ཧ་མཐའ་དཀོན་མཆོག་སེངྒེའི་རྣམ་ཐར་ཐོར་བུ་དད་པའི་འཇུག་ངོགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སྔོན་བྱོན་སྐྱེས་ཆེན། »ཧ་མཐའ་དཀོན་མཆོག་སེངྒེའི་རྣམ་ཐར་ཐོར་བུ་དད་པའི་འཇུག་ངོགས།
ཧ་མཐའ་དཀོན་མཆོག་སེངྒེའི་རྣམ་ཐར་ཐོར་བུ་དད་པའི་འཇུག་ངོགས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/3/5ལྟ་ཀློག (31944)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།  །ཧ་མཐའ་དཀོན་མཆོག་སེངྒེའི་རྣམ་ཐར་ཐོར་བུ་དད་པའི་འཇུག་ངོགས།

རྩོམ་པ་བོ་དམུ་དགེ་རྣོ་ཤེར།

དཀོ༷ན་མཆོ༷ག་ཀུན་འདུས་ཐུབ་དབང་རྡོ་རྗེ་འཆང་།།
དེ་ཡི་ལུང་རྟོགས་དམ་ཆོས་བདུད་རྩིའི་མཆོག།
མཐའ་འཁོབ་མུན་པའི་ཡུལ་དུ་ཆེར་སྤེལ་བའི།།
ཤཱཀྱ་སེ༷ངྒེ༷འི་བསྟན་འཛིན་མཆོག་དེར་འདུད།།

རྒྱལ་བའི་བསྟན་ལ་ཚེ་རབས་གོམས་པའི་མཐུས།།
བསྟན་དང་འགྲོ་བའི་རྒུད་པ་ཀུན་བསལ་ཏེ།།
ཡང་དག་ལམ་གྱི་གནད་ཀུན་མཁྱེན་པའི་དཔལ།།
བྱང་ཆུབ་ཆེན་པོ་བརྙེས་ལ་དུས་ཀུན་འདུད།།

གང་གི་གསང་གསུམ་མཛད་པ་རྒྱ་མཚོ་ཆེ།།
བྱིས་བློ་བདག་འདྲའི་དཔོག་པ་བཞད་གད་རྒྱུ།།
འོན་ཀྱང་དམ་པའི་བཀའ་བཞིན་ལོ་རྒྱུས་ཀྱི།།
གསེང་དུ་ཐིམ་པ་འགའ་ཞིག་འབྲི་ལ་བརྩོན།།


           དེ་ཡང་རང་རེའི་དམུ་དགེའི་ཡུལ་ནི་གནའ་ནས་བཟུང་སྐྱེས་བུ་དམ་པ་དང་མཁས་པ་མང་བོ་འཁྲུངས་ས་ཞིག་ཡིན་པར་སྙོན་དུ་མེད་ལ།   རང་རེའི་དམུ་དགེ་དགོན་ལ་མཚོན་ནའང་ལོ་ངོ་དྲུག་བརྒྱ་ལྷག་གི་བྱུང་རིམ་ནང་དུ་བསྟན་པ་ཕྱི་དར་དང་ཡང་དར་གང་གི་སྐབས་ཡིན་ནའང་སྐྱེས་བུ་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་བོ་ཞིག་བྱོན་དང་ད་ལྟའང་འབྱོན་མུས་སུ་ཡོད་མོད།   འོན་ཀྱང་ལོ་རྒྱུས་ཀྱི་གླེགས་བམ་ལ་ཕྱི་ལྟ་ཞིག་བྱས་ཚེ་མཐོང་དཀོན་པ་ལྟ་བུར་གྱུར་འདུག་པ་འདིའང་ཕྱོགས་གཅིག་ནས་བཤད་ན་ཡིད་ཕངས་པ་ཞིག་དང་སེམས་ཁྲལ་བྱེད་འོས་པ་ཞིག་ཅིས་ཀྱང་རེད་འདོད།    དེ་བས།   སྔོན་བྱོན་དམ་པའི་རྣམ་ཐར།   །རྗེས་འཇུག་གདུལ་བྱའི་ཉམས་ལེན།   །ཞེས་གསུངས་པ་བཞིན་རང་ཅག་དགོན་གྲོང་ཀུན་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞིང་ཡུལ་མཐའ་འཁོབ་ཀུན་ཏུ་ཆོས་ཀྱི་རྔ་ཆེན་རྡུང་མཁན།   ཁྱད་པར་དུ་རང་རེའི་དགོན་པར་བཀའ་དྲིན་ཆེས་ཟབ་ཅིང་དགོན་བདག་རབས་དང་རིམ་པས་དགོན་པ་གཏད་མྱོང་བའི་ཧ་མཐའ་བླ་མའི་སྐུའི་འཕྲེང་རབས་གསེར་གྱི་འཕྲེང་བ་ལས།   བསྟན་འགྲོའི་དོན་ཆེན་སྒྲུབ་པ་ལ་ཐུགས་སྨོན་དུས་སུ་བབས་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་ཧ་མཐའ་སྐུ་འཕྲེང་གཉིས་པ་རྗེ་དཀོན་མཆོག་སེངྒེ་དཔལ་བཟང་བོ་མཆོག་གི་རྣམ་ཐར།    དགོན་པའི་གདན་རབས་དང་ལོ་རྒྱུས་དག་ཏུ་ཅུང་ཟད་མཐོང་བ་རྣམས་འདིར་ཞུ་བ་ལ།

      རྗེ་འདི་འཁྲུངས་པའི་ཡུལ་ནི་མདོ་སྨད་ཡུལ་གྱི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ས་དཀར་སྡེ་བ་ཞེས་བྱ་བ་ཡིན་ལ། ཡབ་ཀྱི་མཚན་ལ་བནྡེ་རྒྱལ་ཞེས་བྱ་ཞིང་གཙོས་ནས་འོངས་པའི་མི་ཞིག་ཡིན་པར་མདོ་སྨད་ཆོས་འབྱུང་ལས་གསུངས། སྐྱབས་མགོན་སྐུ་འཕྲེང་གཉིས་པ་མ་ཧཱ་པཎྜི་ཏ་ཆེན་པོ་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་གི་ཞལ་སྔ་ནས་ཧ་མཐའ་སྐུ་འཕྲེང་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གནང་། མཚན་ལ་དཀོན་མཆོག་སེངྒེ་ཞེས་གསོལ། མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་གྲྭ་རྐྱང་དཀྱུས་མའི་ངང་ཚུལ་བཟུང་སྟེ་སློབ་གཉེར་མཛད། སྐྱབས་མགོན་སྐུ་འཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་བོ། གུང་ཐང་འཇམ་པའི་དབྱངས།  གླིང་དགྱེས་པའི་བློ་གྲོས།  རྗེ་དྷྭ་ཛའི་མཚན་ཅན་སོགས་ཐེག་མཆོག་བཤེས་གཉེན་མང་བོ་ཚུལ་བཞིན་དུ་བསྟེན་ནས་གཞུང་བཀའ་པོད་ལྔས་མཚོན་པའི་མདོ་སྔགས་གཉིས་ཀྱིས་བསྡུས་པའི་ཟབ་ཆོས་ཅི་རིགས་གསན།

     ཁོང་སྐུ་ན་ཆུང་དུས་གླིང་དགྱེས་པའི་བློ་གྲོས་ཚང་གིས་མཁའ་སྤྱོད་མའི་དབང་གནང་སྐབས་ཤིག་ལ་བླ་མའི་ཞལ་ནས་དཀྱིལ་འཁོར་ནང་གི་མཁའ་འགྲོ་མ་གཅིག་ཆད་ནས་གྲལ་མཇུག་གི་མིག་ཕྲུག་དེའི་ཕྲག་པ་གཡས་གཡོན་ན་གར་འཁྲབ་ཀྱིན་འདུག མིག་ཕྲུག་དེ་སུ་རེད་ཅེས་དྲིས་པས་མཆོད་དཔོན་གྱིས་བལྟས་པ་ན་སྐུ་ན་ཆུང་བའི་ཧ་མཐའ་དཀོན་མཆོག་སེངྒེ་ཡིན་པར་གྲགས།   རྩེ་དབུས་གཅོད་པ་ཡེ་ཤེས་ཀྱི་མདུན་ནས་རྟ་མགྲིན་ཡང་གསང་ལ་སོགས་པ་གསར་རྙིང་གི་བཀའ་ཆོས་མང་བོ་གསན།   ཁོང་སློབ་གཉེར་མཐར་ཕྱིན་ཏེ་ཕྱིར་དམུ་དགེར་ཕེབས་ནས་ཀུན་མཁྱེན་འཇིགས་མེད་དབང་བོ་གདན་དྲངས།    དམུ་དགེ་ནོར་བའི་ལྐོག་ཤེས་ཁོག་ནས་ཁོང་གིས་ལྷ་སྡེ་ཁྱིམ་ཚང་བདུན་ཏེ་དངུལ་ར་ལྷ་སྡེ་ཆོས་སྐྱོང་ལྷ་གུར་བཅས་ཕུལ་བས། དངུལ་ར་ལྷ་སྡེའི་གཞི་བདག་ལྷ་སྡེའི་དབང་འཛིན་གུར་གང་ཟེར་བ་སོགས་ཀྱི་གཏམ་སྲོལ་དར་བར་བཤད།

      དེའི་རྗེས་སུ་དམུ་དགེའི་དགོན་གྲོང་གཉིས་དང་།   སོ་མང་ཚང་གི་བླ་མར་གྱུར་པས་ཁྲོ་ཆུའི་ཚ་ཁོ་སོགས་དང་གྲོས་བྱས་ནས་ཀུན་མཁྱེན་འཇིགས་མེད་དབང་བོ་ཐེངས་གཅིག་གདན་འདྲེན་བྱས།    སྐབས་དེ་ནས་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ཆེན།    བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཏུ་གྱུར།   རྩེ་དབུས་གཅོད་པ་ཡེ་ཤེས་ཚུལ་ཁྲིམས་ཚང་གི་མདུན་ནས་གཅོད་ཐུགས་ཉམས་སུ་བཞེས་པས་བསྟན་པ་དང་སེམས་ཅན་ལ་འཚེ་བའི་ལྷ་འདྲེ་མ་རུང་བ་དུ་མ་སྤྲོད་པ་དང་། འབྱུང་འགྱུར་མངོན་སུམ་དུ་གཟིགས་པ་སོགས་ཀྱི་ཉམས་རྟོགས་བརྙེས།    ཡིད་ལུས་བཟུང་ནས་ཡུལ་སྣ་ཚོགས་སུ་བྱོན་པར་གྲགས། དམ་ཅན་སྐྱེས་བུ་ཆེན་པོ་བྲན་དུ་འཁོལ་བས་ལོག་སྒྲུབ་ཅན་མང་བོ་ཚར་བཅད།   ཕུར་བའི་རྣལ་འབྱོར་བ་ཞིག་ཡིན་པའི་ལོ་རྒྱུས་ཀྱང་ཡོད་དེ།    ཁང་དམར་ཨེ་ཝཾ་བདེ་ལྡན་གླིང་གི་གདན་རབས་ཀུན་གསལ་མེ་ལོང་ལས།   ཁོང་ཕུར་བའི་རྣལ་འབྱོར་བ་ཞིག་ཡིན་ཞིང་།   ཞེས་གསུངས། གླིང་དགྱེས་པའི་བློ་གྲོས་ཚང་དམུ་དགེར་ཕེབས་ནས་མི་ཏྲ་རྡོར་འཕྲེང་ལ་སོགས་པའི་དབང་གནང་སྐབས་མཚན་ཉིད་སྒར་ཕྱག་འདེབས་མཛད་པ་བོ་ཨ་མཆོག་སྐུ་འཕྲེང་གཉིས་པ་བསྟན་པའི་རྒྱ་མཚན་འཇམ་དཔལ་སྤྲིན་རྒྱ་མཚོ་ཚང་ཕེབས་ནས་བཀའ་ཆོས་གསན།   རྗེ་འདི་བའི་མདུན་དུ་མཇལ་ཁ་ཞུ་བར་ཕེབས་སྐབས་ཁོང་གིས་ཨ་མཆོག་ཚང་ཡིན་པ་ཤེས་ནས་ལྷམ་གྱིས་མཇལ་ཁ་གནང་བ་དང་།   གྲྭ་བ་རྣམས་ལ་དཔེ་ཆ་གླེགས་བམ་ཞིག་གིས་མཇལ་ཁ་གནང་བས་གྲྭ་བ་རྣམས་ཀྱིས་སྨྱོན་པ་འདིས་ང་ཚོའི་བླ་མའི་མགོར་ལྷམ་བཞག་སོང་ཞེས་ཁྲོས།     རྗེ་འདི་བའི་ཞལ་ནས་ཡ་ཚ་སྐྱག་ཁྱོད་ལ་ཡོན་ཏན་ཅི་ཞིག་ཡོད་ཅེས་དྲིས་པས།    ཨ་མཆོག་ཚང་གིས་ང་ལ་ཡོན་ཏན་ཅི་ཡང་མེད་མོད་རང་གི་རྩ་བའི་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་ལགས་ཞུས་པ་ན།  རྗེ་འདི་བས་འོ་ཚ་སྐྱག་གི་ཡོན་ཏན་གྱིས་ཡོན་ཏན་ཐམས་ཅད་ཟུར་གྱིས་མནན་སོང་ཞེས་གསུངས་པས་ཨ་མཆོག་ཚང་རྗེ་འདི་བ་ལ་ལྷག་པར་དད་པ་རབ་ཏུ་སྐྱེས་ཏེ།   ཧ་མཐའ་དཀོན་མཆོག་སེང་གེ་ཚང་ཨ་མཆོག་མཚན་ཉིད་སྒར་དུ་གདན་འདྲེན་ཞུས་པས་ཞལ་གྱིས་བཞེས་ཏེ་ཨ་མཆོག་མཚན་ཉིད་དགོན་དུ་ཕེབས།     དགོན་དེར་ཕེབས་ནས་གསང་འདུས་ཀྱི་དབང་དང་། གསང་འདུས་བསྐྱེད་རྫོགས། རྟ་མགྲིན་ཡང་གསང་གི་དབང་སོགས་བཀའ་ཆོས་མང་བོ་གནང་བས་མཚན་ཉིད་སྒར་དུ་རྟ་མགྲིན་ཡང་གསང་ཚོགས་ཆེན་དུ་བདུན་སྒྲུབ་གནང་བའི་ཕྱག་སྲོལ་ད་ལྟའང་གནས་ཡོད་པར་སྐད།

     རྒྱལ་རོང་སྟོབས་ལྡན་སེངྒེ་དང་དུས་མཉམ་ཡིན་སྟབས་སེངྒེ་རྣམ་གཉིས་ཞེས་མཚན་སྙན་གྱི་བ་དན་ནོར་འཛིན་བུ་མོའི་རྒྱན་དུ་བསྒྲེངས།   ཟངས་དཀར་དུ་བཞུགས་སྐབས་ཤིག་ལ་སྔགས་པ་སྟོང་ཤོ་ཟེར་བ་ཞིག་གིས་ཁོང་གི་ཟ་སྐལ་འཕྲོག་སོང་ཟེར་ནས་རག་ཁྲོམ་ཕྱེ་མ་དཀར་དུ་མཐུ་འཁོར་བཀྱག་སྟེ་དམོད་བཅོལ་བ།   རྒྱལ་རོང་སྟོབས་ལྡན་སེངྒེས་ལུང་བསྟན་ལྟར་ཕྱ་རོག་གིས་ལམ་ཁྲིད་བྱས་ཏེ་སོང་ནས་མཐུ་འཁོར་ཏེ་ངོ་མཚར་ཐབས་ཀྱིས་བླངས་པ་སོགས་ལོ་རྒྱུས་ཁོང་དག་པར་གདའ།      སྐུ་ཚེ་སྟོད་དུ་བཞུགས་ཡུལ་ལ་ངོས་འཛིན་མི་མཐུན་པ་གཉིས་སུ་སྣང་སྟེ།   མདོ་སྨད་ཆོས་འབྱུང་ལས།   སྐུ་ཚེ་སྟོད་ཕལ་ཆེར་རྔ་བའི་ཨ་མཆོག་དང་།   སྐུ་ཚེ་སྨད་ལ་ཟངས་དཀར་དུ་བཞུགས།   ཞེས་དང་།   དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་དང་།   ཁང་དམར་གདན་རབས་ཀུན་གསལ་མེ་ལོང་གཉིས་ལས།   སྐུ་ཚེ་སྟོད་ཕལ་ཆེར་དམུ་དགེ་དང་།   སྐུ་ཚེ་སྨད་ཟངས་དཀར་དུ་བཞུགས།  ཞེས་གསུངས་སོ།   །འོན་ཀྱང་མཐའ་གཅིག་ཏུ་མ་ངེས་པར་སེམས་ཏེ་སྐུ་ཚེའི་སྟོད་ལ་བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་མཛད་ནས་རྒྱུན་རིང་བཞུགས་ཡོད་པར་གོང་ན་གསལ།    སྐུ་ཚེ་སྨད་ལ་ཟངས་དཀར་ཕྱོགས་སུ་བཞུགས་ནས་དགོན་གྲོང་ཀུན་ལ་བརྩེ་བའི་དྲིན་གྱིས་བསྐྱངས།  

       དེ་ལྟར་མཛད་པ་དང་འཕྲིན་ལས་ནམ་མཁའ་དང་མཉམ་པའི་༧རྗེ་ཧ་མཐའ་དཀོན་མཆོག་སེངྒེ་ནི་མེ་བྱ་སྟེ་སྤྱི་ལོ་1837་ལོའི་བོད་རྩིས་ཀྱི་དབོ་ཟླའི་ཚེས་བཅོ་ལྔ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་ནག་ཟླའི་ཚེས་ཉེར་ལྔའི་བར་ཏེ་ཞག་བཞི་བཅུའི་རིང་ལ་ཐུགས་དམ་དུ་བཞུགས།    ཀུན་མཁྱེན་སྐུ་འཕྲེང་གསུམ་པ་༧རྗེ་འཇིགས་མེད་རྒྱ་མཚོ་མཆོག་དགུང་ལོ་ཞེ་དྲུག་ཐོག་གདན་ཞུས་ལྟར་ཆེད་དམིགས་ཀྱིས་ཕེབས་ནས་རྗེ་འདི་བའི་སྐུ་གདུང་ལ་གཟིགས་མཇལ་གནང་རྗེས་གཞི་ནས་ཐུགས་དམ་གྲོལ།   སྐྱབས་མགོན་གསུམ་པ་འཇིགས་མེད་རྒྱ་མཚོ་མཆོག་གིས་ཐུགས་དགོངས་རྫོགས་པའི་ཞལ་འདོན་དང་།   སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས་ལྗགས་རྩོམ་མཛད་དོ།།     །།


སི་ཁྲོན་རྔ་བ་ཁུལ་དམུ་དགེ་དགོན་པ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45482249
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1