དམེ་རྒྱལ་བོའི་སྐོར་ཅུང་ཟད་གླེང་བ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »དམེ་རྒྱལ་བོའི་སྐོར་ཅུང་ཟད་གླེང་བ།
དམེ་རྒྱལ་བོའི་སྐོར་ཅུང་ཟད་གླེང་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/4/17ལྟ་ཀློག (1189)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དམེ་རྒྱལ་བོའི་སྐོར་ཅུང་ཟད་གླེང་བ།

རྔ་བ།  རྨེའུ་རྐང་ཐང་བ།

སྟོད་ཆ།

བདེན་དོན་རིག་པའི་བུ་མོ་གཞུང་བཟང་མ།།

བདེན་པའི་གནས་ལུགས་འཚོལ་བའི་བུ་ཆུང་ལ།།

བདེན་དོན་འཚོ་བའི་མཐུན་རྐྱེན་ལེགས་སྦྱོར་བའི།།

བདེན་པའི་གྲོགས་སུ་གྱུར་ན་དགའ་བ་ལ།།

[ནང་དོན་གནད་བསྡུས།]       བོད་ཀྱི་རྒྱལ་ཕྲན་དག་ལས་དམིགས་སུ་སི་ཁྲོན་རྔ་བའི་དམེ་ཚང་གི་སྐོར་དང་སྐབས་དེའི་གནས་ཚུལ་འགའ་ས་བཅད་དུ་བགོས་ཤིང་རྔ་བའི་ཕྱོགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ལས་དམེ་ཚང་གི་རྒྱལ་ཕྲན་གནས་ཚུལ་ག་འདྲ་ཞིག་དང་ཚུལ་ཇི་ལྟ་བུའི་འོག་ནས་སྲིད་དབང་བསྒྱུར་ཚུལ་ལས་དམེ་ཞེས་པའི་མིང་དང་། དམེ་རྒྱལ་བོ་འགའི་བྱུང་བ་དང་ཁྲོ་ཆུ་སོགས་ལ་རྒོལ་བའི་ཚུལ་ཅུང་ཙམ་གླེང་ཡོད།

[བརྡ་ཆད་གཙོ་བོ།]

     དམག་རོགས། གཡུལ་འཐབ། ཐབས་ཇུས། འབྲེལ་ལམ།

གླེང་གཞི།

   སྤྱིར་ལོ་རྒྱུས་ཞེས་པ་ནི་དྲི་གཞི་རིགས་གསུམ་ལ་ལན་བཏབ་ནས་ཡོང་བ་ཞིག་སྟེ། འབྱུང་གནས་འགྲོ་གསུམ་ལ་ལན་གསལ་བོ་ཞིག་འདེབས་ཐུབ་ཚེ་ད་གཟོད་ཁྱོད་ཀྱིས་ལོ་རྒྱུས་ཞེས་པའི་ངོ་བོ་བདེ་ལེགས་སུ་རྟོགས་ཐུབ་ཅེས་གནའ་དེང་གི་ལོ་རྒྱུས་མཁན་པོ་དག་གིས་སྡོམ་ཚིག་བཀོད་ཡོད།  འདི་ལྟར་བཀོད་པའི་སྡོམ་ཚིག་ལ་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་ལགས་ཏེ། རྒྱུ་མཚན་འབྱུང་གནས་འགྲོ་གསུམ་དུ་མ་འདུས་པའི་ལོ་རྒྱུས་ཤིག་མེད་པས་རེད། དེས་ན་ང་རང་གིས་ཀྱང་འདི་ལྟ་བུའི་ལེགས་བཤད་ལ་རྗེས་སུ་ཡི་རང་དང་བཅས་ཏེ་གླེང་དགོས་དོན་ཡང་། ངས་འདིར་ལོ་རྒྱུས་ཞེས་པའི་བརྡ་ཆད་འདིའི་གོ་དོན་དང་ངོ་བོ་རེ་རེ་བཞིན་གླེང་དགོས་དོན་མེད་ལ་གླེང་རྩིས་ཀྱང་མེད། འདི་ནས་བོད་སྤྱིའི་ལོ་རྒྱུས་དང་སྐྱེས་བུ་དམ་པའི་རྟོགས་བརྗོད། དགོན་སྡེ་ག་གེ་མོའི་ཆོས་འབྱུང་སོགས་གླེང་རྒྱུ་མ་ཡིན་པར་བོད་ས་གནས་བྱེ་བྲག་གི་རྒྱལ་ཕྲན་ལོ་རྒྱུས་དག་ལས་མདོ་སྨད་ཀྱི་ཡུལ་ཕྲན་དེང་སྐབས་ཀྱི་སི་ཁྲོན་རྔ་བའི་སྟོད་སྨད་བར་གསུམ་ལས་བར་བ་དམེ་རྒྱལ་བོ་ཞེས་པའི་སྐོར་ནས་ས་བཅད་མ་སྟོང་བ་ཙམ་ཞིག་སྔོན་བྱོན་སྐྱེས་བུ་དམ་པའི་ཡིག་ཚང་དང་ད་ལྟའི་ཉམས་མྱོང་རྒན་པོའི་ངག་རྒྱུན་སོགས་གཞིར་བྱས་ཏེ། ལུས་ན་ཁུག་ཏུ་ཡོད་རུང་བསམ་པ་གླིང་དཀར་སྟོད་ཟེར་བའི་དཔེ་ལྟར། ཤེས་རིག་གི་འཇོན་ཐང་དབེན་པའི་བདག་ལྟ་བུ་ལ་མཚོན་ན་འདི་འདྲའི་གླེང་གཞི་ཞིག་མཐོ་ཡོད་ནའང་འགྲན་སངས་རྒྱས་ལ་བཙུགས་ཞེས་རང་གི་ཡབ་མེས་བཀའ་དྲིན་ཅན་དག་གི་གསུང་ལ་རྗེས་སུ་ཡི་རང་དང་བཅས་རང་མི་རིགས་ཀྱི་ལོ་རྒྱུས་སྣ་བརྒྱའི་མེ་ཏོག་ཁྲོད་ནས་སྣ་གཅིག་རེར་རེག་ཐུབ་ན་ཅི་མ་རུང་སྙམ་པའི་དགའ་བ་འབུམ་གྱིས་མྱོས་ནས་རང་གི་ས་གནས་ཀྱི་རྒྱལ་ཕྲན་འདི་ཉིད་རང་ལ་བཀའ་དྲིན་ཆེ་བའི་དགེ་རྒན་དམ་པ་གྱི་ལིང་འཇིགས་མེད་དང་ཚེ་རིང་དོན་གྲུབ་རྣམ་གཉིས་ཀྱི་སྐུ་དྲིན་དང་རང་རིགས་ལོ་རྒྱུས་དབྱེ་ཞིབ་གནང་བའི་རྒན་དངུལ་རིའི་འཇམ་དབྱངས་དང་གཡུ་འབྲུག་མཛེས་རྩལ་སློབ་གླིང་གི་སློབ་གཙོ་ལྷ་རིས་པ་སྐལ་བཟང་ཐུབ་བསྟན་སོགས་ཀྱིས་ཐུགས་ཁུར་གནང་བ་ལ་བརྟེན་ནས་ད་གཟོད་འདི་ཉིད་འབྲི་ཐུབ་པ་བྱུང་བ་ཡིན།


དམེ་ཚང་གི་སྲིད་དབང་དང་དམེ་ཞེས་པའི་མིང་འདི་ཉིད་ཇི་ལྟར་བྱུང་ཚུལ།

       འདིར་སྐབས་སུ་བབས་པ་ནི་དམེ་རྒྱལ་བོའི་སྲིད་དབང་དང་དམེ་ཞེས་པའི་མིང་འདི་ཉིད་ཐོགས་ཚུལ་དང་རྔ་བའི་ཡུལ་གང་ཞིག་བདག་གིར་བྱས་པའི་སྐོར་ནས་རགས་ཙམ་གླེང་ཁུལ་བྱས་ན། སྤྱིར་དམེ་ཚང་གི་དཔོན་རྒྱུད་དག་གིས་དབང་བསྒྱུར་ཡུལ་གཙོ་བོ་ནི། རྔ་བ་ཞེས་རྨར་ཤོད་མ་ལག་དྲུག་གི་ནང་ཚན་དུ་གཏོགས་པའི་རྔ་ཁོག་གི་ཡུལ་བྱེ་བྲག་ཅིག་ཡིན། རྨར་ཤོད་མ་ལག་དྲུག་ནི་དམངས་གླུ་དང་ངག་རྒྱུན་ཁྲོད་དུ་འདི་ལྟར། རྨར་རོལ་མ་ལག་དྲུག་གི་ཆེ་བ་ཡིན།།རྔ་ཁོག་བ་ལགས་སྐྱ་མོ་རྨར་གྱི་ལག། རྡོ་ཁོག་རི་ཐང་ཕྱུག་མོ་རྨར་གྱི་ལག།འཛི་སྐ་ལྷ་མོ་དར་ཐང་རྨར་གྱི་ལག།གཡུ་ཁོག་སྟག་མོ་འཕྲེད་ཉལ་རྨར་གྱི་ལག།རྩང་ཁོག་མདོ་བ་ཁལ་བཀལ་རྨར་གྱི་ལག།སྒེག་ཁོག་བྷན་ད་གྲུ་བཞི་རྨར་གྱི་ལག།ཅེས་པའི་ཁོངས་སུ་གཏོགས་པའི་རྔ་ཁོག་བ་ལགས་སྐྱ་མོ་ཞེས་ཏེ་རྔ་སྟོད་སྨད་བར་གསུམ་ལས་བར་མ་ལ་དམེ་ཚང་གི་གཞིས་ཆགས་ཡོད།

      སྔོན་མགོ་ལོག་འབྲི་ལྷ་རྒྱལ་འབུམ་དང་ཨ་འབུམ་ཕ་བུ་གཉིས་ཀྱི་རིང་ལ།སྟོད་གཉན་རྩེ་བརྙངས་པ་བརྡལ་བརྡལ་རེད།བར་མཁར་རེ་མཁར་རྔ་རྡུང་རྡུང་རེད།།སྨད་བ་ལེ་བ་དཀར་སེད་སེད་རེད།།ཨ་འདུས་དབང་འདུས་མགོ་བཏགས་རེད།།འཕེལ་ཀེ་སིལ་ཀེ་ཆུ་ལ་བསྐུར།།འཚམས་རིང་ཁྭ་ཏ་ནགས་ལ་བབས།།བ་ལང་བོང་བུ་ཐང་ལ་བདས།།ཨ་བྲག་ཤ་རྐྱང་རི་ལ་ཞོག།སྨད་ཨ་འཁྱམས་ཡན་གཅིག་རྗེས་མགོ་བཏགས།ཞེས་པ་ལས་མགོ་ལོག་གིས་གཉན་མཁར་བ་གསུམ་དང་འཛི་ཁོག རྔ་ཁོག་སོགས་སུ་བཙན་འཛུལ་བྱས་ཏེ། མགོ་ལོག་ཨ་འབུམ་ནི་མཚོ་ལ་དར་ཆགས་འདྲ།། བོད་ལ་ལ་ནི་མཚོ་ཁའི་སྦྲང་མ་འདྲ།། ཞེས་པ་སོགས་ལ་དཔག་ན་ཅུང་ཟད་ཤེས་ནུས། ཡང་རྣམ་གསལ་གྱི་ལུང་ཞིག་དྲངས་ན། སྐབས་དེར་ས་དེ་ན་གནས་པའི་བ་ལེ་དང་། འཚམས་རིང་། ཨ་འཁྱམས་སོགས་ཡུལ་ཐམས་ཅད་གཅིག་གྱུར་བྱེད་པའི་དཔོན་མེད་སྟབས་མགོ་ལོག་ཨ་འབུམ་ཕ་བུས་ས་དེ་དག་དབང་འོག་ཏུ་བསྡུས། རྗེས་སུ་མགོ་ལོག་ནག་ཐར་ཕ་བུ་སོག་དམག་གིས་ཕམ་ཞིང་རེ་ཞིག་མགོ་ལོག་གི་དབང་ཤུགས་ཅུང་ཉམས་རྒུད་བྱུང་བ་ནི།མགོ་ལོག་རུས་མཛོད་རྒྱས་པ་ལས། དེ་རྗེས་མགོ་ལོག་ནག་ཐར་གྱི་གསའ་བཟའི་བུ་ཀླུ་འབུམ་རྒྱལ་གྱི་བུ་རྟ་ཐར་རྒྱལ་ཞེས་ཀུན་གྱིས་འབོད། འདིའི་བུ་དམེ་ཚེ་རྒྱལ་བྱམས་ཀྱིས་ཀྱང་སོག་དམག་ལ་ཡུན་རིང་འཁྲུགས་ཤིང་སོག་དམག་གིས་མ་ཐུབ་པར་དམེ་བུ་ར་ཧ་ཤི་ཧ་ཞེས་འབོད། རྗེས་སུ་སོག་དམག་གི་སྐུང་དམག་ཏུ་ཚུད་ནས་སྐུ་བཀྲོངས་པ་རེད། འདི་དག་ནི་མགོ་ལོག་ནག་ཐར་གྱི་མི་རྒྱུད་ཡིན་མོད། སོག་དམག་ལ་མགོ་མ་སྒུར་བར་དམེ་བྱས་ནས་འཁྲུགས་པས་རྗེས་སུ་འདི་དག་གི་མི་རྒྱུད་ལ་དམེ་ཚང་ཞེས་གྲགས། འདི་ལ་ར་རྨེའུ་ཞེས་པ་འདི་ཉིད་འབྲི་མཁན་ཡང་ཡོད།གང་ལྟར་མགོ་ལོག་སོག་དམག་གིས་ཕམ་པའི་ཉམས་རྒུད་དུ་ལྷུང་ཚེ་དམེ་ཚང་གི་རང་འགོ་བཟུང་ནས་མགོ་ལོག་གི་མངའ་འོག་ནས་ཕྱིར་བུད་དེ། ད་ལྟའི་དུས་རྔ་སྟོད་སྨད་བར་གསུམ་གྱི་ནང་ཚན་བར་མ་འདི་རུ་རྒྱལ་ཕྲན་གྱི་རྣམ་པ་བཟུང་ནས་བསྡད་པ་ལ། དམེ་ཚང་གི་མི་རྒྱུད་ཀྱིས་རང་ས་རང་བཟུང་བྱས་ནས་དམེ་དཔོན་རྒྱུད་རིམ་པར་བྱུང་། དུས་དེ་ནས་བཟུང་དམེ་ཚང་གིས་ཁོ་ཚོ་ནི་མགོ་ལོག་གི་རུས་རྒྱུད་མ་ཡིན་པར་མངའ་རིས་ནས་མཆེད་ཚུལ་སོགས་གླེང་ངོ་།།

སྨད་ཆ།

      རྗེས་སུ་ཡང་དམེ་ཚང་གི་ཚོང་བ་འགས་སྔོན་མགོ་ལོག་ཨ་སྐྱོང་ཚང་གི་བུ་དཔལ་ཆེན་ཞེས་པ་བསད་པའི་འཁོན་ལན་དུ་ཡང་བསྐྱར་མགོ་ལོག་གི་དམག་དཔུང་དམེ་ཚང་གི་མགོར་གློ་བུར་དུ་འབྱོར་བས་འཐབ་འཁྲུག་བྱེད་མ་དགོས་པར་དབང་དུ་འདུས། སྐབས་དེ་ནས་བཟུང་མགོ་ལོག་དཔོན་པོ་དང་དམེ་རྒྱལ་མོ་བདེ་སྒྲོན་སོགས་ཀྱིས་གྲོས་བྱས་ཏེ་མགོ་ལོག་གི་དཔོན་ངག་དབང་གི་ཚ་བོ་དབལ་ཤུལ་ལྕགས་ཐར་འབུམ་ཟེར་བའི་སྤྱང་གྲུང་འཛོམས་པ་དེ་ཉིད་དམེ་ཚང་གི་དཔོན་དུ་བསྐོས། འདི་བས་ཅོག་ཙེ་རྒྱལ་བོའི་བུ་མོ་ཚེ་རིང་སྒྲོལ་མ་སྐྲ་དཀར་མ་ཟེར་བ་ཞིག་ཆུང་མར་བསུས་ཤིང་། འདི་གཉིས་ལ་སྲས་མགོན་པོ་བསོད་ནམས་སྐྱེས། དེའི་བློན་དམེ་སངས་དང་། བློན་མོ་བ། རྨེ་དཔལ་གསུམ་གྱིས་བྱས་ལ། དམེ་རྒྱལ་མགོན་པོ་བསོད་ནམས་ཀྱིས་ཨ་སྐྱོང་བཟའ་ཞིག་ཁབ་ཏུ་བསུས་མོད། ཨ་སྐྱོང་བཟས་བློན་མོ་བ་དང་ཉེ་མཛའ་བྱས་ཏེ་སྣང་བ་གང་དྲན་བྱས་དྲགས་པས་ཅོག་ཙེ་རྒྱལ་བོས་དམག་དྲངས་ནས་ཨ་སྐྱོང་བཟའ་ལ་གཞིས་ཀ་དང་རྫོངས་པ་བྱིན་ནས་ཕྱིར་མངགས། འདིའི་སྐབས་སུ་ཁྲོ་ཆུའི་དམག་དཔོན་ང་རོ་དབང་སྡུད་ཀྱིས་དམེ་ཚང་གི་ཐོག་ལ་དྲངས་པར་དམེ་ཚང་གིས་ཐེངས་གཅིག་གིས་ཕྱིར་བཟློགས་བྱས། འཕྲལ་དུ་ཨ་སྐྱོང་ཁང་སར་ཚང་གི་བུ་མོ་བསོད་ནམས་སྒྲོན་ཞེས་པ་ཞིག་ཁབ་ཏུ་བསུས། བློན་མོ་བས་དཔོན་ས་གཡོ་ཐབས་ཀྱིས་ལེན་རྩིས་སོགས་བྱས་ཀྱང་ཕན་པ་མ་བྱུང་། ཨ་སྐྱོང་བཟའ་བསོད་ནམས་སྒྲོན་ལ་བུ་མོ་གཉིས་སྐྱེས་པའི་ཐོག་མ་ཤི། གཅིག་ཤོས་ཀྱི་མིང་ལ་དཔལ་ཆེན་དོན་གྲུབ་འཚོ་ཟེར་བ་ལ་འབོས་སྤ་ཞང་སྐྱོང་བཀྲ་ཤིས་མག་པར་བཞག་སྟེ་དམེ་ཚང་གི་སྲིད་སྐྱོང་བྱས། འདི་བས་དམེ་མ་བློན་ཤོག་ཁག་བཅུ་གཉིས་དབང་དུ་བསྡུས་ཤིང་དབལ་ཤུལ་རྨེ་བ་སོགས་སྐྱིད་སྡུག་མཉམ་མྱོང་བྱས། འདི་བ་བླ་བྲང་གི་ཡབ་ཆེན་ལ་ཡང་གྱོད་དུ་ཐུག་པར་མགོ་ལོག་ཨ་སྐྱོང་ཁང་སར་དཔོན་པོ་པཎ་ཆེན་དང་ཨ་མཆོག་དབོན་པོ་ཆོས་འཕེལ་གྱིས་གཟུ་བཤད། དེའི་རྗེས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་བསྟན་པའི་རྒྱལ་མཚན་མཆོག་གདན་དྲངས་ནས་དམེ་ཚང་དང་ཆོས་འབྲེལ་བཞགསྐབས་དེར་དམེ་ཚང་གིས་ཕྱོགས་ཕྱོགས་སུ་དགྲ་བྱས་པས་ཁོ་ཚོའི་དམག་དཔུང་གི་རྒོལ་མ་ནུས་པར་ལྐོག་ཏུ་ཟི་ལིང་དུ་སོང་ནས་མཱ་ཆུ་ཚང་ལ་འབྲེལ་བ་བཟུང་། དམེ་ཞིང་སྐྱོང་བཀྲ་ཤིས་ལ་བུ་དཔལ་མགོན་འཕྲིན་ལས་སྐྱེས། འདི་བ་ནར་སོན་རྗེས་དམེ་ཚང་གི་སྲིད་འཛིན་དུ་བསྐོས་ནས་མྱི་རྩའི་བུ་མོ་བཀྲ་ཤིས་སྒྲོལ་མ་ཞེས་པ་ཁབ་ཏུ་བསུས། སྤྱི་ལོ་༡༩༣༥ཡས་མས་སུ་ཧོང་ཆེན་དམར་དམག་རྒྱང་བསྐྱོད་སྐབས་སུ་ཡང་དམེ་ཚང་གིས་དགོག་རྒོལ་བྱས་ཀྱང་ངོ་ཡ་མ་ནུས་པར་དམེ་རྒྱལ་ཐེངས་དུ་མར་བྱང་ཁར་བྲོས་བྱོལ་བྱེད་དགོས་བྱུང་།འདི་བའི་སྐབས་སུ་དམེ་རྒྱལ་ཁང་གསར་བཞེངས་དང་མ་ཡུམ་གྱིས་དཔར་ཤིང་གི་ལས་རྩ་ཆེན་དག་ལེགས་གྲུབ་བྱུང་རྗེས་རྒྱལ་མཆོག་བཅུ་བཞི་བ་ཆེན་མོར་ཞུས་ཏེ་མཇུག་བྱང་སོགས་མཛད།

དམེ་ཚང་དང་ཁྲོ་ཆུ་གཉིས་འཁྲུག་ཚུལ།

      དམེ་རྒྱལ་དཔལ་མགོན་འཕྲིན་ལས་རབ་བརྟན་གྱི་སྐབས་སུ་ཁྲོ་ཆུའི་རྒྱལ་བོ་རྡོ་རྗེ་དཔལ་བཟང་དང་བློན་ཀུན་དགའ་ཡར་འཕེལ་གཉིས་དང་མ་མཐུན་པར་དམེ་ཚང་གི་ཐོག་ཏུ་ཁྲོ་ཆུའི་དམག་དཔུང་ཁག་གཉིས་སུ་བགོས་ནས་དྲངས། དང་བོ་ཀུན་དགའ་ཡར་འཕེལ་གྱིས་དམག་དཔུང་ཁག་ཅིག་དབལ་ཤུལ་རྨེ་བར་དཔུང་འཇུག་བྱས་པ་ན། རྨེ་བའི་དམག་དཔུང་གིས་དམུ་དགེ་དོ་མོ་ལུང་ཟེར་བ་ནས་ཁྲོ་ཆུའི་དམག་དང་འཐབ་སྟེ། ལུང་ཁོག་དག་ཁྲག་དྲོད་ཀྱིས་ཁྱབ་པར་བྱས་པ་ལ་ཁྲོ་ཆུའི་དམག་དཔུང་གིས་རྨེ་བའི་ངོ་ཡ་མ་ལོན་པར་ཕྱིར་འཐེན་བྱས། རྡོ་རྗེ་དཔལ་བཟང་གིས་དམག་སྣ་དྲངས་ཏེ་རྔ་བའི་ཐོག་ལ་ཐད་ཀར་སླེབས་པ་ན། དམེ་རྒྱལ་བོ་དཔལ་མགོན་འཕྲིན་ལས་ཀྱིས་མ་བློན་ཤོག་ཁག་བཅུ་གཉིས་ཀྱི་དམག་དཔུང་དང་མགོ་ལོག་གི་དམག་རོགས་སོགས་བསྡུས་ནས་གཡུལ་ས་མང་བོ་བཟུང་བ་ནི། མགོ་ལོག་རུས་མཛོད་རྒྱས་པ་ལས། ཁྲོ་ཆུའི་རྡོ་རྗེ་དཔལ་བཟང་གི་དམག་དཔུང་དེ་རྔ་བའི་ཐོག་ཏུ་འོང་གི་ཡོད་པས། རྔ་བ་དང་མགོ་ལོག་གི་དམག་གིས་གཡུལ་ས་མང་བོ་བཟུང་སྟེ་བསྒུགས་པ་རེད། དེ་ཡང་ཐོག་མར་ཁྲོ་ཆུའི་དམག་མང་ཆུ་བོ་འབབ་པ་བཞིན་གཡུལ་ས་དང་བོའི་ཐོག་ཏུ་བྱུང་ཞིང་དེར་རྔ་བ་དང་མགོ་ལོག་གི་དམག་མང་བོ་བཞག་ཡོད་པས་ཤི་བསད་ཁྲག་གི་འཁོར་ལོ་ཉིན་མང་དུ་བསྐོར་མཐར་ཁྲོ་ཆུའི་དམག་དང་ཉི་མ་གཅིག་ཙམ་ལ་དམར་འཛིང་དྲག་པོ་བྱས་ཀྱང་རྒྱལ་ཕམ་མ་བྱུང་།  དེ་ནས་མུན་རུབ་པ་ན་ཁྲོ་ཆུའི་དམག་གིས་དཔའ་ཚོད་

བཟུང་ནས་མཚན་རྒོལ་མ་བྱས། སྐབས་དེར་གཡུལ་ས་དེའི་དམག་དཔོན་འབོ་སྤ་དབང་རྒྱལ་སོགས་ཀྱིས་ཁྲོ་ཆུའི་དམག་གིས་མཚན་རྒོལ་བྱེད་པར་དོགས་ནས་མུ་མཐུད་དུ་དམག་ལྷག་མ་རྣམས་ཀྱིས་གཡུལ་ས་དེ་ནས་བསྒུགས་པ་རེད།  ནུབ་མོ་དེར་མགོ་ལོག་གི་དཔོན་པོ་རྣམས་དང་དམེ་དཔལ་མགོན་འཕྲིན་ལས་རབ་བརྟན་སོགས་ཀྱིས་གཡུལ་ས་གཉིས་པ་ཁྲོ་ཆུ་ལ་ཤོར་དོགས་ནས། ཡང་བསྐྱར་བློན་མཐུ་སྟོབས་དང་དམག་དཔོན་དམེ་སྒང་སྦྱིན་པ་གཉིས་ཀྱིས་དམག་མང་བོ་ཁྲིད་ནས་དཔུང་སྣོན་བྱེད་པར་ཆས། དཔུང་དམག་དེ་དག་ཕྱི་ཉིན་གྱི་ནམ་ལངས་སྐབས་སུ་གཡུལ་ས་གཉིས་པ་ལ་འབྱོར་ཞིང་གཡུལ་མ་ཤོར་བ་ཡོད་པས་ཤིན་ཏུ་དགའ་སྤྲོ་སྐྱེས་པ་རེད། སྐབས་དེར་ཁྲོ་ཆུའི་དམག་དཔུང་གིས་མུ་མཐུད་དུ་དམག་དྲངས་པ་ན། གཡུལ་ས་གཉིས་པ་ན་དཔུང་སྣོན་མང་བོ་ཐོན་ཡོད་པས་ཁྲོ་ཆུས་དམག་མང་ཇི་ལྟར་དྲངས་ཀྱང་གཡུལ་ས་ཐོབ་མ་ཐུབ། དེ་ལྟར་ཉིན་བཅུ་གསུམ་ཙམ་ལ་འཁྲུགས་མཐར་ཁྲོ་ཆུས་རྔ་བའི་མགོ་མི་ལོན་པ་ཤེས་ནས་དམག་ཕྱིར་འཐེན་བྱས་ནས་བྲོས་པ་རེད། མགོ་ལོག་དང་རྔ་བའི་དམག་མང་གིས་ཁྲོ་ཆུའི་དམག་གི་རྗེས་བདའ་བ་དང་ཁྲོ་ཆུའི་དམག་གིས་ཀྱང་སྒུག་མ་འཇོག་ཞོར་དུ་དམག་ཕྱིར་འཐེན་བྱས། ཞེས་སོགས་གཡུལ་འཐབ་མང་དུ་བྱས་པ་ལ་དམག་དཔོན་དམེ་སྒང་སྦྱིན་པ་ལ་བྱས་རྗེས་ཆེ་ཞེས་སྐབས་དེ་ནས་སྙན་གྲགས་ཆེར་རྒྱས།

མཇུག་གཏམ།

       རང་རེའི་མཁས་དབང་རྣམ་པ་དང་ལྷག་པར་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱེད་མཁན་དག་གིས་མཛད་པའི་བོད་སྤྱིའི་ལོ་རྒྱུས་མང་མེད་ན་ཉུང་མེད། ཡིན་ནའང་བོད་ཀྱི་ཡུལ་ལུང་བྱེ་བྲག་གི་ལོ་རྒྱུས་སོགས་ལ་དོ་སྣང་མི་བྱེད་པ་ནི་བྱ་བཞག་ཆུང་ཆུང་གིས་དོན་ཆེན་ལ་རམས་འདེགས་བྱ་ནུས་པའི་ཚུལ་དྲན་དབང་བོའི་ཞལ་རྒྱུན་ལས་མངོན་སུམ་དུ་ཐོས།དེ་བས་ངས་ཀྱང་འདིར་རང་ནུས་ཅི་ལྕོག་གིས་རང་ཡུལ་གྱི་དམེ་ཚང་གི་ལོ་རྒྱུས་སྐོར་ནས་ས་བཅད་མ་སྟོང་བ་ཙམ་དུ་བྲི་ཁུལ་བྱས་ཡོད་མོད། བདག་ལ་མཚོན་ན་ལོ་རྒྱུས་ཀྱི་ཆོས་ཉིད་དང་དབྱེ་ཞིབ་ཀྱི་བློ་རིག་སོགས་ཕྱོགས་གང་ཐད་ནས་བཤད་ན། གཞན་ལ་ངོ་གནོངས་དགོས་པའི་ཆ་མི་ཉུང་བ་ཞིག་མཆིས་ནའང་ཁྱེད་ཀློག་པ་བོ་རྣམས་ཀྱིས་བདག་ལ་མཛུབ་སྟོན་དང་དགོངས་འཆར་ལྷུག་པོར་གནང་བར་མཁྱེན་མཁྱེན་ཞུ།

ཟུར་ལྟའི་དཔེ་ཆ།

      རྨེའུ་ས་དབང་ཆེན་པོ་རྗེ་འབངས་མཉམ་འབྲེལ་གྱི་བྱུང་བ་གང་ངེས་མདོ་ཙམ་བརྗོད་པ་ཕྱི་རབས་རྣ་བའི་བདུད་རྩི། རྩོམ་པ་བོ། ཆོས་འཕེལ།

མགོ་ལོག་རུས་མཛོད་རྒྱས་པ། རྩོམ་པ་བོ། དྷི་ནང་ལྷ་ལྡན། སྟག་ཐོག་དཔལ་རྒྱས་བློ་གྲོས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོར་དཔར་ཐེངས་དང་བོ་དཔར།

ལོ་རྒྱུས་ཀུན་དགའི་མེ་ལོང་། རྩོམ་པ་བོ། དམུ་དགེ་བསམ་གཏན་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་།


 རྩོམ་པ་པོ་རྨེའུ་རྐང་ཐང་བ་ནི་དངོས་མིང་ལ་རྨེའུ་འཇམ་དབྱངས་སྦྱིན་པ་ཟེར་ཞིང་། མདོ་སྨད་རྔ་བ་རུ་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་མཐོ་གསུམ་དང་བཅས་པ་འགྲིམས་ཏེ་རྔ་ཡུལ་གནམ་ལྕགས་དགོན་གྱི་ཆོས་གྲལ་ཞུགས།
ལྷག་ཏུ་༢༠༡༠ལོར་མདོ་སྨད་རིག་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཐ་སྙད་རིག་དང་བསྡུས་གྲྭ། བཀའ་ཆོས་དང་དབང་ལུང་སོགས་དགེ་བའི་བཤེས་གཉེན་མང་བོའི་མདུན་ནས་ཐོབ།
དེའི་རྗེས་རྭ་རྒྱ་ཤེས་རིག་གླིང་དུ་ཞུགས་ཏེ་རང་ནུས་ཀྱིས་སློབ་སྦྱོང་ལ་འབད་པ་བྱས་ནས་སློབ་མཐར་ཕྱིན།
མཐར་ཕྱིན་རྗེས་དེ་གའི་དགེ་རྒན་རྣམ་གྱི་ཐུགས་དགོངས་བཞིན་མགོ་ལོག་ཤར་འོད་རིག་སློབ་གླིང་དང་ཤར་དཔལ་སྤུངས་ལྔ་རིག་ནང་བསྟན་སློབ་གླིང་སོགས་ནས་དགེ་རྒན་ཕལ་བ་ཞིག་གི་ལས་ཀ་གཉེར།
ད་ལྟར་ཕྱིར་རང་དགོན་དུ་ཡོང་ནས་དགེ་རྒན་གྱི་འགན་ཁུར་གྱིན་ཡོད།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg9m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15628346
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号