དེང་གི་དྲ་རྒྱའི་མཐོང་ཐོས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »དེང་གི་དྲ་རྒྱའི་མཐོང་ཐོས།
དེང་གི་དྲ་རྒྱའི་མཐོང་ཐོས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/12/31ལྟ་ཀློག (973)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དེང་གི་དྲ་རྒྱའི་མཐོང་ཐོས།


ཐེ་བོ་དཀོན་སེང་།


ཕྱི་ཡི་གནས་ཚུལ་དྲ་ལས་གསལ་ཐུབ་ཀྱང་།།
ནང་གི་རྨོངས་པ་དྲ་བས་སེལ་ཐབས་ཅི།།
དྲ་རྒྱའི་ནང་ན་མཁས་པ་མང་ན་ཡང་།།
ཁ་མིན་དོན་གྱི་མཁས་པ་ཉུང་ཉུང་རེད།།

དྲ་ཐོག་རྩོམ་རིག་དཔེ་ཚོགས་མང་ན་ཡང་།།
ང་ཚོར་ཉེ་བར་མཁོ་བའི་བསླབ་དེབ་ཉུང་།།
དབང་ཡིད་གཡེང་བྱེད་འཆལ་རྩོམ་སྣ་མང་གིས།།
དུས་ཚོད་བརླག་མཁན་ཉུང་ཉུང་ག་ལ་ཡིན།།

དྲ་རྒྱའི་ར་བར་སྙིང་ཉེ་འཚང་ཁ་ཤིག།
དགོས་དུས་རམ་འདེགས་མཛའ་གྲོགས་ཤིན་ཏུ་དཀོན།།
སྐད་འཕྲིན་ལམ་ནས་ཁ་བརྡ་རྫོགས་མེད་ཅིག།
དངོས་སུ་ཐུག་ན་གཏམ་གྱིས་དབུལ་ཞིང་ཕོངས།།

ཁྱོད་ཀྱིས་རྒྱ་ཟས་རོ་ཡི་བྲོ་བ་གླེང་།།
ང་ཡིས་རྒྱ་ཇའི་བཏུང་བ་ཞིམ་རབས་གླེང་།།
ཐམས་ཅད་བཟའ་བཏུང་ནང་དུ་མགོ་འཁོར་བ།།
ལབ་གླེང་འདི་ཡིས་མཚོན་པ་མ་ཡིན་ནམ།།

དྲ་ལམ་མི་གཅིག་ཚོགས་པ་སྣ་ཚོགས་ཤིག།
ཚོགས་པ་རེ་ལ་མི་སྣ་མི་ཉུང་ཞིག།
རིགས་ཞེན་ལ་རྒྱ་དགོས་རབས་ཏག་ཏག་གིས།།
ཉིན་མཚན་བསྐྱལ་ན་ཕན་འབྲས་ཡོད་དམ་ཅི།།

འཁོར་མེད་མཁས་པས་དྲ་བར་འཆད་ཁྲིད་སྤེལ།།
དད་མེད་སློབ་མས་དྲ་ལམ་སློབ་ཁྲིད་ཉན།།
མེད་པ་ཟུང་ལས་གྲུབ་པའི་ཆེད་ལས་འདིས།།
དོན་གྱིས་ལུང་རྟོགས་བསྟན་ལ་སྲི་ཞུ་དཀའ།།

བྱིན་རླབས་ཚན་ཁ་ཅི་ཡང་མ་དམིགས་པའི།།
རང་གཞན་བརླག་པའི་འཆད་ཉན་ཙམ་པོ་འདི།།
དར་ནས་ཆོ་མེད་མི་བུ་མང་པོ་ཞིག།
དུས་ཀྱི་སྐར་ཆ་དགོས་མེད་ངང་ནས་ཟད།།

ཞིབ་འཇུག་མཁན་པོ་འགའ་ཡི་ལྟ་ཚུལ་ལ།།
དེང་གི་དུས་འདི་བྱིས་པའི་ལྷ་ཡུལ་དང་།།
རྒན་རྒོན་དམྱལ་གནས་དར་མའི་གཡུལ་ས་རུ།།
མཐོང་འདི་སྔོན་ཐོན་ཡུལ་གྱི་གནས་ཚུལ་དངོས།།

མགོ་བདེ་ཚོང་བས་དྲ་ལམ་ཚོང་ལས་གཉེར།།
གཡོ་ཅན་མི་ཡིས་སྤྲང་བརྫུ་ཁུག་དམར་སློང་།།
གནས་ལུགས་མེད་པའི་ཟིན་ཐོ་ཐར་ཐོར་གྱིས།།
དྲ་གནས་ཁུག་སོ་ཐམས་ཅད་ཁྱབ་བཞིན་འདུག།

དོན་དགོས་ཡོད་མེད་ཉིས་ཀས་བགྲོ་གླེང་ཚོགས།།
གནས་ལུགས་ལྡན་མིན་ཀུན་གྱིས་གཏམ་བཤད་སྤེལ།།
ཅི་ཡང་མི་འཇོན་གཏམ་བཤད་རྫིག་པོ་ཅན།།
ཁ་མཁས་དྲ་རྒྱའི་ར་བར་མང་དུ་འཕེལ།།

ཡ་གས་ཡར་རྒྱས་ཚོགས་པ་རྒྱས་རབས་བཤད།།
མ་གས་འཆམ་མཐུན་ཚོགས་པ་རྫིག་རབས་ཟེར།།
རང་ནས་བརྩམས་ཏེ་འཆམ་མཐུན་ཡར་རྒྱས་སོགས།།
དོད་དངོས་གནད་ལ་བརྩོན་མཁན་ག་ཙམ་མཆིས།།

ཤར་ལྷོའི་མི་ལ་འབུ་རིགས་ཟས་ཀྱི་མཆོག།
ནུབ་བྱང་མི་ཡིས་ཕྱེ་ཐུག་མཆོག་ཏུ་འཛིན།།
ཐ་ན་བཟའ་བཏུང་དགའ་ཕྱོགས་མི་གཅིག་པ།།
འཚོ་བའི་ཁོར་ཡུག་ཁྱད་ཀྱིས་ཅིས་མ་ཡིན།།

རིགས་པ་སྨྲ་པས་རིགས་ལམ་གཙོ་བོར་འཛིན།།
སྙན་ངག་མཁན་པོར་རྩོམ་རིགས་གལ་ཆེར་སྣང་།།
ལྟ་ཚུལ་རེ་ལ་སྒྲུབ་བྱེད་ལུང་རིགས་རེ།།
སོ་སོས་དགའ་ཕྱོགས་གཉེར་ན་གྲུབ་འབྲས་རེ།།

ཉིས་སྟོང་བཅོ་བརྒྱད་ལོ་ཟླ་དྲ་རྒྱས་ཟད།།
ཉིས་སྟོང་བཅུ་དགུའི་ལོ་གསར་དྲ་རྒྱས་བསུ།།
དྲ་རྒྱའི་དུས་ཀྱི་མཐོང་ཐོས་རགས་ཙམ་འདི།།
དྲ་གྲོགས་དག་ལ་དགའ་བའི་སྐྱེས་སུ་བསྟར།།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15107680
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号