རྗེ་བླ་མ་དྲན་པའི་མགུར་དབྱངས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »རྗེ་བླ་མ་དྲན་པའི་མགུར་དབྱངས།
རྗེ་བླ་མ་དྲན་པའི་མགུར་དབྱངས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/12/1ལྟ་ཀློག (2438)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྗེ་བླ་མ་དྲན་པའི་མགུར་དབྱངས།
ཐེ་བོ་དཀོན་སེང་།
ངག་ཟབ་གསུང་དབྱངས་ལ་དབང་འབྱོར་ཞིང་།།
གནས་དྲི་ཟའི་ཡུལ་གྱི་གཙོ་མོ་དེས།།
སྒྲ་པི་ཝང་དབྱངས་ཀྱིས་རམ་འདེགས་ངང་།།
ངག་སྒོ་མོ་ཡངས་པོར་ཕྱེ་བར་མཛོད།།

ལྷ་འཇམ་དབྱངས་མི་ཡི་ཚུལ་བཟུང་ནས།།
བོད་ལྟ་བུའི་འཁྲུལ་བ་སེལ་ཕྱིར་དུ།།
རྗེ་བླ་མའི་རྣམ་པར་བྱོན་ན་ཡང་།།
ཞབས་མ་ཟིན་ལུས་པ་ཀྱེ་ཧུ་སྐྱོ།།

ཁོང་རིང་མོ་ཞིག་ནས་སངས་རྒྱས་ཀྱང་།།
མི་དཀྱུས་མ་ཞིག་གི་ཚུལ་བཟུང་སྟེ།།
རྗེ་དོན་གྲུབ་རིན་ཆེན་ལ་སོགས་པ།།
བཤེས་བཅུ་ཕྲག་དུ་མ་བསྟེན་པ་རྨད།།

དུས་དང་པོར་ཐོས་པས་བློ་མུན་བསལ།།
བར་གཞུང་དོན་ཉམས་བཞེས་གཤིས་རྒྱུད་བཏུལ།།
མཐར་བསག་སྦྱོང་ཟུང་གིས་སྨིན་ཅིང་གྲོལ།།
རྗེའི་མཛད་རྣམ་དྲན་པའང་སྐལ་བཟང་སྙམ།།

མི་བླུན་པོས་བླུན་པོ་ཡག་སྣང་སྐྱེས།།
མི་ཁྲམ་པས་ཁྲམ་པར་ངོ་སོ་བསྟོད།།
མིའི་སྤྱི་ཚོགས་འགྱུར་བའི་ན་ཟུག་ཁྲོད།།
མིའི་རྗེ་བོ་ཁྱེད་ཀྱི་རྣམ་ཐར་དྲན།།

རྒྱུ་ཟང་ཟིང་མཐུན་རྐྱེན་ཞན་ན་ཡང་།།
མཐོ་གོང་མའི་མདུན་ནས་ཚུགས་མ་ཤོར།
ནང་རིག་པའི་ཁྱད་ནོར་གཅིག་བུ་ལ།།
ལས་སྐུ་ཚེགས་མཛད་པའི་ཚུལ་དེ་དྲན།།

རྒྱ་གོང་མས་ཕོ་ཉ་ཆེད་མངགས་ཀྱིས།།
ཐེངས་མང་པོ་གདན་ཞུ་བྱས་མོད་ཀྱང་།།
དགོས་ཆུང་བར་དགོངས་ཏེ་དབུ་བླའི་ཐོབ།།
བློས་བཏང་བའི་མཛད་ཆེན་སུ་ཡིས་འགྲན།།

དུས་དེང་སང་མཁས་དང་མི་མཁས་ཀུན།།
རྒྱུ་ཟང་ཟིང་ནོར་གྱིས་བསླུ་བྲིད་འོག།
གནས་གཞན་ཡུལ་འགྲིམ་པའི་ཚུལ་མཐོང་ན།།
རྗེ་བླ་མའི་གསང་རྣམ་ལྷག་ཏུ་དྲན།།

གསུང་ལེགས་བཤད་སྙིང་པོ་ཆེ་ཆུང་དང་།།
ཆོས་མདོ་སྔགས་གཉིས་ཀྱི་ལམ་རིམ་སོགས།།
སྔོན་མ་བྱུང་གདམས་ངག་ཁྱད་མཚར་ཞེས།།
སྒྲ་ཆོས་བརྒྱུད་གཞན་གྱི་མཁས་ལ་གྲགས།།

དུས་སྙིགས་མ་དེང་གི་དུས་ཚོད་ལ།།
ཡིད་ཕྱོགས་ལྷུང་གདོན་གྱིས་དཀྲུགས་དཀྲུགས་པས།།
ཆོས་གྲུབ་མཐའ་ཕན་ཚུན་བསྒྱུར་རེས་གྱིས།།
ཆོས་དད་དམ་ཉམས་འདིས་ཁྱེད་ཉིད་དྲན།།

ཕྱི་ཆོས་བརྒྱུད་ཡོངས་ལ་དག་སྣང་ཆེ།།
ནང་འདུལ་བའི་བཅས་མཚམས་སྲོག་ལས་གཅེས།།
ཆོས་བཤད་སྒྲུབ་གཅིག་ཏུ་ཉམས་ལེན་མཁན།།
མགོན་ཁྱེད་འདྲ་བོད་དུ་བྱོན་རབས་དཀོན།།

རྒྱུ་ནོམ་པའི་བང་མཛོད་མ་བསགས་ཤིང་།།
ཐོབ་གོ་སའི་གདན་ཁྲི་མ་བསྙེགས་པས།།
བོད་མཁས་པ་ཀུན་གྱི་གཙུག་རྒྱན་ཁྱེད།།
ངའི་དད་ཞེན་ཀློང་ན་ལྷང་ངེར་བཞུགས།།

གཞི་ཡོད་མིན་མེད་མིན་ཁས་ལེན་དང་།།
ཡུལ་ཅི་ཡང་མ་དམིགས་སྒོམ་ཉམས་སོགས།།
ཆོས་ལོག་བཤད་མུན་པ་མཐར་བསྐྲད་པའི།།
བོད་པད་མའི་གཉེན་ཁྱེད་ཞེ་ནས་དྲན།།


མཐའ་གཉིས་འཛིན་འཇིགས་རུང་གཡང་ས་ལས།།
ལམ་དབུ་མར་ཁྲིད་པའི་ལམ་སྟོན་མཆོག།
རྗེ་བླ་མ་རིགས་གསུམ་གཅིག་འདུས་སྐུ།།
ངའི་ཚོགས་དྲུག་ཤེས་ངོར་འདྲེས་བཞིན་ཡོད།།

སྟོང་རྟེན་འབྱུང་རྟོགས་མཁན་མང་ན་ཡང་།།
སྟོང་རྟེན་འབྲེལ་གཅིག་གྲོགས་གཅིག་འཁྱེར་བའི།།
མཁས་ཁྱེད་འདྲ་ན་ལན་དྲ་ན་ཡང་།།
ཆེས་དཀོན་པ་ཆོས་འབྱུང་དག་ལས་གསལ།།

མ་འགྲོ་བའི་མོས་ཁམས་ཐ་དད་པས།།
མི་སོ་སོའི་སེམས་ན་རྒྱབ་རྟེན་རེ།།
ལྷ་ཁྱེད་ཉིད་བདག་གི་མགོན་སྐྱབས་ཏེ།།
ཚེ་གསེར་སྐུད་འདི་ལ་དམ་དུ་བཏགས།།

གཡུ་སྦྲང་མ་པད་མའི་བཅུད་ལ་ཞེན།།
བྱེའུ་སྦྲང་ཆར་བསིལ་མར་དུངས་པ་བཞིན།།
བདག་ཁྱེད་ལ་དུངས་པའི་ཚོར་རྟོག་འདི།།
དཔེ་དེ་དག་གིས་ཀྱང་མཚོན་ཐབས་ཅི།།

ངའི་དགའ་ཞེན་ཚོར་བར་གཤོག་ཐོགས་བཞིན།།
དུས་ནམ་ཀུན་ཁྱེད་ཀྱི་མདུན་ལ་སྙེག།
ལུས་ཁྱེད་དང་བར་ཐག་རིང་གྱུར་ཀྱང་།།
སེམས་དམར་ཆུང་ཁྱེད་དང་ཤིན་ཏུ་ཉེ།།

ཉིན་ལས་བྲེལ་གསེང་ནས་མགོན་ཁྱེད་དྲན།།
མཚན་རྨི་ལམ་ངོགས་ནས་མགོན་ཁྱེད་དྲན།།
ཞོགས་མཚམས་སྤྲིན་འོག་ནས་མགོན་ཁྱེད་དྲན།།
ཁྱེད་དྲན་པའི་ཚོར་རྟོག་མཚོ་ལས་ཟབ།།

ཡིད་མོས་གུས་མདུན་ན་ཡོད་ཡོད་འདྲ།།
བློ་ལོག་པའི་སྣང་ངོར་མེད་མེད་འདྲ།།
ངའི་ལུས་སེམས་ཁྱོད་རྗེས་འབྲང་འདོད་འདིས།།
སྡུག་ཅི་འདྲ་མྱོངས་ཀྱང་འགྱོད་སེམས་མེད།།

ངས་བལྟས་བལྟས་ཁྱེད་ཀྱི་གསུང་རབ་བལྟས།།
ངས་ཉན་ཉན་ཁྱེད་ཀྱི་བསླབ་བྱར་ཉན།།
ངས་དྲན་དྲན་ཁྱེད་ཀྱི་མཛད་བཟང་དྲན།།
ངས་འབྲི་འབྲི་ཡབ་རྗེ་དྲན་མགུར་འབྲི།།

རྗེ་བླ་མས་དགའ་ལྡན་ཞིང་ཁམས་ནས།།
ཐུགས་བརྩེ་བས་བདག་ལ་དར་གཅིག་གཟིགས།།
མགུར་རེ་རེ་མིག་ཆུར་འདྲེས་བཞིན་དུ།།
རྗེ་མཉེས་བའི་མཆོད་སྤྲིན་ཕྲེང་བར་སྦྱར།།

འདིར་འབད་པའི་དགེ་རྩ་གང་བསགས་ཀྱིས།།
བུ་བདག་ཀྱང་ཚེ་རབས་ཐམས་ཅད་དུ།།
མགོན་ཁྱེད་ཀྱི་བསྟན་པའི་གྲིབ་བསིལ་དང་།།
དུས་སྐད་ཅིག་ཙམ་ཡང་མི་འབྲལ་ཤོག།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི། སྤེལ་དུས:2019/9/7
ཐུགས་རྗེ་ཆེ།
 སྤེལ་མཁན: ཡཡཡ སྤེལ་དུས:2019/6/20
ངོ་མ་ཡག་སོང་། བཀའ་དྲིན་ཆེ། 🙏🌹🙏
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15107669
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号