།  རྣམ་དཔྱོད།  འཇོན་ཐང་།  རྩིས་མཐོང་བཅས་ཀྱིས་རང་གི་བཟོ་རིག་ལམ་བུའི་འདས་སོང་ལ་ཕྱོགས་བསྡོམས་དང་།  མ་འོངས་ལ་འཆར་འགོད་བཅས་ཀྱིས་བློ་རྩེ་ཆིག་སྒྲིལ་ངང་འགྲན་བསྡུར་ལ་ཞུགས་པ་རེད།   བོད་ཀྱི་བཟོ་རིག་སྒྱུ་རྩལ་གྱི་སློབ་དཔོན་ཆེན་མོ་སྡེ་དགེ་ལྷ་བཟོ་ཨ་ཆུང་གིས།  ད་ཐེངས་རྒྱལ་ཡོངས་ཀྱི་བཟོ་རིག་སྒྱུ་རྩལ་བ་སྐད་གྲགས་ཅན་མང་པོ་དང་ལྷན་དུ་འགྲན་བསྡུར་འདི་འདྲའི་ཆེན་པོ་ལ་ཞུགས་ཐུབ་པར་དགའ་པོ་བྱུང་ལ།  ལྷག་པར་བོད་རིགས་འགྲན་ཞུགས་པ་གཅིག་པུ་ཡིན་པའི་སྟེང་ཁྱད་འཕགས་གསེར་གྱི་རྟགས་མ་དང་ཀྲུང་གོའི་བཟོ་རིག་མཛེས་རྩལ་ཆེན་མོའི་མཚན་སྙན་གནང་བར་སྙིང་ནས་དགའ་པོ་བྱུང་།  ཡང་གཅིག་བཤད་ན་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་རེད།  མ་འོངས་པར་རང་གི་བཟོ་རིག་སྒྱུ་རྩལ་གྱི་ལམ་བུའི་སྟེང་དཀའ་སྤྱད་འབད་བརྩོན་དང་སྙིགས་དོར་བཅུད་ལེན་གྱིས་རང་གི་ཁྱད་ཆོས་དང་འཚམས་པའི་བཟོ་ལུགས་གསར་པ་ཞིག་གསར་དུ་གཏོད་པར་བསམ་བློ་གཏོང་གི་ཡིན།  དེ་བཞིན་སློབ་བུ་མང་པོ་གསོ་སྐྱོང་བྱས་ཏེ་བོད་ཀྱི་བཟོ་རིག་སྒྱུ་རྩལ་ལ་རང་གི་ལྕོགས་ཚོད་ཀྱིས་ཕྱག་རྗེས་འཇོག་རྒྱུ་ཡིན་ཞེས་བཤད།

     ད་ལྟ་ཁོང་གིས་ཁམས་པ་ཏྲ་བཟོ་རིགས་སྒྱུ་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་། འདིའི་དམིགས་ཡུལ་ནི་གཙོ་བོ། གཅིག་ནས་བོད་ཀྱི་བཟོ་རིག་ལག་རྩལ་ཐུན་མོང་མ་ཡིན་པ་འདི་འཛམ་གླིང་སྟེང་ཁྱབ་སྤེལ་བྱེད་རྒྱུ་དང་།  གཉིས་ནས་སྐུ་རྟེན་བཞེངས་སྐྲུན་ལ་མོས་འདུན་ཡོད་པའི་བསྐལ་ལྡན་གདུལ་བྱ་མང་པོ་བསྐྱངས་ནས་བཟོ་རིག་རྒྱུད་འཛིན་པ་གསོ་སྐྱོང་བྱེད་རྒྱུ།  གསུམ་ནས་སྐལ་ལྡན་རྗེས་འཛིན་གྱི་རིག་གནས་གཙུག་ལག་འདི་ལ་བརྟེན་ནས་གྲུབ་མཐའ་རིས་སུ་མ་ཆད་པར་ཀུན་གྱི་འདོད་མོས་ལྟར་སྐུ་རྟེན་གྱི་ཞབས་འདེགས་དང་། མ་འོངས་པར་གངས་ཅན་བཟོ་བ་རིག་པའི་སྒྱུ་རྩལ་གྱིས་ཀུན་ལ་ཕན་ཐོགས་པར་བྱེད་པ་དེའོ། །

ཨ་ཆུང་ལགས་ཀྱིས་ལྷ་སྐུ་བཞེངས་བཞིན་པ།

དཔེ་ཚོགས་འགྲེམས་སྟོན།

ཨ་ཆུང་བཟོ་རིག་གཅེས་བཏུས།

ཨ་ཆུང་ཞལ་འབག་བཟོ་རྩལ།

ཀླུ་རྡེའུ་རྟ་མགྲིན་སྐྱབས།

     ཀླུ་རྡེའུ་རྟ་མགྲིན་སྐྱབས་ནི། རབ་འབྱམས་ཞིབ་འཇུག་སློབ་མ། ཕ་ཡུལ་མདོ་སྨད་ཀླུ་ཆུ་ནས་ཡིན། དུས་ཡུན་རིང་པོར་བོད་ཡིག་དཔེ་སྐྲུན་བྱ་བ་དང་ཡིག་བསྒྱུར། གནའ་དཔེ་བསྡུ་སྒྲིག་སོགས་ཀྱི་ལས་དོན་འཁུར་དུ་བཞེས་ཡོད། རྒྱལ་ཁབ་རིམ་པའི་ལས་གཞི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་《གྲོ་ཚང་རྡོ་རྗེ་འཆང་གི་ལྡེབས་རིས》དང་།《དཔལ་འཁོར་ཆོས་སྡེའི་ལྡེབས་རིས》སོགས་པར་རིས་དེབ་སྤུས་ལེགས་དང་།《སྲོང་བཙན་སྒམ་པོ》སོགས་དཔེ་དེབ་མང་དག་ཅིག་བོད་ཡིག་ཏུ་བསྒྱུར་ཏེ་པར་སྐྲུན་གནང་བ་དང་།《ཨ་ཆུང་བཟོ་རིག་གཅེས་བཏུས》དང་།《ཨ་ཆུང་ཞལ་འབག་བཟོ་རྩལ》《བོད་ཡུལ་ལ་སྤྲིངས་པའི་འཕྲིན》《བོད་ཀྱི་ངག་རྒྱུན་གཏམ་བཤད》《ཨ་མདོའི་དམངས་གླུ་ཕྱོགས་བསྒྲིགས》སོགས་བརྩམས་ཆོས་གང་མང་པར་སྐྲུན་གནངས་ཡོད།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd5j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རྩོམ་སྒྲིག་པ། སྤེལ་དུས:2018/11/1
ཐེངས་འདིའི་ཚོགས་འདུ་བརྒྱུད་དེ་བོད་ཀྱི་བཟོ་རིག་འབུར་བཟོ་དང་མཛེས་རྩལ་པའི་དཔུང་ཁག་སྐྱེད་བསྲིང་ཡོང་བ་དང་ཕུལ་བྱུང་བཟོ་རྩལ་ཤེས་ལྡན་པ་སྔར་བས་མང་བ་དཔྱད་ཞིབ་ནང་མཉམ་ཞུགས་བྱས་ཏེ་སྐུལ་མ་ཆེན་པོ་བཏང་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14213009
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号