ཇོ་དར་སོགས་ལ་རབ་གནས་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 22 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས་ཆོས་སྤྱོད། »ཇོ་དར་སོགས་ལ་རབ་གནས་མདོར་བསྡུས།
ཇོ་དར་སོགས་ལ་རབ་གནས་མདོར་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/4/11ལྟ་ཀློག (474)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །རབ་ཏུ་གནས་པར་བྱེད་པ་ཤིན་ཏུ་མདོར་བསྡུས་

ཁྱེར་བདེ་བཞུགས་སོ། །

    ༄༅། །རབ་ཏུ་གནས་བྱའི་མདུན་དུ་བྱུང་ན་མཆོད་པ་གང་འབྱོར་དང་མེད་ན་ཡིད་ཀྱིས་སྤྲུལ་བ། ན་མོ་བདེ་གཤེགས་སྙིང་པོ་སོགས་གཤེགས་སུ་གསོལ། བཛྲ་ས་མ་ཡ་ཛ། བཛྲ་ས་མ་ཡ་སྟྭཾ། བཛྲ་ས་མ་ཡ་ཧོ། བཛྲ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃཿ ཞེས་སྤྱན་འདྲེན་བཞུགས་བསྟིམས་ཕྱག་འཚལ་མཆོད་པ་ཕུལ་ལ་འདི་སྐད་དོ།།

     དུས་གསུམ་གྱི་སངས་རྒྱས་རྒྱལ་བ་སྲས་དང་བཅས་པ་དང་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་སྐུ་གསུང་ ཐུགས་ཀྱི་རྟེན་གཉེན་པོ་འདི་ལ་བརྟན་ཅིང་བཞུགས་སུ་གསོལ་རྟེན་ཞིང་བརྟན་པར་བཞུགས་ནས་ཀྱང་བདག་སོགས་སེམས་ཅན་རྣམས་ཕྱག་གི་གནས་མཆོད་པའི་ཞིང་ཚོགས་ རྫོགས་སྒྲིབ་པ་སྦྱང་བའི་སླད་དུ་ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར་དུ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། འབྲུ་འཐོར་ལ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་རྩལ་དུ་གསོལ། །ཡེ་དྷར་དང་སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་འཐོར་ལ། སངས་རྒྱས་རྟེན་གསུམ་ཇི་སྙེད་ཀུན། །ནམ་ཡང་འཇིགས་པ་མེད་པ་རུ། །སྲིད་པའི་རྒྱ་མཚོ་མ་སྟོང་བར། །འགྲོ་བའི་དོན་དུ་བཞུགས་སུ་གསོལ། །དེར་འཛིན་བླ་མ་ཆོས་བྱེད་རྣམས། །འགྲོ་དོན་འགགས་པ་མེད་པ་རུ། །འགྲོ་ཁམས་རྒྱ་མཚོ་མ་སྟོང་བར། །བསྟན་འགྲོའི་དོན་དུ་བཞུགས་སུ་གསོལ། །དེར་གུས་སྐྱེ་རྒུ་ཡོན་བདག་རྣམས། །མི་འདོད་ཉེར་འཚེ་ཀུན་ཞི་ནས། །ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས། །ཕྱི་མ་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་མེ་ཏོག་ཕྱོགས་བཅུར་འཐོར་ལ་མི་འགྱུར་ལྷུན་པོ་དང་འབད་དང་རྩོལ་བས་མ་གོས་སོགས་ཤིས་བརྗོད་གང་རུང་བརྗོད་ལ་རབ་ཏུ་གནས་པར་བསམ། ཞེས་པ་རིག་པ་ཚེ་འཛིན་ནས་བྲིས་པའོ།།

༄༅། །ཇོ་དར་གྱི་རྒྱུ་མཚན་དང་རབ་ཏུ་གནས་སྐབས་མཐུན་གྱུར་དང་

ཤིས་ཚིག་སྨོན་ལམ་བཅས་

བཞུགས་སོ།།

       གང་ཞིག་སུ་རྒྱལ་སུ་ཕམ་གྱིས། །གང་རྒྱལ་དེ་ཡི་རྟགས་རེ་བསྒྲེངས། །ཆོས་དང་འཇིག་རྟེན་གཉིས་ཀྱི་ལུགས། །ཡིན་པ་ཆོས་ཉིད་ཤེས་བྱ་སྟེ། །ལྷ་དང་ལྷ་མིན་འཐབ་པ་ཡི། །ལྷ་ཉིད་རྒྱལ་བའི་རྒྱལ་མཚན་བསྒྲེངས། །སྟོན་པས་མུ་སྟེགས་ཕམ་མཛད་པས། །ནང་པའི་ཆོས་ཀྱི་རྒྱལ་མཚན་བསྒྲེངས། །རྟ་ཕག་གཉིས་ཀྱིས་རུ་ཊ་དག །ཕམ་མཛད་ཞིང་ཆེན་རྒྱལ་མཚན་ཕྱར། །གེ་སར་རྒྱལ་གྱིས་ནག་ཕྱོགས་དཔུང་། །ཆམས་ལ་ཕབ་སྟེ་དཀར་ཕྱོགས་ཀྱི། །རྒྱལ་རྟགས་བ་དན་དཀར་པོ་ནི། །ས་གསུམ་བསྒྲེང་ཞིང་ལྷ་ངོ་རྒྱལ། །མ་འོངས་དྲག་པོ་ལྕགས་འཁོར་གྱི། །ཀླ་ཀློ་མིང་མེད་བགྱིད་ནས་ནི། །རྫོགས་ལྡན་གཉིས་པའི་རྒྱལ་བསྟན་གྱི། །བ་དན་དཀར་པོ་སྲིད་རྩེར་བསྒྲེངས། །དེ་བཞིན་ད་ལྟ་རྩོད་ལྡན་དུས། །ཚུལ་ལྡན་ཚུལ་མིན་གཡུལ་ངོ་ལས། །དངོས་རྒྱུད་ཤུགས་ཀྱིས་རྒྱལ་བའི་རྟགས། །རྣམ་ཀུན་རྣམ་པར་རྒྱལ་བའི་ཕྱིར། །མིང་ དོན་མཚུངས་པའི་དར་དཀར་གྱི། །རྒྱལ་བའི་རྒྱལ་མཚན་བསྒྲེང་པ་ལ། །དཀར་ཕྱོགས་སྐྱོང་རྣམས་དགྱེས་ཤིང་མཉེས་པ་དང་། །ནག་ཕྱོགས་བདུད་དཔུང་ཟིལ་གྱིས་གནོན་བྱེད་པའི། །དཀོན་མཆོག་རིན་ཆེན་གསུམ་གྱིས་བདེ་ལེགས་སྩོལ། །རྩ་བ་གསུམ་གྱི་མཆོག་ཐུན་དངོས་གྲུབ་སྩོལ། །རྩ་བའི་བླ་མས་བྱིན་རླབས་གྲུ་ཆར་ཕོབ། །ཆོས་སྐྱོང་སྲུང་མས་རོགས་དན་མཐུ་དཔུང་བསྐྱེད། །དཀར་ཕྱོགས་སྐྱོང་རྣམས་དགྱེས་ཤིང་མཐུན་རྐྱེན་སྤེལ། །འབྱུང་པོ་མི་མ་ཡིན་ལ་སོགས་པ་ཡི། །སྡང་དང་གདུག་པའི་ཕྲག་དོག་རབ་ཞི་སྟེ། །ཕན་བདེ་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ནས། །རྒྱལ་བའི་བསྟན་ལ་ཡི་རང་རབ་དད་དེ། །དེང་ཕྱིན་འགལ་སེལ་མཐུན་སྒྲུབ་བྲན་དུ་ཁུར། །འདི་ལྟར་བདག་གིས་དར་ཆེན་བཙུགས་པའི་དགེས། །རྒྱལ་བའི་བསྟན་པ་ཕྱོགས་མཐར་རྒྱས་པ་དང་། །དེ་ཡང་ནུབ་པ་མེད་པར་གོང་འཕེལ་ཤོག །དེར་འཛིན་བླ་མའི་སྐུ་ཚེ་བརྟན་པ་དང་། །དེ་ཡང་ཐུགས་དགོངས་མཛད་ཕྲིན་ཡོངས་འགྲུབ་ཤོག །དེར་གུས་དཔོན་སློབ་མཆེད་ལྕམ་འདུས་པའི་ཚོགས། །ཐུགས་མཐུན་ཁྲིམས་གཙང་ཆོས་འབྱོར་གྱིས་ཕྱུག་ཤོག །དེར་མོས་སྐྱེ་རྒུ་སྦྱིན་བདག་མ་ལུས་པ། །ངན་རྒུ་ཞི་ཞིང་བཟང་རྒུ་འཛོམ་པར་ཤོག །ཕྱི་སྣོད་འབྱུང་ལྔའི་ཁམས་རྣམས་མ་ལུས་པར། །རྩ་སད་སེར་དང་ལོ་ཉེས་ཁ་བས་ཉེན། །མི་མཐུན་སྨག་རུམ་རྒུད་པ་ཀུན་ཞི་ཞིང་། །ཆར་ཆུ་དུས་འབབ་ལོ་ཕྱུག་རྟག་ལེགས་ཤོག །ནང་བཅུད་འགྲོ་བ་སྤྱི་དང་བྱེ་བྲག་ཏུ། །མི་རྣམས་བློ་ཁ་ཆོས་ལ་ཕྱོགས་ནས་སུ། །ཕན་ཚུན་སྡང་སེམས་འཁྲུགས་རྩོད་ཀུན་ཞི་ནས། །ནད་མུག་མཚོན་གསུམ་ནམ་ཡང་མི་འབྱུང་ཤོག །སྙིང་ནས་ཟོལ་མེད་བསྟན་ལ་རྣམ་ཀུན་ཏུ། །རྣམ་པར་དཀར་བའི་སྡེ་རྣམས་མ་ལུས་པ། །ཚེ་རིང་ནད་མེད་བསམ་རྒུ་ལྷུན་འགྲུབ་ཅིང་། །ཕུན་ཚོགས་བདེ་བླག་སྤྱོད་པའི་བཀྲ་ཤིས་ཤོག །དཀོན་མཆོག་གསུམ་གྱི་དབུ་འཕང་རྣམ་ཀུན་མཐོ། །རང་བཙན་ཆོས་སྲིད་བ་དན་རྟག་ཏུ་བསྒྲེངས། །མི་དགེ་ལོག་སྤྱོད་མིང་ཙམ་མེད་པ་རུ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །དེ་ལྟར་གདག་གཞན་ལེགས་ སྨོན་ གསོལ་བཏབ་བཞིན། །འཁོར་འདས་གཉིས་ཀྱི་དགེ་བས་དཔུང་བསྐྱེད་ལ། །འབད་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་པའི། །དགེ་མཚན་ཕྱོགས་དང་རིས་མེད་རྟག་ཁྱབ་སྟེ། །ནམ་ཡང་མི་ནུབ་ཡར་ཟླ་ལྟར་འཕེལ་ཏེ། །བདེ་ལེགས་ཉིན་མོར་བྱེད་པའི་བཀྲ་ཤིས་ཤོག །རྟེན་འབྲེལ་བསླུ་མེད་རྒྱལ་སྲས་གཤེགས་བཞུགས་འབྱོན་གྱུར་ཀུན་གྱིས་གཅེས་པའི་ ལམ་མ་ནོར་བ་ཁོ་ན་ཡིན་པས་ཇི་མི་སྙམ་པར་མི་བཞག་ཅིང་ཐུགས་བསྐྱེད་སྨོན་ལམ་གྱིས་མཚམ་སྦྱར་ཏེ་རབ་གནས་སམ་ཤིས་ཚིག་སྨོན་གསོལ་རེ་དགོས་ཞེས་གོང་གསལ་མཆོག་སྤྲུལ་ཉིད་ཀྱིས་བཀའ་ལུང་མེ་ཏོག་སྤྱི་བོར་ཕེབས་པ་ལྟར་འདི་ཉིད་ཁོ་བོ་ནམ་མཁའ་དབང་ཆེན་ནམ་དཀོན་མཆོག་གྲགས་རྒྱལ་དབང་ཕྱུག་གིས་བསྟན་འགྲོ་ཁོ་ནའི་དོན་དུ་དམིགས་ ཏེ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་སེམས་བསྐྱེད་སྨོན་ལམ་བཟང་པོས་མཚམ་སྦྱར་ཏེ་བགྱིས་པ་བི་ཛ་ཡནྟུ། ཆོས་འདིའི་འགྲོ་དོན་ནམ་མཁའ་མཉམ་པར་ཤོག །དྲང་སྲོང་སྨོན་པའི་བདེན་ཚིག་འགྲུབ་གྱུར་ཅིག། དགེ་འོ།། དགེ་འོ།། དགེའོ།།  ཞལ་དྲོ།།  ཞལ་དྲོ།།  ཞལ་དྲོ།།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15138471
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号