ཇོ་ནང་ལུགས་ཀྱི་སྟོན་པའི་འདས་ལོ།
རྩོམ་པ་པོ། མཁན་མུན་སེལ།
དཔལ་ལྡན་རྒྱལ་བ་ཇོ་ནང་པའི་ལུགས་ཀྱི་སྟོན་པའི་འདས་ལོ་དྲི་མེད་ཟླ་གཞོན།
ན་མོ་གུ་རུ་བྷྱཿ
འཇིག་རྟེན་འདི་ན་ལྷང་ངེར་མངོན་འཕགས་པ།།
ཟས་གཙང་སྲས་པོ་ཤཱཀྱའི་རྒྱལ་བོ་ཡི།།
འདས་ལོ་སྣ་ཚོགས་སྨྲ་བ་མང་ན་འང་།།
ཇོ་ནང་ཕྱོགས་རྒྱལ་ལུགས་འདི་ཟླ་དང་བྲལ།།
དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་བོ་རྒྱུ་སྐར་གྱི་དབུས་ན་ཟླ་བ་ལྟར་མངོན་པར་འཇིག་རྟེན་འདིར་འཕགས་མོད་ཀྱང་འདས་ལོ་སྣ་ཚོགས་ཞིག་སྨྲ་བ་ལ་ཡིད་བརྟན་དཀའ་བར་སྣང་མོད། ངས་འདི་ན་ཕྱོགས་ཞེན་ཙམ་གཏན་མིན་པར་བོད་དང་རྒྱ་གར་རྒྱ་ནག་སོགས་ན་འདོད་ཚུལ་མང་ཡང་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་བཞེད་ཚུལ་དེ་ད་ལྟ་དངོས་གནས་སུ་ཐོད་ཐུག་པར་འདུག་པས། འཛམ་གླིང་གི་ནང་བསྟན་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཅུང་ཟད་གསོན་དང་འདི་ལྟར་ལགས། དེ་ཡང་དུས་འཁོར་རྩ་རྒྱུད་དང་འབྲེལ་བའི་སྒོ་ནས་བཤད་པ་ཡིན།
དུས་འཁོར་རྩ་རྒྱུད་ལས། སྟོན་པའི་བྱ་རྒོད་ཕུང་པོའི་རིར།། ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།། ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ།། དེ་བཞིན་གསང་སྔགས་ཚུལ་རབ་བསྟན།། ཞེས་གསུངས་པ་ལྟར་སྟོན་པ་སངས་རྒྱས་པའི་ཚུལ་བསྟན་པ་དེའི་ཕྱི་ལོའི་ནག་པའི་ཉ་ལ་བྱ་རྒོད་སྤུངས་རིར་གདུལ་བྱ་ཐེག་ཆེན་ཐུན་མོང་གི་ངོར་ཤེར་ཕྱིན་གསུངས་པ་དང་མཉམ་དུ་ཐུན་མིན་གདུལ་བྱའི་ངོར་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་རྡ་ན་ཤྲཱིའི་གླིང་དུ་ལྷ་རྣམས་ཀྱིས་བཞེངས་པའི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་མོར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་རིན་པོ་ཆེ་གསུངས་པའི་ཕྱི་ལོ་ཟླ་བ་བཟང་པོས་རྩ་རྒྱུད་རྒྱས་འགྲེལ་ཤོ་ལོ་ཀ་སྟོང་ཕྲག་དྲུག་ཅུ་པ་མཛད་ཅིང་དུས་འཁོར་བློས་བསླང་ཆེན་མོ་བཞེངས་ཏེ་སྲས་ལྷ་དབང་ཆོས་ཁྲིར་འཁོད།
དེ་ནས་ཆོས་རྒྱལ་གཟི་བརྗིད་ཅན། ཟླ་བའི་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་དྲུག་པོ་ལོ་བརྒྱ་རེ་ལ་ཆོས་ཁྲིར་བཞུགས། དེ་ལ་ལོ་དྲུག་བརྒྱ་སོང་།
དེ་ནས་རྩ་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོར།། དྲང་སྲོང་རྣམས་ནི་སྨིན་དོན་དུ།། མི་བདག་འཇམ་དཔལ་གྲགས་པ་ནི།། ཤམ་བྷ་ལ་ཞེས་བྱ་བར་འབྱུང་།། ཞེས་གསུང་པ་དང་མཐུན་ཅིང་དེ་ལྟར་ལུང་བསྟན་པའི་རིགས་ལྡན་འཇམ་དཔལ་གྲགས་པ་ནས་སྲས་རིགས་ལྡན་པདྨ་དཀར་པོ། བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་དམར་བ། ཁྱབ་འཇུག སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང་པོ་རྣམས་ཆོས་ཁྲིར་ལོ་བརྒྱ་རེ་བཞུགས། རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་གྱ་གཉིས། རྒྱལ་དཀའ་ཉིས་བརྒྱ་ཉེར་གཅིག་སྟེ་གཉིས་ཀ་ལོ་བཞི་བརྒྱ་དང་གསུམ་བཞུགས།
དེ་ནས་རིགས་ལྡན་ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། སེང་གེ རྣམ་གནོན། སྟོབས་པོ་ཆེ་རྣམས་ཀྱིས་ལོ་བརྒྱ་རེ་ལ་ཆོས་བསྟན་ཟིན། དེ་ལ་སྟོན་པ་སངས་རྒྱས་པའི་ཕྱི་ལོ་ནས་ཆོས་རྒྱལ་དྲུག་དང་རིགས་ལྡན་ཉི་ཤུ་སོང་བ་རྣམས་ལོ་བརྒྱ་ཕྲག་རེ་ཆོས་ཁྲིར་བཞུགས་པ་དང་རིགས་ལྡན་གཉིས་ཀྱི་ལྷག་མ་ལོ་ཉིས་བརྒྱ་དང་གསུམ་སོང་བ་བསྡོམས་ན་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་དང་གསུམ་སོང་།
ད་ལྟ་རིགས་ལྡན་མ་འགགས་པ་རབ་བྱུང་བཅུ་བདུན་པའི་ཉག་མ་སོ་གསུམ་ས་མོ་ཕག་སྟེ་ཕྱི་ལོ་ཉིས་སྟོང་བཅུ་དགུ་ཡན་ལ་ཆོས་ཁྲིར་འཁོད་ནས་ལོ་གོ་གསུམ་འདས། དེ་བསྣན་པས་ཉིས་སྟོང་བརྒྱད་བརྒྱ་གོ་དྲུག་སོང། དེ་ལས་སྟོན་པ་སངས་རྒྱས་ནས་སྐུ་འདའ་ཚུལ་མཛད་པའི་བར་གྱི་ལོ་ཞེ་དྲུག་ཕྲི་བས་ཉིས་སྟོང་བརྒྱད་བརྒྱ་ལྔ་བཅུ་སོང་ཡོད་པས་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་བསྟན་རྩིས་རིན་ཆེན་སྒྲོན་མེ་ལྟར་སྐྱབས་མགོན་མ་ཏིས་ཐུབ་བསྟན་སྔ་ཕྱིའི་དར་ཚུལ་བརྩམས་པ་ལྟར་འདིར་བྲིས་པ་ལགས།
དེ་ཡང་མདོ་ལུགས་ལ་མདོ་དང་བསྟན་བཅོས་རྣམས་ལས་འདོད་ཚུལ་མང་ནའང་འབུམ་ཊཱིཀ་གནོད་འཇོམས་ལྟར་ལོ་ལྔ་སྟོང་དུ་གནས་པ་འདི་ད་ལྟ་ཡོངས་སུ་གྲགས་པའི་འཐད་ལྡན་བྱས་པ་ལ། སྟོན་པའི་བསྟན་པ་འདི་ལ་སྔ་དར་དང་ཕྱི་དར་གཉིས་ཡོད་པས་སྔ་དར་ལ་ལོ་སུམ་སྟོང་ཉིས་བརྒྱ་སྐོར་དང་། ཕྱི་དར་དུས་བཞི་ཕྱི་མའི་རྫོགས་ལྡན་ལ་ལོ་སྟོང་དང་བརྒྱད་བརྒྱ་ཙམ་མང་པོས་གསུངས་པ་དང་ཡང་ཆེས་མཐུན་ཏེ། སླད་ནས་རིགས་ལྡན་མ་འགག་པ་ལོ་བདུན་དང་། དེ་ནས་མིའི་སེང་གེ་དབང་ཕྱུག་ཆེན་པོ། མཐའ་ཡས་རྣམ་རྒྱལ། དྲག་པོའི་འཁོར་ལོ་ཅན་རྣམས་འབྱུང་བའི་སྔ་མ་གསུམ་ལོ་བརྒྱ་རེ་དང་ཕྱི་མ་ལོ་སྔ་བཅུ་སྐོར་ནས་ལྷ་ཀློ་འཇོམས་པར་གསུངས་པ་ལྟར་ན་མདོ་ལུགས་སུམ་སྟོང་ཉིས་བརྒྱ་ཙམ་བསྟན་པ་སྔ་དར་ལ་ཡོད་པར་གསུངས་པ་དང་ཆེས་མཐུན་པར་འདུག་པས་འདི་ངེས་པར་ཡིད་ཆེས་པའི་གནས་སུ་མཐོང་བ་ལགས་པས་བློ་ལྡན་གཟུར་གནས་རྣམས་ཀྱིས་ལེགས་པར་དཔྱོད་དང་རྟོགས་པར་འགྱུར་རོ། །
ད་ནི་འདི་ནས་ཞིབ་རྩིས་བྱས་ན་ལོ་ངོ་སུམ་བརྒྱ་དང་ང་བདུན་དང་ལྷ་རྒྱལ་ཆེན་པའི་ཉིན་བདུན་ཙམ་ལས་མེད་ཅིང་དེ་ཙམ་ནས་དུས་བཞི་ཕྱི་མའི་རྫོགས་ལྡན་གྱི་བསྟན་པ་ས་ཆེན་དུམ་བུ་བཅུ་གཉིས་ལ་འཆར་བར་འགྱུར་བ་ཡིན་པས་ཐམས་ཅད་ཀྱི་སྟོན་པའི་བསྟན་པ་རྫོགས་ལྡན་ཕྱི་མའི་གདུལ་བྱ་ལ་རེ་སྨོན་ཡང་ཡང་བྱེད་ཅིང་དེར་སྐྱེ་བའི་རྒྱུ་ཚོགས་ལ་འབད་པ་གལ་ཆེ་བར་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་དུས་ནའང་དཔྱིད་དུས་ལྟ་བུར་སླེབ་པར་གསུངས་པས་ཤེས་ལྡན་རྣམས་ཀྱིས་དོན་གཉེར་ཆེན་པོ་བྱར་འོས་སོ་ཞེས་དྲན་སྐུལ་ཙམ་དུ་ཇོ་ནང་མདོ་སྔགས་སློབ་གླིང་ནས་རབ་རྒྱན་ས་མོ་ཕག་གི་ལོའི་བོད་ཟླ་དང་པོ་སྟོན་པའི་དུས་ཆེན་ལ་ངག་དབང་མ་རིག་མུན་སེལ་ཞེས་པས་ཕུལ་བ་དགེ།
རྩོམ་ཁུངས། ཛམ་བྷ་ལའི་རིག་གནས་འཕྲིན་སྟེགས།
|