ངལ་བའི་ཤུལ་གྱི་རྐང་རྗེས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 20 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ངལ་བའི་ཤུལ་གྱི་རྐང་རྗེས།
ངལ་བའི་ཤུལ་གྱི་རྐང་རྗེས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/1/17ལྟ་ཀློག (1071)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངལ་བའི་ཤུལ་གྱི་རྐང་རྗེས།


*གཏམ་རྒྱུད་གསེར་ཐང་ལེའུ་དང་པོ་བཀླགས་པའི་ཚོར་སྣང་།*
དུ་སྤྲིན།        ནང་ཆེན།

      ཤེས་ཡོན་པའི་སྡེ་ཞིག་ལ་མཚོན་ན་དཔེ་ཀློག་བྱེད་རྒྱུ་ནི་མི་ཚེའི་ནང་ཆེས་གལ་ཆེ་བའི་བྱ་བ་ཞིག་རེད་ལ་དཔེ་ཀློག་ཟིན་བྲིས་སུ་འདེབས་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་བ་ཞིག་རེད། དཔེ་ཀློག་གིས་ང་ཚོའི་བསམ་པའི་མཐའ་རྒྱ་ཇེ་ཆེར་དུ་བཏང་བ་དང་། བློ་རིག་གི་རྟེའུ་ཕྲུག་ལ་སྐྱེན་མྱུར་གྱི་བང་ཁ་བསྩལ་བ་སོགས་དགེ་མཚན་ཅིས་ཀྱང་མང་།ཁོར་ཡུག་ཅིག་ལ་དཔེ་ཀློག་གི་གོམས་སྲོལ་ཡག་པོ་ཞིག་ཆགས་ཐུབ་རྒྱུ་ནི་ཁོར་ཡུག་དེའི་ཤེས་ཡོན་པ་དང་བསམ་བློ་པ་དག་ལ་རག་ལས་པ་ཞིག་རེད། དཔེར་ན་འཛམ་གླིང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤེས་ཡོན་པ་དང་བསམ་བློ་པ་དག་ལ་མཚོན་ན་དཔེ་ཀློག་བྱེད་རྒྱུ་ནི་མི་ཚེའི་ནང་ཆེས་སྤྲོ་བའི་བྱ་བ་ཞིག་ཏུ་བརྩི་བཞིན་ཡོད་ལ། དེ་དག་གི་ཤུགས་རྐྱེན་དང་བསྐུལ་མའི་འོག་རྒྱལ་ཁབ་དེའི་མི་རིགས་ཀུན་ལ་དཔེ་ཀློག་གི་གོམས་སྲོལ་བཟང་པོ་ཞིག་ཆེད་དུ་བསྐྲུན་ཡོད། ཐ་ན་རྒྱལ་ཁབ་དེའི་ཡུལ་ཉུལ་པ་དང་ཚོང་གཉེར་པ་དག་ལ་དེ་འདྲའི་གོམས་སྲོལ་བཟང་པོ་ཞིག་རྒྱུན་ལྡན་ཡོད་པར་མ་ཟད་ཁྱིམ་གྱི་ཐབ་ཚང་དང་ཉལ་ཁང་སྤྱོད་ཁང་དག་ཏུའང་དཔེ་ཆ་བཞག་ཡོད་ཅིང་། ངལ་གསོ་དང་དུས་ཚོད་ཀྱི་བར་སྟོང་ཅུང་ཟད་བྱུང་སྐབས་ཅི་འདོད་དུ་བླངས་ནས་བཀླག་ཆོག་པའི་དེ་འདྲའི་དགེ་མཚན་དང་སྟབས་བདེ་ཆགས་ཡོད་སྐད་རེད། ང་ཚོས་ཀྱང་དེར་མིག་དཔེ་འདྲེན་ནས་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་བཅུག་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་སྣང་། ཁོ་བོར་མཚོན་ན་དཔེ་ཀློག་བྱེད་པར་དགའ་མོས་ཤིན་ཏུ་ཆེ་ནའང་སྒྱིད་ལུག་དང་ལེ་ལོ་དབང་བཙན་པས་སེམས་ཀྱི་རྟ་ཕོ་ནམ་ཡང་རྣམ་གཡེང་གི་ཐང་དུ་ཤོར་འགྲོ། ཡིན་ནའང་ཐེངས་འདིར་དུས་ཚོད་ཀྱི་བར་སྟོང་ཅུང་ཙམ་རག་པ་དང་བསྟུན་<<རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ>>་ཀློག་པའི་སྤྲོ་བ་ཆེས་ཆེར་འཕེལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་པ་འདི་ནི་རྩོམ་གྱི་ཁ་བྱང་ཡིན་ལ། ཐོག་མར་ཁ་བྱང་དེའི་སྟེང་ནས་རྩོམ་གྱི་རིན་ཐང་དང་རྩོམ་པ་པོའི་ཁྱད་ཆོས་སོགས་ཅུང་ཟད་གཞལ་ཐུབ་པ་ཞིག་ཡིན། <<རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་>>འདིའི་རྩོམ་པ་པོ་ནི་བོད་ཀྱི་ཤེས་ཡོན་པའི་གར་སྟེགས་སྟེང་བརྗིད་ཉམས་ཀྱིས་འགྲེང་མྱོང་བའི་མཁས་དབང་དགེ་འདུན་ཆོས་འཕེལ་རེད་ལ། གལ་ཏེ་མཁས་དབང་དགེ་འདུན་ཆོས་འཕེལ་ནི་ང་ཚོའི་ཨ་མ་ཞིག་ཡིན་པའི་དབང་དུ་བཏང་ན་ཁོང་རང་ཉིད་ཀྱི་རྣམ་དཔྱོད་དང་རིག་གནས་དེ་དག་ནི་ང་ཚོ་གསོ་སྤྱད་ཀྱི་འོ་མའི་རྒྱ་མཚོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པར་སྙམ། ཁོང་གི་བརྩམས་ཆོས་མང་ཆེ་ཤོས་ནི་"བསམ་གཞིག་དང་"ཡུལ་སྐོར་"ལྗོངས་རྒྱུ་"ཞིབ་འཇུག"་ཉམས་མྱོང་"སོགས་ཀྱིས་གྲུབ་པ་ཞིག་ཡིན་ལ། འདིར་"རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའང"་ཁོང་རང་ཉིད་ལྷ་ས་ནས་རྒྱ་གར་དུ་ཐེངས་གཅིག་ཕེབས་པའི་ལམ་བར་གྱི་མཐོང་ཐོས་མྱོང་གསུམ་སོགས་ཟིན་བྲིས་སུ་བཏབ་པའི་དཔེ་ཆ་ཞིག་ཡིན། གཏམ་རྒྱུད་གསེར་ཐང་ཀློག་པ་ནི་རང་ཉིད་ཡུལ་སྐོར་དུ་སྐྱོད་པའི*་ཚོར་སྐྱེན་*འདུག་སྟེ། རྩོམ་པ་པོའི་གང་མཐོང་ཐོས་མྱོང་གསུམ་སོགས་འུད་གཏམ་དང་ཟོལ་བསྟོད་ཀྱིས་མ་ལྷད་པར་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་སྤྱད་དེ་དོན་གྱི་བྱུང་བ་ཇི་བཞིན་དུ་བྲིས་པ་ཁོ་ནར་སྣང་། སྤྱིར་<གཏམ་རྒྱུད་གསེར་ཐང>་མགོ་ནས་མཇུག་བར་ལེ་ཚན་བཅུ་དྲུག་གི་བདག་ཉིད་དུ་གནས་ཀྱང་འདིར་ཚན་པ་དང་པོ་བཀླགས་པའི་མྱོང་ཚོར་འགའ་བརྗོད་པར་བྱ་སྟེ། ཚན་པ་དང་པོར་དགེ་འདུན་ཆོས་འཕེལ་ཁོང་དང་རཱ་ཧུལ་ལ་གཉིས་ལྷ་ས་ནས་ཕེབས་གྲབས་མཛད་པའི་ཚུལ་གཙོ་བོར་བསྟན་མོད། འོན་ཀྱང་བྱེ་བྲག་སོ་སོར་བཀར་ནས་བལྟས་ན་བརྗོད་བྱའི་ནང་དོན་རིགས་གསུམ་དུ་འདུ་སྟེ། /བོད་ཀྱི་བསམ་བློའི་ཕྱི་ནང་ཀུན་ཏུ་རྒྱ་གར་རིག་གནས་ཀྱི་ཤན་ཞུགས་ཚུལ། ཁོང་རང་ཉིད་ཀྱིས་སོ་སོའི་རིག་གནས་ལ་བཟུང་བའི་འགན་འཁྲིའི་འདུ་ཤེས། ཡུལ་སྐོར་རིམ་བརྒྱུད་ཀྱི་གནས་ཚུལ་ཞིབ་བརྗོད་/བཅས་དུམ་ཚན་གསུམ་དུ་སྣང་།

       ①དེ་ལ་དང་པོ་རང་རེ་"བོད་ཀྱི་བསམ་བློའི་ཕྱི་ནང་ཀུན་ཏུ་རྒྱ་གར་རིག་གནས་ཀྱི་ཤན་ཞུགས་ཚུལ"་ཐོག་ནས་གླེང་ན། «འབིགས་བྱེད་རི་བོ་བཞིན་དུ་བརྗིད་པའི་སྐུ།། གངྒའི་རྒྱུན་ལྟར་དག་ཅིང་དྲི་མེད་གསུང་།།» ཞེས་རྒྱ་གར་གྱི་རི་དང་ཆུ་བོ་སོགས་དཔེ་རུ་བཀོད་ནས་བསྟོད་ཚིག་ཅིག་བྲིས་ན་མི་ཕལ་མོ་ཆེའི་ཡིད་སེམས་ཅིག་ཅར་དུ་འཕྲོག་ཐུབ་ཅིང་། «རྨ་རྒྱལ་སྦོམ་ར་བཞིན་དུ་བརྗིད་པའི་སྐུ།། རྨ་ཆུ་བཞིན་དུ་རྒྱུན་ཆད་མེད་པའི་གསུང་།།»ཞེས་བོད་ཡུལ་འབའ་ཞིག་གི་རི་ཆུ་ནགས་གསུམ་སོགས་དཔེ་རུ་བཀོལ་ནས་བྲིས་ཚེ་ཡིད་སེམས་མི་འཕྲོག་པ་མ་ཟད་དེ་ཙམ་མི་སྙན་པའི་སྣང་བ་ཤུགས་ཆེར་འབྱུང་གིན་ཡོད་ཚོད་འདུག་སྟེ། དགེ་ཆོོས་ཁོང་གིས་ཀྱང་ཚིག་བཅད་དེའི་སྟེང་ནས་ར་སྤྲོད་བྱུང་ཡོད་པར་སྣང་། བོད་ལ་དེ་འདྲའི་རྒྱ་གར་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་དོན་གཙོ་བོ་ནི་བོད་ཀྱི་ཆོས་དང་རིག་གནས་གཉིས་ཆར་གྱི་མགོ་ཁུངས་རྒྱ་གར་ཡིན་པས་དེར་དད་མོས་ཚད་མེད་བསྐྱེད་ཅིང་ཡོད་སྟབས་རྒྱུ་མཚན་དེའི་དབང་གིས་ཡིན་པར་སྙམ་མོད། འོན་ཀྱང་དགེ་འདུན་ཆོས་འཕེལ་ཁོང་རྒྱ་གར་དུ་ཕེབས་པའི་མདུན་ལྗོངས་གཙོ་བོར་མིའི་རིགས་ཀྱི་བསམ་བློའི་བཅིངས་གྲོལ་དང་ཤེས་རིག་གི་གོ་རྟོགས་སོགས་མཐོ་རུ་གཏོང་ཆེད་དུ་སོང་བ་ཡིན་པའང་གོང་གི་ཚིག་བཅད་ལས་རྟོགས་ཐུབ།

      ②གཉིས་པ་ཁོང་རང་ཉིད་ཀྱིས་སོ་སོའི་རིག་གནས་ལ་བཟུང་བའི་འགན་འཁྲིའི་འདུ་ཤེས་ཇི་ལྟར་བརྗོད་ཡོད་སྙམ་ན། ཁོང་ནི་གཙོ་ཆེར་གང་མཐོང་ཐོས་མྱོང་གསུམ་སོགས་ཇི་བཞིན་དུ་སྨྲ་བའི་དྲང་སྲོང་མཁན་ཞིག་ཡིན་པས་འདིར་ཁོང་གིས་"བླུན་པོ་ངོ་མཚར་བསྐྱེད་པའི་ཧར་གྱི་གཏམ།།ཆེན་པོའི་ངོ་བསྲུང་བརྩེགས་པ་གཅམ་བུའི་ཚིག། དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དག། རིང་དུ་སྤངས་ཏེ་དྲང་པོའི་ལམ་དུ་ཞུགས།།"ཞེས་དོན་ཚན་གསུམ་གྱིས་གྲུབ་པའི་ཚིགས་བཅད་གཅིག་དྲངས་ཏེ་སོ་སོའི་རིག་གནས་ལ་བཟུང་བའི་འགན་འཁྲིའི་འདུ་ཤེས་བརྗོད་ཡོད་ཅིང་། ལྷག་པར་དུ་ཁོང་རང་ཉིད་ཀྱི་བསམ་བློའི་གཤིས་ཀ་དང་མི་ཚེའི་ཁྱད་ཆོས་སོགས་བསྟན་འདུག་སྙམ་པའི་བློ་ཞིག་ཤར་སོང་། སྐབས་དེར་དགེ་འདུན་ཆོས་འཕེལ་གྱིས་དཀའ་བ་བརྒྱ་ཕྲག་མང་པོ་དགའ་བཞིན་དང་དུ་བླངས་ནས་བསམ་གཞིག་གི་རྟ་ཕོ་བཞོན་ཏེ་རིག་གནས་སྣང་མང་གི་ཐང་དུ་བསྐྱོད་དོན་ནི་གུ་དོགས་པའི་མི་རིགས་ཤིག་གི་བསམ་བློ་སྔོན་འདོན་གྱི་ཁྱད་དུ་རེད་ཅེས་བཤད་ཆོག་ཆོག་རེད་ཨང་།དེ་བས་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། "མཁས་པས་བདེན་བརྫུན་བརྟགས་ནས་འབྱེད།། བླུན་པོ་གྲགས་པའི་རྗེས་སུ་རྒྱུག། ཆུ་ནང་ཅལ་གྱི་སྒྲ་བསྒྲགས་པས།། གཅན་གཟན་རི་དྭགས་ཕལ་ཆེར་བྲོས།།"ཞེས་གསུངས་པ་བཞིན་རང་ཉིད་གོམ་གང་སྤོས་ཀྱང་བསམ་གཞིག་དང་རིག་པས་ཅུང་ཟད་མ་བརྟགས་པར་གཞན་གྱིས་བྱས་པའི་ཚིག་ཟུར་འཆོས་པ་ཙམ་བྱས་ནས་རང་སྣང་གང་ཤར་བཤད་མཁན་གྱི་རིགས་སུ་གཏོགས་པའི་མི་ཞིག་མ་ཡིན་པར་སེམས།

    ③ཡུལ་སྐོར་རིམ་བརྒྱུད་ཀྱི་གནས་ཚུལ་ཞིབ་བརྗོད་ཀྱི་ཐད་ནས་གླེང་ན། སྐབས་དེར་ཁོང་རང་ཉིད་ནང་བསྟན་མཚན་ཉིད་རིག་པར་སློབ་སྦྱོང་གནང་མཁན་གྱི་སེར་མོ་བ་ཞིག་ཡིན་པས་བསྟན་པ་སྔ་དར་ནས་བཟུང་སྟེ་ནང་པའི་དགོན་སྡེ་དང་ནང་བསྟན་རིག་གཞུང་སོགས་ཀྱི་ཉམས་གུད་གྱུར་ཚུལ་བརྗོད་ཡོད་ལ། བོད་ཀྱི་རིག་གནས་དར་འཕེལ་ནི་བོད་ཀྱི་དགོན་སྡེའི་སློབ་གཉེར་པར་རག་ལས་པ་ཞིག་ཡིན་པས་བོད་ཀྱི་མཁས་པ་མང་ཆེ་ཤོས་ཀྱང་བོད་ཀྱི་དགོན་སྡེའི་ཁྲོད་ནས་འཚར་ལོངས་བྱུང་བ་ཞིག་ཡིན། རྒྱུ་མཚན་དེའི་དབང་གིས་དགེ་འདུན་ཆོས་འཕེལ་དང་རཱ་ཧུལ་ལ་གཉིས་ཀྱིས་ལྷ་སའི་དགོན་རྙིང་དེ་དག་བརྒྱུད་དེ་ནང་བསྟན་ཚོལ་ཞིབ་བྱས་ཡོད། དགོན་སྡེ་ཉམས་གུད་དུ་སོང་བ་འགའ་མཐོང་ཚེ་ཁོང་གི་སེམས་ནང་དུ་བརྗོད་ཀྱིས་མི་ལང་པའི་ཕངས་སེམས་ལྡང་ཡོད་ཚོད་འདུག་སྟེ་བོད་ཀྱི་དགོན་སྡེ་ཉམས་གུད་དུ་སོང་བ་ནི་བོད་ཀྱི་རིག་གནས་ཉམས་གུད་དུ་སོང་བ་དང་མཚུངས་ལ་བོད་ཀྱི་རིག་གནས་ཉམས་གུད་དུ་སོང་བ་ནི་བོད་སྤྱི་ནས་ཉམས་གུད་དུ་གྱུར་པ་ཡིན་པས་དགེ་འདུན་ཆོས་འཕེལ་ཁོང་གིས་བོད་ཀྱི་རིག་གནས་སྤྱི་དང་ཡང་དགོས་སུ་ནང་བསྟན་མཚན་ཉིད་རིག་གཞུང་སོགས་ལ་དོ་སྣང་གཙོ་ཆེར་གནང་དོན་འུ་ཅག་གི་རིག་གནས་ཉམས་གུད་ལ་འགན་འཁྲིའི་འདུ་ཤེས་ཡོད་པའི་རྟགས་སོ།།  


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15119522
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号