དོ་རིང་ཚོད་ཚོད་ལ་ཕ་མ་གཉིས་དྲན་ཁུ།།
གྱིན་འདའ་བ། ཁྲི་འདུ།
ཡུལ་རྒྱུས་མེད་འདི་གའི་ཉིན་སྲིབ་ཀྱི་མཚམས་ནས།།
སྤྲིན་དཀར་དམར་འཐབ་པའི་ས་སྲོད་ཀྱི་ཀློང་ནས།།
བྱ་ངུར་བ་ཁྱུ་གཅིག་ལྷོ་མཐའ་རུ་བསྙེགས་དུས།།
སེམས་ཡ་ཆུང་མཐིལ་གྱི་མེ་ལོང་གི་ངོས་སུ།།
ཡུལ་ཕ་མ་ཟུང་གི་བཞིན་རིས་དེ་འཆར་ཁུ།།
ནུབ་མཚམས་སྤྲིན་དམར་སེར་ཕྱིར་མིག་གི་ཀློང་ནས།།
འོད་འཇའ་ཟེར་ཡལ་བའི་ལྷིང་འཇགས་ཀྱི་པང་ནས།།
དགུན་རླུང་བུ་འཁྱམ་པོའི་ཤུགས་གླུ་དེ་ཐོས་དུས།།
ཞེ་སྣང་བ་སྨྲེང་བའི་ཁེར་རྐྱང་གི་སེམས་པས།།
ཡུལ་ཕ་མ་འཛུམ་པའི་དགོད་སྒྲ་དེ་སྣང་ཁུ།།
ཙག་བསེར་བུས་གདུང་བའི་དགུན་ཟླ་ཡི་ཁུད་ནས།།
དགུང་སྐར་ཆེན་འདར་བའི་ས་སྲོད་ཀྱི་པང་ནས།།
གཞིས་སྡོད་ཁང་སྤྱིལ་བུའི་ཤ་དྲོད་ལ་འབྱར་བའི།།
ལུས་ཁོག་འདར་ཤོར་བའི་ཁེར་རྐྱང་གི་སྣང་བས།།
ཡུལ་ཕ་མའི་འཁྲིས་སུ་ཡོད་ན་རང་བསམས་ཁུ།།
གནས་ཁོར་ཟུག་གཡུར་བའི་ཁུ་སིམ་གྱི་འོག་ནས།།
གློག་ཁྲ་ཆེམ་འཚེར་བའི་སློབ་གླིང་གི་རུམ་ནས།།
ཟས་བསོད་པའི་བཅུད་ལ་རྔམ་འཐུང་རེ་བྱེད་སྐབས།།
ཁོག་དྲན་པ་བརྣངས་པའི་གྲོགས་མེད་ཀྱི་ཁོ་བོས།།
ཡུལ་ཕ་མ་མིང་སྲིང་མཉམ་འཛོགས་ཤིག་འདོད་ཀི། །
གཤིས་བཟློག་མེད་འཁོར་བའི་སྒྱུ་འཕྲུལ་གྱི་ཀློང་ནས།།
ལས་བརྟོལ་མེད་འཇིག་རྟེན་ཆོས་ཉིད་ཀྱི་ལམ་ནས།།
སེམས་སྙི་མོ་ཕལ་བའི་རང་གཤིས་ཤིག་ཡིན་པས།།
ཚིག་ཁེར་ལབ་འཆོར་བའི་ཁེར་རྐྱང་གི་དྲན་པས།།
ཡུལ་ཕ་མའི་བྱམས་བརྩེ་ལྷག་པར་དུ་དྲན་ཁུ།།
ཞེ་འཁྱག་འཁྱག་ཡིན་པའི་དོ་ནུབ་ཀྱི་མལ་ནས།།
སེམས་སྐྱོ་སྐྱོ་སྣང་བའི་དེ་རྒོངས་ཀྱི་རུམ་ནས།།
ལས་མཚར་མཚར་ཡིན་པའི་ལན་ཆགས་འདི་བསམ་ཚེ།།
གྲང་ཤུར་ཤུར་དངངས་པའི་ཁེར་རྐྱང་གི་ང་རིས།།
ཡུལ་ཕ་མ་གཉིས་པོ་རྨི་ལམ་དུ་འཁོར་ཁུ།།
དུས་འཕེལ་འགྱུར་རྒོད་པའི་སྤྱི་ཚོགས་ཀྱི་གསེང་ནས།།
ལག་ཚན་རྩལ་འཐབ་པའི་དྲ་རྒྱ་ཡི་སྟེང་ནས།།
ཚིག་གཅམ་བསྟོད་དགའ་བའི་འཇིག་རྟེན་འདི་མཐོང་དུས།།
སེམས་སུན་སྣང་གཙེས་པའི་དྲྭ་འབུ་ངའི་སྙིང་ནས།།
ཡུལ་ཕ་མས་གནངས་བའི་བདེན་ཚིག་དེ་དྲན་ཁུ།།
དྲིན་ནར་མར་བསགས་པའི་རིགས་བཟང་ཞིག་མིན་ལ།།
ཁ་ཚིག་ལོག་རྒྱག་པའི་མ་རབས་ཀྱང་མིན་ནོ།།
ཡུལ་ས་མཐའི་གྲོང་གི་ཁེར་རྐྱང་གི་འཁྱམ་པོས།།
ས་རི་ཆུ་སྟོང་གི་ཕ་རོལ་ན་བཞུགས་པའི།།
ཞལ་འཛུམ་དཀར་གྲོལ་བའི་ཕ་མ་གཉིས་དྲན་ཁུ།།
རྒྱལ་ལོ་ 2145 1. 5
|