རྔ་བའི་རྩི་ནང་དགོན་གྱི་ལོ་རྒྱུས་ཉུང་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 19 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »རྔ་བའི་རྩི་ནང་དགོན་གྱི་ལོ་རྒྱུས་ཉུང་བསྡུས།
རྔ་བའི་རྩི་ནང་དགོན་གྱི་ལོ་རྒྱུས་ཉུང་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/1/3ལྟ་ཀློག (1238)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


      རྔ་བའི་རྩི་ནང་དགོན་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་གི་ལོ་རྒྱུས་ཉུང་བསྡུས་དང་གདན་རབས་རིམ་བྱོན་གྱི་མཚན་ཙམ་འགོད་པ་ལ།

གང་དུ་ཕྱག་བཏབ་པ་གནས་ཀྱི་ཆེ་བ་དང་གདན་རབས་རིམ་བྱོན་གྱི་རྣམ་ཐར་ཉུང་བསྡུས་ནི།
   

དང་བོ། གང་དུ་ཕྱག་བཏབ་པ་གནས་ཀྱི་ཆེ་བ་ནི།

        བསིལ་ལྡན་གངས་རི་དཀར་པོས་ཡོངས་སུ་བསྐོར་ཞིང་།   གནས་མཆོག་ཁ་བ་ཅན་གྱི་ཡུལ་གྲུ་ཆེན་མོ་འདིར་སྟོད་མངའ་རིས་སྐོར་གསུམ།   བར་དབུས་གཙང་རུ་བཞི།   སྨད་མདོ་ཁམས་སྒང་དྲུག་ཅེས་ཡོངས་སུ་གྲགས་པའི་ནང་ཚན་མདོ་སྨད་རྔ་ཡུལ་འཛིན་མའི་སྟོད་ཀྱི་ཆར།   དེ་ཡང་ཇི་སྐད་དུ།    གྲུབ་དབང་རྒྱལ་བ་མཆོག་དབྱངས་ཀྱི་ཞལ་ནས།

རྔ་ཁོག་རྔ་ཡི་དབྱིབས་འདྲ་ལ།།

ལུང་བཞི་ལ་ནི་གནས་བཞི་ཡོད།།

ཡ་ལུང་མཁར་ནང་རྩི་ནང་དང་།།

མ་ལུང་ཀི་ཀུ་དུང་རི་གཉིས།།

     ཞེས་སྔོན་བྱོན་རྒྱལ་བའི་ལུང་གིས་བསྔགས་པའི་རྔ་ཁོག་གི་གནས་ཆེན་བཞིའི་ཡ་གྱལ་རྩི་ནང་མ་ཅིག་མ་མཁའ་འགྲོའི་གནས་རྫོང་།

དེང་དུས་རྔ་བ་རྫོང་གི་ནུབ་རྒྱུད་དུ་སྤྱི་ལེ་ཉི་ཤུ་ཡས་མས་ཀྱི་མཚམས་སུ་རྩི་ནང་དགོན་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་ཆགས་ཡོད།

དང་པོ།  མདོ་སྨད་ཆོས་འབྱུང་དུ་གསུངས་པ་ལྟར།   ཕྱོགས་མེད་ཡུལ་གྲུ་འགྲིམ་པའི་རྒྱལ་ཁམས་པ་ཆེན་པོ་རྩི་ནང་ཚེ་མཚམས་པ་སྒོམ་ཆེན་འཇིགས་མེད་མཁས་བཙུན་རྒྱ་མཚོ་ཞེས་ཁོང་ཉིད་གྲུབ་མཐའ་དབུ་མ་གཞན་སྟོང་དང་། དཔལ་མཆོག་དུས་ཀྱི་འཁོར་ལོའི་ཉམས་ལེན་ལ་རྟག་པར་གཞོལ་བས་སྒོམ་ཐུན་རེ་ལའང་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་རེ་མཐོང་བར་གསུངས།  ཉམས་དང་རྟོགས་པའི་ལྟ་བ་ཀློང་དུ་བརྡོལ་བ་སོགས་གྲུབ་བསྙེས་རིག་འཛིན་གོང་མའི་གོ་འཕང་ལ་དབང་འབྱོར་བའི་སྐྱེས་བུ་དམ་པ་དེ་ཉིད་ཀྱིས།   གནས་འདིར་རི་ཁྲོད་ཀྱི་ཆོས་གཞི་ཐོག་མར་བཏབ།  དེ་ནས་ཁོང་རིན་པོ་ཆེས་བུ་སློབ་གྲུབ་བསྙེས་རིག་འཛིན་ཆེན་པོ་དཀུ་བ་བླ་མ་སྙིས་ཚ་བླ་མ་སོགས་སྐྱེས་ཆེན་དུ་མ་བར་མ་ཆད་པར་བྱོན་ནས་གཞིས་ཀར་བྱམས་ཁང་།   དུས་གསུམ་སངས་རྒྱས་ལྷ་ཁང་སོགས་རྟེན་བཞེངས་རྒྱ་ཆེར་བྱས་ནས།  རི་ཁྲོད་ཀྱི་གནས་གཞི་ཤིན་ཏུ་དར་ཞིང་རྒྱས་ཏེ་རྩི་ནང་རི་ཁྲོད་ཅེས་མཚན་སྙན་ཕྱོགས་བཅུར་ཁྱབ།  རི་ཁྲོད་ཀྱི་ལོ་ཚིགས་མི་གསལ་ཡང་རི་ཁྲོད་ཀྱི་གནས་གཞི་དགོན་པར་བསྒྱུར་བའི་ལོ་ཚིགས་ལ་དཔྱད་ན་རབ་བྱུང་བཅུ་པའི་སྟོད་ཙམ་ཞིག་ཡིན་པར་སྣང་ལ།

    རྩི་ནང་ཚེ་མཚམས་པ་སྒོམ་ཆེན་འཇིགས་མེད་མཁས་བཙུན་རྒྱ་མཚོ་ཞེས་གོང་དུ་བཤད་ཟིན་པ་ལྟར་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བོ་མ་རྙེད་ཀྱང་རབ་བྱུང་བཅུ་བའི་སྟོད་ཙམ་ཞིག་ཡིན་པར་སྣང་།


གཉིས་པ། གདན་རབས་རིམ་བྱོན་གྱི་རྣམ་ཐར་ཉུང་བསྡུས།

གདན་རབས་དང་པོ།


      ཀུན་དགའ་ལྷུན་གྲུབ་ནི་རབ་བྱུང་བཅུ་གཅིག་པའི་ཤིང་རྟ་སྤྱི་རྩིས་༡༦༥༤ ལོར་སྐུ་འཁྲུངས་ཤིང་དཔོན་སློབ་རིན་པོ་ཆེས་ཚེ་དབང་བསྐུར་ནས་མཚན་ཀུན་དགའ་ལྷུན་གྲུབ་ཅེས་གསོལ།  སྐུ་ཆུང་ངུའི་དུས་ནས་མི་གཞན་དང་མི་མཚུངས་པར་སྙིང་རྗེ་ཆེ་ཞིང་རྒྱུད་འཇམ་པ།  དགུང་གྲངས་བདུན་ནས་ཡི་གེ་འབྲི་ཀློག་སོགས་མགོ་སྨོས་པ་ཙམ་ནས་ཐོགས་མེད་དུ་མཁྱེན།   མཁར་བླ་ཀུན་དགའ་དར་རྒྱས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས།   ཆོས་སྐྱོངས་དོན་གྲུབ་ཀྱི་དྲུང་དུ་གཞུང་མང་ལ་སྦྱངས་ཤིང་གཞུང་དོན་ཐམས་ཅད་ཐུགས་སུ་ཆུད།  དཔལ་དུས་ཀྱི་འཁོར་ལོའི་ཡན་ལག་གི་དབང་ཁྲིད་ཡོངས་རྫོགས་ཞུས་ནས་ཉམས་སུ་བླངས་པས་རྡོ་རྗེ་འཛིན་པའི་གོ་འཕང་བདག་གིར་བཞེས།  རྔ་སྟོད་འདྲ་ནང་རི་ཁྲོད་མཁས་བཙུན་དར་རྒྱས་ཀྱི་དྲུང་ནས་།  ཚེ་དབང་སོགས་ཞུས་ནས་གཙུག་གི་རྒྱན་དུ་བཀུར།  དེ་སྐབས་སུ་འདྲ་ནང་རི་ཁྲོད་པ་དང་ལྕགས་རྩི་མདའི་དཔོན་པོ་གཉིས་ཀྱི་གཙོས་སེར་སྐྱ་དུ་མས་དགོན་བདག་ཏུ་གསོལ་བ་མགྲིན་གཅིག་ལ་བཏབ་པ་ཞལ་གྱིས་བཞེས་ནས་རི་ཁྲོད་ཀྱི་གནས་གཞི་དེར་ཆོས་སྡེ་དགོན་པར་བསྒྱུར་ནས་ཆོ་ག་སོགས་ཇོ་ནང་རང་ལུགས་བཞིན་བསྐྱངས་ཤིང་དགོན་གྲོང་གཉིས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ།

མཐར་རབ་བྱུང་བཅུ་གཉིས་པ་ས་བྱ་སྤྱི་ལོ་༡༧༢༩ ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད།

གདན་རབས་གཉིས་པ།

     འཇིགས་མེད་ཆོས་ཀྱི་དབང་ཕྱུག་མཆོག་ནི་ཡོ་སྟག་ཏུ་སྐུ་འཁྲུངས།  དབོན་ཀུན་དགའ་ལྷུན་གྲུབ་ལས་ཡི་གེ་བསླབས།  དེ་ནས་དགེ་ཚུལ་གྱི་སྡོམ་པ་སོགས་རིམ་གྱིས་མནོས་ཏེ་མདོ་སྔགས་ཀྱི་གཞུང་རྣམས་ལ་སྦྱང་བ་རྒྱ་ཆེར་བྱས།  ཁོང་འཁྲུངས་འདས་ཀྱི་ལོ་ཚིགས་ལ་གསལ་ཁ་མ་རྙེད།

གདན་རབས་གསུམ་པ།

      ཀུན་དགའ་ཡོན་ཏན་རྒྱ་མཚོ་ནི་རབ་བྱུང་བཅུ་བཞི་པ་ས་སྟག་སྤྱི་རྩིས་༡༨༡༨ ལོར་སྐུ་འཁྲུངས་ཤིང་སྐུ་ན་ཕྲ་བའི་གནས་སྐབས་སུའང་ཐུགས་རྒྱ་ཆེ་ཞིང་བྱམས་སྙིང་རྗེ་སོགས་དམ་པའི་མཛད་པ་བདག་གིར་བཞེས་པ།  ཡི་གེ་བྲི་ཀློག་སྦྱོར་སློབ་སོགས་ཚེགས་མེད་དུ་མཁྱེན།   མཁར་བླ་བསྟན་འཛིན་ཆོས་འཕེལ་གྱི་མདུན་ནས་དབང་ལུང་མན་ངག་མང་པོ་དང་བསྙེན་རྫོགས་ཀྱི་སྡོམ་པ་ཞུས།  འཇིགས་མེད་ཆོས་ཀྱི་འབྱུང་གནས་ཀྱི་ཞབས་རྡུལ་སྤྱི་བོས་བསྟེན་ནས་ཟབ་ཆོས་རྒྱ་ཆེར་གསན།  གྲུབ་མཐའ་རིས་མེད་ཀྱི་དགེ་བཤེས་མང་པོའི་མདུན་ནས་མདོ་སྔགས་རིག་གནས་སོགས་ཐོས་པ་མང་བོ་བྱས་ནས་མཁས་པའི་གོ་འཕང་ཐོབ།  རྩི་ནང་དགོན་གྱི་འདུ་ཁང་རྒྱ་བསྐྱེད་དེ་གསར་བཞེངས་མཛད།  རྒྱུད་སྡེ་མང་པོའི་སྒྲུབ་མཆོད་གསར་དུ་བཙུགས་པར་མ་ཟད་སྒྲུབ་ཁང་སོགས་རྟེན་བཞེངས་མང་པོ་བྱས། མཐར་རབ་བྱུང་བཅོ་ལྔ་པ་ལྕགས་སྟག་སྤྱི་རྩིས་༡༨༩༠ ལོར་དགོངས་པ་བསྡུ་ཚུལ་བསྟན།

གདན་རབས་བཞི་བ།

    དཀོན་མཆོག་བསྟན་པའི་ཉི་མ་མཆོག་ནི་རབ་བྱུང་བཅོ་ལྔ་བ་ལྕགས་སྟག་སྤྱི་རྩིས་༡༨༩༠ ལོར་སྐུ་འཁྲུངས།  སྐུ་ན་ཕྲ་བའི་སྐབས་ནས་བྱིས་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཀློག་སློབ་པ་ལ་ཞུགས་པ་ཙམ་གྱིས་མཐར་ཕྱིན།  སྐབས་ཤིག་ཏུ་བླ་བྲང་གིས་དུས་འཁྲུགས་ཚབས་ཆེན་བསླངས་ཏེ་རྩི་ནང་དགོན་པའི་འདུ་ཁང་མེར་བསྲེགས་ཤིང་གོད་ཆག་སྣ་ཚོགས་བྱུང་། རྗེ་བཙུན་དཀོན་མཆོག་ཆོས་བཟང་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས།  ཨ་མཆོག་དགོན་སོགས་ནས་མདོ་སྔགས་ཀྱི་གཞུང་མང་པོར་སློབ་གཉེར་བྱས་ནས་མཁས་པའི་སྙན་གྲགས་འབར།  རྩི་ནང་དགོན་གྱི་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཁྲི་རབས་དྲུག་པ་རྨེ་བླ་མ་ངག་དབང་དོན་འགྲུབ་གཙུག་གི་རྒྱན་དུ་བསྟེན་ཏེ་གསང་སྔགས་སྒྲུབ་རྒྱུད་ཀྱི་བསྟན་པའི་རྟོག་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས།  དེ་ཡང་སྔར་རྩི་ནང་དགོན་པའི་འདུ་ཁང་སོགས་གོད་ཆག་བྱུང་བ་རྣམས་བསྐྱར་བཞེངས་མཛད།   དགོན་གྲོང་གཉིས་ལ་ཟབ་ཆོས་བདུད་རྩིའི་དྲི་ཆར་གང་འདོད་བསྩལ།  མཐར་རབ་བྱུང་བཅུ་དྲུག་པ་ཤིང་སྤྲེལ་སྤྱི་རྩིས་༡༩༤༤ ལོར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས།

གདན་རབས་ལྔ་བ།

      ཀུན་དགའ་ཡོན་ཏན་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་སྤྱི་རྩིས་༡༩༤༦ ལོར་སྐུ་འཁྲུངས།  སྐུ་ན་ཕྲ་བའི་སྐབས་ནས་རྒྱུད་འཇམ་ཞིང་སྙིང་རྗེ་ཆེ་ལ། དགུང་གྲངས་བཞིའི་སྐབས་ཀློག་སློབ་པ་ཚེགས་མེད་དུ་མཁྱེན།   དགུང་ལོ་ལྔ་བཞེས་སྐབས་རྩི་ནང་བླ་མ་མཚན་བཟང་གིས་ཚེ་དབང་གནང་ནས་མཚན་ལ་ཀུན་དགའ་ཡོན་ཏན་རྒྱ་མཚོ་གསོལ།  མི་ཏྲ་བརྒྱ་རྩ་སོགས་དབང་ལུང་མང་དུ་ཞུས།  གཞན་ཛམ་ཐང་དབོན་པོ་ཕུན་ཚོགས་སོགས་བླ་མ་དུ་མའི་མདུན་ནས་མདོ་སྔགས་ཀྱི་གཞུང་མང་པོ་གསན་སྦྱངས་རྒྱ་ཆེར་བྱས་ཏེ་མཁས་པའི་གྲགས་པ་འབར།  དགུང་གྲངས་བཅུ་གསུམ་སྐབས་རབ་བྱུང་བཅུ་དྲུག་པ་སྤྱི་རྩིས་༡༩༥༨ ལོར་དུས་ཀྱི་ཕོ་འགྱུར་གྱི་དབང་གིས་ནང་བསྟན་ལ་གོད་ཆག་ཆེན་པོ་བྱུང་།  རབ་བྱུང་བཅུ་དྲུག་ཆུ་ཡོས་སྤྱི་རྩིས་༡༩༦༣ ལོར་སྐུ་གཤེགས།

གདན་རབས་དྲུག་པ།

      འབྲོག་དགེ་དཔོན་སློབ་ཀྱི་ཡང་སྤྲུལ་སྐུ་འཕྲེང་དྲུག་པ་ཀུན་དགའ་ཡོན་ཏན་ལྷུན་གྲུབ་ནི་རབ་བྱུང་བཅུ་དྲུག་པ་སྤྱི་རྩིས་༡༩༦༤ ལོར་ལོ་རྟ་ཡུལ་སྐོར་ཚང་གི་ཁྱིམ་དུ་སྐུ་འཁྲུངས།  ཆུང་ངུའི་དུས་ནས་བྱིས་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་དགུང་ལོ་བརྒྱད་ཀྱི་སྟེང་ཀློག་སློབ་པའི་ལས་ལ་ཞུགས་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན།  རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་སོགས་སློབ་མཐར་ཕྱིན་ཞིང།  རྒྱལ་བསྟན་གྱི་ཉི་འོད་སླར་ཡང་ཕྱོགས་བཅུར་འཕྲོས་ཏེ་དད་ལྡན་སྐྱེ་འགྲོ་ཀུན་རང་དབང་གི་ལམ་ལ་བསྐྱོད་སྐབས། ༼རབ་བྱུང་བཅུ་དྲུག་པ་ཆུ་ཁྱི་སྤྱི་རྩིས་༡༩༨༢ལོར་རང་མི་རིགས་ལ་རྐང་ལམ་ནས་གཞུང་ལམ་དུ་བསྐྱོད་པའི་སློབ་སྟོན་པ་ཆེན་པོ་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་བཅུ་པ་རིན་པོ་ཆེ་མཆོག་རྔ་ཡུལ་སོགས་སུ་ཆིབས་བསྒྱུར་གནང་སྐབས་སུ་རྩི་ནང་དགོན་གྱི་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཁྲི་རབས་བཅུ་བ་བླ་མ་མཁས་བཟང་རིན་པོ་ཆེའི་གཙོས་འདུས་སྡེ་ཡུལ་མི་དང་བཅས་པས་རྩི་མདའི་ཡར་ཐང་དུ་གཟིམ་གུར་སོགས་གདན་ཞུའི་བཀོད་པ་ཕུན་སུམ་ཚོགས་པ་བསྒྲིགས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཆིབས་བསུ་ཞུས་ཚེ་པཎ་རིན་པོ་ཆེ་ས་གཞན་དུ་མཇལ་མིའི་འདུ་ལོང་ཧ་ཅང་ཆེ་བ་དང་། མཛད་དགོས་ཀྱི་ལས་དུ་མས་བྲེལ་ཏེ་དགོང་མོ་ས་རུབ་ཙམ་མ་གཏོགས་རྩི་ནང་དགོན་གྱི་ཇ་ཐབས་བྱེད་སར་ཕེབས་མ་ཐུབ། པཎ་ཆེན་རིན་པོ་ཆེ་གུར་མོ་ཆེར་ཕེབས་སྐབས་མུན་རུབ་ནས་རབ་རིབ་ཙམ་ལས་མི་མཐོང་ཡང་ཁོང་ཁྲི་ལ་མ་བཞུགས་པར་མྱུར་དུ་རྗེ་བླ་མ་མཁས་བཟང་རིན་པོ་ཆེ་ལ་ཁམས་བཟང་ཞུས་ཤིང་དབུ་ཐོད་གཏུགས་ནས་བདག་ད་ལན་ཁྱེད་དང་མཇལ་བ་དགའ་བོ་བྱུང་སོང་གསུངས་ནས་ཞལ་ཏ་མང་པོ་མཛད་དེ་ཐུགས་ཤིན་ཏུ་དགྱེས་དགྱེས་ངང་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཚུལ་གྱིས་ཕན་ཚུན་འབྲལ་དཀའ་བའི་རྣམ་པ་མང་དུ་མཛད།  རྗེས་སུ་པཎ་ཆེན་རིན་པོ་ཆེས།  སྐུ་འཁོར་རྣམས་དང། དེར་འཁོད་ཀྱི་མི་མང་པོར་བདག་ད་ལན་རྔ་ཁོག་ཏུ་ཕེབས་པ་དོན་ཆེན་པོ་ཞིག་དང་ལྡན་སོང་།  རྩི་ནང་བླ་མ་མཁས་བཟང་རིན་པོ་ཆེ་ནི་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པས་ཁོང་གི་ཞལ་མཇལ་སོང་།  བདག་དེ་སྔ་ས་ཕྱོགས་ཡུལ་གྲུ་གཞན་དུ་མར་སོང་མོད་ད་ལན་ལྟ་བུའི་དོན་ཆེན་པོ་དང་ལྡན་པ་མ་བྱུང་ཞེས་ཡང་ཡང་གསུང་ཞེས་ཐོས།  བསྟན་པ་ཡང་དར་གྱི་སྐབས་སུ་རྩི་ནང་དགོན་གྱི་ཕྱིའི་བརྟེན་པ་ནང་གི་ལྷ་རྟེན་སོགས་རྟེན་བཞེངས་རྒྱ་ཆེར་བྱས།  དགོན་གྲོང་གཉིས་ལ་གདམས་ངག་ཆོས་ཀྱི་བགོ་སྐལ་མང་དུ་བསྩལ་བས་བཀའ་དྲིན་བླ་ན་མ་མཆིས་པ་ནི་ཞར་བྱུང་གི་ཚུལ་དུ་སྨྲས་པ་ཡིན། ༽

     ཁྲི་རབས་བདུན་པ་ཁོང་གིས་ ཨ་མཆོག་མཚན་ཉིད་དགོན་དུ་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་ཕྱི་ནང་གི་གྲུབ་མཐའ་དང་བཅུ་ཕྲག་རིག་པའི་གནས་ལ་གསན་སྦྱངས་རྒྱ་ཆེར་མཛད་པ་དང་།

      དགུང་ལོ་ཉེར་གཉིས་སྟེང་དུ་བསེ་དགོན་གྱི་རྡོ་རྗེ་སློབ་དཔོན་བླ་མ་ཀུན་དགའ་ཐུགས་རྗེ་དཔལ་གྱི་ཞབས་པད་གཙུག་ཏུ་བསྟེན་ནས་དཔལ་མཆོག་དུས་ཀྱི་འཁོར་ལོའི་ཕྱི་ནང་གསང་གསུམ་གྱི་རྣལ་འབྱོར་ལ་བརྩོན་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས།

     དགུང་གྲངས་ཉེར་གསུམ་སྐབས་སྤྱན་རས་གཟིགས་ཀྱི་རྣམ་རོལ་རྩི་ནང་བླ་མ་མཁས་བཟང་རིན་པོ་ཆེས་འབྲོག་དགེའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ་བཀའ་བསྩལ་སྤྱི་བོའི་རྒྱན་དུ་བླངས།

     དགུང་གྲངས་ཉེར་ལྔའི་སྟེང་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་རྒྱ་ཆེར་སྤེལ།  གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ་མདོ་སྔགས་རིག་གནས་སོགས་ཡིག་རིགས་མང་པོ་ལ་ཐོས་པ་རྒྱ་ཆེར་བྱས་ནས་སྐད་གཉིས་སྨྲ་བའི་ལོ་ཙྭ་པའི་མཚན་སྙན་འབར།  རབ་བྱུང་བཅུ་བདུན་པ་སྤྱི་ལོ་༢༠༠༨ ལོར་མེ་སྐྱོན་ཤོར་ནས་སྔར་གྱི་འདུ་ཁང་རྩ་མེད་དུ་སོང་ནའང་།  དེང་སྐབས་མཆོག་སྤྲུལ་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་སླར་ཡང་འདུ་ཁང་སྔར་ལས་ལྷག་པ་གསར་བཞེངས་དང་། མགོན་ཁང་སྒྲུབ་ཁང་གྲྭ་ཆུང་སློབ་གཉེར་ཁང་སྨན་ཁང་སོགས་ཕྱིའི་ལྷ་ཁང་ནང་གི་རྟེན་གསུམ་སོགས་རྟེན་བཞེངས་རྒྱ་ཆེར་བྱས། 

གཞན་ཡོན་བདག་བཀའ་དྲིན་ཅན་རྣམས་ཀྱི་བཞེངས་པའི་གསེར་ཁང་། དུས་འཁོར་བློས་བསླངས་བཤད་གྲྭ་ཁང་སོགས་དད་ལྡན་མཇལ་རྟེན་བླ་ན་མ་མཆིས་པ་བཞུགས།  སྤྲུལ་རིན་པོ་ཆེའི་དགོན་གྲོང་གཉིས་ལ་རང་རང་གི་འདོད་བློ་བཞིན་ཆོས་ཀྱི་དྲི་ཆར་བསྩལ་ཏེ་སྐུ་འཚོ་ཞིང་བཞུགས་པའི་སྐབས་ཀུན་ཏུའང་གཞན་རྩི་ནང་དགོན་གྱི་ཁྲི་རབས་རྡོ་རྗེ་སློབ་དཔོན་གྱི་རིམ་པ་དང་། མཁན་རབས་དགེ་བའི་བཤེས་གཉེན་རྣམས་ཀྱི་ལོ་རྒྱུས་འདིེར་ཡི་གེ་མང་དོགས་ནས་མ་བྲིས།  ཤེས་འདོད་པ་དག་གིས་རྩི་ནང་དགོན་གྱི་ལོ་རྒྱུས་རྒྱས་པ་དག་ལ་གཟིགས་རོགས།

༢༠༡༩  ༡ ༢  ཉིན་ཨ་མདོ་པ་ཆོས་རབ་ཀྱིས་བྲིས།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb4h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14849001
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号