ལང་ཇུ་སྡེ་བཞིར་མཇལ་བའི་ཟིན་ཐོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 13 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »ལང་ཇུ་སྡེ་བཞིར་མཇལ་བའི་ཟིན་ཐོ།
ལང་ཇུ་སྡེ་བཞིར་མཇལ་བའི་ཟིན་ཐོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/5/7ལྟ་ཀློག (31085)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།  །ལང་ཇུ་སྡེ་བཞིར་མཇལ་བའི་ཟིན་ཐོ།

ཤིས་ཚང་ཚུལ་ཁྲིམས།


འཇམ་མགོན་ས་པཎ་གྱི་སྐུ་གདུང་རྙིང་བ་བཞུགས་ཤུལ།


འཇམ་མགོན་ས་པཎ་གྱི་གདུང་རྟེན་གསར་བ།


གསར་དུ་བཞེངས་པའི་འཇམ་མགོན་ས་པཎ་གྱི་སྐུ་གཟུགས་བྱོན་ལེགས།

༼ ༡ ཤར་སྤྲུལ་བའི་སྡེ།༽

         སྤྱི་ལོ་༢༠༡༨ལོའི་ཧོར་ཟླ་༨ཚེས་༡༡ཉིན་གྱི་ཞོགས་པར་གྲོགས་ཨོ་རྒྱན་སྲུང་གིས་འགྲོ་རོགས་དང་མཐུན་རྐྱེན་འོག་ང་ཚོ་དཔའ་རིས་རྫོང་མཁར་རབ་རྒྱས་དགོན་ནས་ལང་ཇུ་སྡེ་བཞིའི་ཕྱོགས་སུ་ལམ་ལ་ཆས།   དེ་རིང་གི་གནམ་གཤིས་ཧ་ཅང་དྭངས་ལ་སྟོན་ཟླ་བརྒྱད་པའི་བསིལ་རླུང་དལ་བུར་ལྡང་བའི་ངང་ནས་མདོ་སྨད་དཔའ་རིས་ཡུལ་གྱི་སྣོད་བཅུད་ཀྱི་བཀོད་པ་དག་ལ་རོལ་མྱོང་བྱེད་བཞིན་མྱུར་ལམ་སྟེང་བསྐྱོད་པ་ཡིན།  (དཔའ་རིས་ཡུལ་གྱི་གནས་ཚུལ་རྣམས་ཁོ་བོས་གཞན་དུ་བྲིས་པའི་མདོ་སྨད་དཔའ་རིས་ཡུལ་དུ་བསྐྱོད་པ་ཞེས་པ་ལས་གསལ)ལམ་བར་ནས་དགོ་ལང་རྫོང་ཐོག་བརྒྱུད་ནས་ཕྱེད་ཡོལ་ཙམ་ལ་ཝུའུ་ཝེ་གྲོང་ཁྱེར་དུ་འབྱོར།   དཔའ་རིས་རྫོང་མཁར་ནས་ཝུའུ་ཝེ་གྲོང་ཁྱེར་བར་སྤྱི་ལེ་༡༣༧ཡོད་པ་དང་།  ཤར་སྤྲུལ་བའི་སྡེ་(白塔寺)ནི་ཝུའུ་ཝེ་གྲོང་ཁྱེར་ལ་མ་ཐོན་ཙམ་གྱི་གཡས་ཕྱོགས་སུ་གནས་ཤིང་།   གྲོང་ཁྱེར་ཤར་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ཙམ་གྱི་སར་གནས་ཤིང་།  ད་ལྟ་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་བརྟན་གཞི་རུ་ངོས་འཛིན་བྱས་ཡོད་པ་དང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ས་གནས་གལ་ཆེན་གྱི་གྲས་སུ་གདམ་ཡོད། གནས་འདིར་འཇམ་མགོན་ས་པཎ་གྱི་སྐུ་གདུང་གསར་བཞེངས་བཀའ་གདམས་མཆོད་རྟེན་གྱི་རྣམ་པ་དང་མཐའ་འཁོར་དུ་མཆོད་རྟེན་ཆུང་བ་ཧ་ཅང་མང་ལ་བརྒྱ་རྩ་བརྒྱད་ཡོད་པར་གྲགས།  དེ་དག་ནི་བདེ་གཤེགས་མཆོད་རྟེན་བརྒྱད་རེ་རེ་ནས་ཡོད།   ད་དུང་སྔོན་གྱི་ས་པཎ་སྐུ་གདུང་མཆོད་རྟེན་བཤིག་འཕྲོ་བང་རིམ་མན་ཆོད་ལ་མཇལ་རྒྱུ་ཡོད་པ་དང་།  དེ་ལ་དེང་རབས་ཚན་རིག་གི་བྱེད་ཐབས་ལ་བརྟེན་ནས་དབྱར་ཁར་ཆར་ཆུས་འདམ་བག་ཏུ་མི་འགྱུར་བ་དང་དགུན་ཁར་བཙག་རླུང་གིས་ཐོར་བཤིག་ཏུ་མི་འགྲོ་བ། དབྱར་ཁར་རྩྭ་ཡང་མི་སྐྱེས་པ་སོགས་པའི་ཚད་མཐོ་བའི་སྲུང་སྐྱོབ་བྱས་ཡོད།  གཞན་དགོན་པ་འདིར་སྤྱི་ལོ་༡༩༢༧ལོར་ས་ཡོམ་ཆེན་པོ་ཞིག་བྱུང་ནས་ཡོངས་སུ་འཇིག་ཟིན་ན་ཡང་ད་ལྟ་གཞི་རྒྱ་ཆེན་པོའི་སྒོ་ནས་བསྐྱར་བཞེངས་དང་སྔོན་གྱི་ལོ་རྒྱུས་དང་སྦྲགས་པའི་རྟེན་རྫས་རྙིང་བ་སོགས་བཤམས་སྟོན་ཁང་དུ་བཞུགས་ཡོད།

      ཤར་སྤྲུལ་བའི་སྡེ་འདི་ནི་འཇམ་མགོན་ས་པཎ་གྱིས་ཕྱག་འདེབས་གནང་ཞིང་།  ད་ལྟའི་བར་ལོ་བདུན་བརྒྱ་དང་དོན་གཅིག་གི་ལོ་རྒྱུས་ཡོད་པ་དང་། ས་གནས་འདི་ལོ་ཉིས་བརྒྱ་ཙམ་ལ་བོད་ཀྱིས་བཟུང་བའི་ལོ་རྒྱུས་ཀྱང་ཡོད་དོ།  །འདིར་སྤྲུལ་བའི་སྡེ་ཞེས་ཐོག་དོན་ནི།  རབ་བྱུང་བཞི་བའི་ཤིང་འབྲུག་སྤྱི་ལོ་༡༢༤༤ལོར་ཧོར་གོ་དན་རྒྱལ་བོས་ས་པཎ་གདན་འདྲེན་གྱི་གསེར་ཡིག་ཕུལ་བ་བཞིན་སྤྱི་ལོ་༡༢༤༧ལོར་ཆོས་རྗེ་ས་སྐྱ་པཎྜི་ཏ་དང་།  འགྲོ་མགོན་འཕགས་པ།  ཕྱག་ན་རྡོ་རྗེ་བཅས་ཧོར་ཡུལ་ལང་ཇུ་རུ་འབྱོར།  ས་སྐྱ་པཎ་ཆེན་རིན་པོ་ཆེ་དང་ཧོར་རྒྱལ་བོ་རྣམ་གཉིས་ཀྱིས་གསུང་འཕྲོས་འབྱམས་ཀླས་པ་མཛད།    ལན་གཅིག་རྒྱལ་བོའི་གསུང་དུ་རུས་སྦལ་ལ་སྤུ་མེད་ཚུལ་ཞིག་བྱུང་བ་ལ།    ས་པཎ་གྱིས་ཞལ་ནས།    རུས་སྦལ་གྱི་པགས་པ་སྤུ་དང་བཅས་པ་ངའི་ལག་ན་ཡོད་གསུངས་ནས།   རུས་སྦལ་གྱི་པགས་པ་འདོམ་སྐོར་ལྷག་ཙམ་འཇའ་ཚོན་རིས་འཁྱུག་གེར་ཡོད་པ་ཞིག་བསྟན་ནས།   འདི་ཆུ་ལ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སམ་ས་གནས་ཀྱི་སེམས་དཔའ་ཆེན་པོ་རུས་སྦལ་གྱི་གཟུགས་སུ་བྱོན་པ་གསུང་རབ་ནས་བཤད་པ་ཡིན། འདི་ལ་ཡོན་ཏན་གཞན་ཡང་ཡོད་གསུངས། རྒྱལ་པོས་གཞན་ཅི་ཡོད་གསུངས་པ་ལ།ས་པཎ་གྱི་ཞལ་ནས། ཁྱོད་ཀྱང་རྫས་དང་འཁོར་གྱི་བསོད་ནམས་ཆེ་བར་འདུག་པས།མཁས་པ་དང་གསུང་རབ་སོགས་ལ་བསྟེན་ནས། འདིའི་ཡོན་ཏན་གཞན་ཡང་མཐོང་ཡོད་ལས་ཆེ་གསུངས། རྒྱལ་པོའི་ཞལ་ནས་འདི་རུས་སྦལ་སྤུ་ཅན་དུ་འདུག་པ་དང་། སྤུ་མདོག་འཇའ་རིས་སུ་འདུག་པ། དཀོན་པའི་སྒོ་ནས་ཁྱད་ནོར་དུ་འཛིན་པ་མ་གཏོགས་གཞན་ཡོན་ཏན་མཐོང་བ་མེད་ཟེར་བའི་ལན་དུ་ས་པཎ་གྱི་ཞལ་ནས། པགས་པ་འདི་ལ་ཡོན་ཏན་མང་དུ་ཡོད། འདི་ལ་བལྟ་ལུགས་མང་དུ་ཡོད་པས། སྟོན་ཤེས་ཀྱིས་བསྟན་ནས། བལྟ་ཤེས་ཀྱིས་བལྟས་ན་སངས་རྒྱས་སྟོང་གི་སྐུ་ཚང་བ་དང་། ཉེ་བའི་སྲས་བརྒྱད་ཀྱང་བཞུགས་པ་ཡིན་གསུངས་ནས།  ཕྱོགས་འདི་ནས་བཟུང་སྟེ་འདི་བཞིན་སྟོན་ཅིག་ཅེས་ཞལ་བཀོད་མཛད་པས། སངས་རྒྱས་སྟོང་གི་སྐུ་དང་ཉེ་སྲས་བརྒྱད་ཀྱི་སྐུ་གསལ་པོར་མཐོང་བ་ལ་དེར་ཚོགས་པའི་སྐྱེ་བོ་ཀུན་གྱིས་ཡ་མཚན་སྐྱེས་པའི་གནས་སུ་གྱུར། སྒྱུ་མ་མཁན་རྣམས་བསྡུས་ནས་སྔགས་རྫས་བསྒྲུབ་ཏུ་བཅུག་སྟེ་ཡུལ་ཁམས་ཡིད་དུ་འོང་ཞིང་གཙུག་ལག་ཁང་སོགས་དགོན་པའི་རྣམ་པ་ཤིན་ཏུ་ལེགས་པར་སྤྲུལ་ནས་ཡོན་མཆོད་རྣམ་གཉིས་ཕན་ཚུན་འཁོར་མང་བོ་དང་བཅས་ཕེབས་ཤིང་པཎ་ཆེན་གྱིས་མཁྱེན་ནས་ཁྱེད་ཐམས་ཅད་སྔོན་ལ་རྒྱུགས།ང་མཇུག་ནས་ཡོང་གསུངས་ནས། སྒོ་སྲུང་གིས་ཁྲོ་བོ་སྤྲུལ་འདུག་པ་ལ་བཀའ་བསྒོས་ཤིང་སྒྱུ་མ་བཤིག་མ་ཐུབ་པར་བྱིན་གྱིས་བརླབས་པས་སྤྲུལ་བའི་སྡེ་ཞེས་གྲགས་སོ། །

    དེ་ནས་ཧོར་རྒྱལ་བོར་དད་པ་ཐོབ་པས་ཟབ་ཆོས་མང་དུ་ཞུས་ཤིང་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་མཛད།  དེ་ལྟར་ལོ་ལྔ་ཙམ་རིང་བཞུགས། རིམ་གྱིས་སྡེ་འདི་རྒྱ་བསྐྱེད། ས་པཎ་མཆོག་དགུང་ལོ་བདུན་ཅུའི་ཐོག་གནས་འདི་ནས་ཞིང་གཞན་དུ་གཤེགས་པར་སྐུ་གདུང་མཆོད་རྟེན་ཆེན་པོ་སྟོད་ཆ་བཀའ་གདམས་གདུང་རྟེན་གྱི་དབྱིབས་ཅན།  མཐོ་ཚད་ལ་ལག་འདོམ་བཅུ་དྲུག་ཡོད་པ་ལེགས་པར་བཞེངས་ནས་འགྲོ་མགོན་འཕགས་པ་སོགས་མཁས་གྲུབ་དུ་མས་རབ་གནས་མཛད་པ་དང་དགེ་འདུན་པ་སྟོང་ཕྲག་ལྷག་འདུས་པའི་དགེ་འདུན་གྱི་སྡེ་ཆེན་པོར་གྱུར་ནས་ལྷ་ཁང་དང་གྲྭ་ཤག་མང་བོ་རིམ་པར་བཞེངས།  ས་པཎ་གྱིས་ལང་ཇུའི་གོ་ཏན་གྱི་ཕོ་བྲང་ནི་རིའི་རྒྱལ་བོ་རི་རབ་ཀྱི་མཚོན་བྱེད་དུ་བྱས་ནས་ཕྱོགས་བཞིར་གླིང་བཞི་མཚོན་བྱེད་དུ་སྡེ་བཞི་བཏབ་པར་གྲགས་ཆེ།  ཕྱིས་སུ་གནས་འདིར་མེ་འཇིག་དང་དུས་འཁྲུགས་སྣ་ཚོགས་ཀྱི་འཇིག་པ་གང་མང་ཐེབས་ནས་ཉམས་ཆགས་སུ་གྱུར་པ་ལ་ད་ལྟ་གོང་ནས་བཤད་པ་རྣམས་གསར་བཞེངས་བྱས་ཡོད་དོ།  །


ལྷོ་ཕྱོགས་དབང་གི་སྡེ།


 ༼༢ ལྷོ་དབང་གི་སྡེ།༽

      ལྷོ་དབང་གི་སྡེ་(金塔寺)ནི་ཝུའུ་ཝེ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཡས་མས་ཀྱི་མཚམས་སུ་ཞིང་སྡེའི་གསེབ་ཏུ་གནས་པའི་ས་སྐྱ་བའི་དགོན་པ་ཞིག་ཡིན་ལ།   དགོན་པར་འདུ་ཁང་ཆུང་བ་གཅིག་ཏུ་ས་སྐྱ་གོང་མ་རིམ་བྱོན་དང་རིགས་གསུམ་མགོན་པོ།   ས་སྐྱ་པཎ་ཆེན་གྱིས་ཧོར་གོ་ཏན་ལ་དབང་གནང་བའི་ལྡེབ་བྲིས་སོགས་ཀྱི་སྐུ་བརྙན་བཞུགས།  ར་འཁོར་དུ་མ་ཎི་སེར་འཁོར་མང་བོ་ཡོད།  དགོན་པར་ས་སྐྱ་ནས་ཕེབས་པའི་རྒྱུན་བཞུགས་གྲྭ་བ་གཉིས་བཞུགས།

      སྡེ་འདི་ནས་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་ནས་རྒྱལ་བོ་འཁོར་བཅས་ལ་ཀྱཻ་རྡོར་སོགས་སྔགས་བླ་མེད་ཀྱི་དབང་ཆེན་མང་བོ་གནང་ས་དང་།  འགྲོ་མགོན་འཕགས་པས་རྒྱལ་པོ་གསེར་གྱི་སྐ་རགས་ཅན་ལ་དབང་ཆེན་གནང་བའི་གནས་ཁྱད་པར་ཅན་ཡིན་པས་མཚན་ལ་དབང་སྡེ་ཞེས་བཏགས། ས་པཎ་ཡབ་སྲས་མཆོག་གིས་ཆོས་སྡེ་འདི་རྒྱ་བསྐྱེད་མཛད།  འདུ་ཁང་དུ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་བོ་དང་འཁོར་ཉན་ཐོས་སོགས་སྡེ་འདིའི་མཆོད་རྟེན་ལྷ་སྐུ་རྣམས་སྐྱབས་རྗེ་ས་སྐྱ་པཎ་ཆེན་གྱི་དུས་སུ་བཞེངས་སྐབས་ནས་བཞེངས་པ་དང་བྱིན་རྟེན་སྣ་ཚོགས་དང་། སྐུ་རྒྱུ་འཇིམ་པ་ལ་སྨེ་བརྩེགས་དང་རྣམ་འཇོམས་མའི་བུམ་ཆུས་སྦགས་སྐབས་སུ་ལྷ་དེ་གཉིས་དངོས་སུ་ཐིམ་པའི་སྣང་བ་བྱུང་ཞིང་། ཁྱད་པར་ཐུབ་དབང་འདི་ཉིད་འབད་རྩོལ་ཅུང་ཙམ་གྱིས་རང་གྲུབ་ལྟར་བྱུང་ཞིང་། རབ་གནས་སྐབས་འཇའ་ཚོན་ཤར་བ་བཅས་ཡེ་ཤེས་པ་དངོས་སུ་བཞུགས་པའི་ལོ་རྒྱུས་ཡོད། པཎ་ཆེན་ཡབ་སྲས་ཀྱི་དུས་སུ་ལས་བཞིའི་སྦྱིན་སྲེག་བྱས་པས་དྲག་པོའི་སྐབས་སུ་ཁྲོ་བོའི་ཚོགས་ཀྱིས་བསྟན་འགྲོའི་གདོན་གེགས་རྣམས་བཀུག་ནས་ཐབ་ཏུ་བཅུག་པའི་གནས་དེར་བཀྲ་ཤིས་སྒོ་མང་མཆོད་རྟེན་ཆེན་པོ་ཞེས་པ་བཞེངས་པ་བྱིན་ཅན་དུ་གྲགསཔའི་ནང་དུ་ཨོ་རྒྱན་མཁའ་འགྲོའི་ཡུལ་ནས་སྤྱན་དྲངས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བྱ་སྒོང་ཙམ་དང་། སློབ་དཔོན་པད་མས་བྱིན་གྱིས་བརླབས་པའི་རྟེན་མང་བོ་དང་། མཁའ་འགྲོ་མ་མང་བོའི་རྟེན་སྣ་རྫས་སྣ་མང་བོ་དང་། བླ་མ་དྲི་མ་མེད་པའི་ཕྱག་ཕྲེང་སོགས་ཀྱིས་གང་བའི་ཙན་དན་གོ་ཤའི་མཆོད་རྟེན་གསེར་ཤུན་མས་གཡོགས་པ་ཁྲུ་གང་བ་བླ་མ་དྲི་མ་མེད་པས་རྒྱལ་བུ་དཀོན་མཆོག་འབངས་ལ་གནང་བ་རྣམས་བཞུགས།  ས་སྐྱ་བའི་རྗེས་སུ་ཀརྨ་བའི་བླ་མ་མང་བོ་དང་དགེ་ལུགས་པའི་བླ་མ་མང་བོ་ཕེབས་ནས་དམ་ཆོས་དར་བར་མཛད།  འོན་ཀྱང་ས་ཆ་འདིར་རྒྱ་མང་ཞིང་བོད་ཧ་ཅང་ཉུང་བས་རིམ་གྱིས་རྒྱ་དགོན་དུ་གྱུར། སྤྱི་ལོ་༡༩༢༧ལོར་ལང་ཇུས་ཕྱོགས་སུ་ས་འགུལ་ཆེན་པོ་བྱུང་བའི་སྐབས་སུ་ལྷོ་དབང་སྡེ་ལ་ཉམས་ཉེས་གང་ཡང་མ་བྱུང་། སྤྱི་ལོ༡༩༥༦ལོ་ནས༡༩༥༨ལོའི་བར་སྡེ་འདི་ལྷ་ཁང་དང་བཅས་པ་ཐམས་ཅད་རྩ་གཏོར་བཏང་སྟེ་སྟེང་དུ་སློབ་གྲྭ་ཞིག་བཙུགས།རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ་གཏོར་གཤིག་ཐེབས་ནས་ད་ལྟ་ཤུལ་ཙམ་ལས་ཅི་ཡང་མེད་པར་གྱུར་ཏོ། །


༼༣ ནུབ་པདྨའི་སྡེ།༽

       ནུབ་པད་མའི་སྡེ་(莲花寺)ནི་ཝུའུ་ཝེ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཙམ་གྱི་རུ་རི་བོ་པད་མའི་དབྱིབས་ལྟ་བུའི་འདབས་སུ་གནས་ཤིང་།   སྔོན་གྱི་དགོན་པ་འཇིག་ནས་ཤུལ་གསལ་བོར་ངོས་ཟིན་དཀའ་ལ།    གནའ་ཤུལ་དུ་རྡོ་རིང་ཞིག་བསླངས་ཡོད།  གནས་འདི་ནི་ས་པཎ་གྱི་སྐུ་སྲིང་བཟོད་པ་རིང་མོའི་སྐུ་གདུང་བཞུགས་ས་དང་།  ས་པཎ་གྱི་དབང་གནང་སྐབས་ཀྱི་བུམ་ཆུ་དང་རྡུལ་ཚོན་གཤེགས་ས་ཡིན།  ད་ལྟ་གནའ་ཤུལ་གྱི་འདབས་སུ་རྒྱ་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡོད་པའི་ནང་ས་པཎ་གྱི་སྲིང་མོ་བཟོད་པ་རིང་མོ་གནས་འདིར་ས་པཎ་ལ་མཇལ་བར་ཕེབས་ནས་ཡུན་རིང་བཞུགས་པའི་ཞབས་རྗེ་ལ་མཇལ་ཐུབ།  རི་རྩེ་རུ་རྒྱ་ནག་ལུགས་ཀྱི་མཆོད་རྟེན་ཞིག་ཡོད་པ་ནི་བདུད་འདུལ་མཆོད་རྟེན་ཡིན་ལ།   སྔོན་བཟོད་པ་རིང་མོའི་བཞུགས་གནས་ཡིན་ཟེར།

   སྔོན་གནས་འདི་ནས་ས་སྐྱ་པཎ་ཆེན་གྱིས་མདོ་ཕྱོགས་ཀྱི་བཀའ་ཆོས་མང་བོ་གནང་ཞེས་གོང་ས་ལྔ་བའི་དེབ་ཐེར་ནས་གསུངས། ཟམ་སྣའི་ལྷ་ཁང་ན་རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་སོགས་དང་། དེའི་གཡས་ཕྱོགས་ཀྱི་ལྷ་ཁང་ན་ཀུན་རིག་གི་ལྷ་ཚོགས་བཞུགས། དེ་ནས་ཡར་ལ་རིམ་པར་ལྷ་ཁང་རྣམས་སུ་ལྷ་མོ་འོད་ཟེར་ཅན་མ། སྤྱན་རས་གཟིགས་སེམས་ཉིད་ངལ་གསོ། ཀུན་རིག བྱམས་པ། སྒྲོལ་མ། སྤྱན་རས་གཟིགས་ཕྱག་བཞི་བ། ཐུབ་དབང་། མཆོག་ཟུང་། སངས་རྒྱས་སྤྱན་མ་སོགས་དང་། ཡང་ལྷ་ཁང་ཞིག་ཏུ་བླ་མ་སྟོང་འཁོར་རིན་པོ་ཆེ་མདོ་རྒྱུད་རྒྱ་མཚོས་བཏོན་པའི་སྨན་ཆུ་སྣང་། གཞན་ལྷ་ཁང་མང་བོ་ཡོད། རྟེན་གྱི་གཙོ་བོ་ཆོས་རྗེ་ས་པཎ་གྱི་སྲིང་མོ་ཞེས་པ་བཟོད་པ་རིང་མོ་འགྱིང་སྟབས་སུ་བཞུགས་པ་ཁྲོ་ནག་གི་ལུགས་སྐུ་མི་ཚད་ཙམ། ཐུབ་དབང་གྲོང་གཤེགས་པའི་རྣམ་པ་ཅན་དེ་ཉིད་ཀྱི་ནང་གཞུག་ཏུ་བཟོད་པ་རིང་མོའི་སྐུ་གདུང་གི་རིང་བསྲེལ་གདུང་རུས་སམ་ཚེམས་གཉིས་ཡོད་པ་གསུངས། རི་རྩེ་ན་འཇམ་དབྱངས་དམར་སེར་དང་མཆོད་རྟེན་གཅིག་བཞེངས་པའི་གནས་ནི་ས་པཎ་གྱི་སྐུ་སྲིང་བཟོད་པ་རིང་མོ་ཞེས་པ་སྡེ་འདིར་སྒོམ་སྒྲུབ་ལ་བཞུགས་པ་དང་། དེ་ཉིད་སྐུ་འདས་པའི་ས་དང་། ས་པཎ་གྱིས་དབང་གནང་བའི་བུམ་ཆུ་དང་རྡུལ་ཚོན་གཤེགས་ས་ཡིན་པར་གྲགས། མཆོད་རྟེན་དེའི་བཟོ་དབྱིབས་ནི་རྒྱ་གར་ནས་བྱུང་བ་ཁང་བུ་བརྩེགས་པའི་མཆོད་རྟེན་ཡིན་པར་བཤད། མཆོད་རྟེན་གྱི་ནང་དུ་སངས་རྒྱས་སྨན་བླ་སོགས་སྐུ་གཟིགས་བཞེངས་ལེགས་ཤིང་མཐོང་བ་ཙམ་གྱིས་ཡིད་འགུག་པར་འགྱུར། ཡོན་རྒྱལ་རབས་ཀྱི་མཇུག་མཐར་དུས་འཁྲུགས་བསླངས་པ་དང་སྤྱི་ལོ་༡༩༢༧ལོར་ལང་ཇུས་སུ་ས་ཡོམ་ཆེན་པོ་བྱུང་བ་དང་རིག་གསར་སྐབས་བཅས་སུ་པདྨོའི་སྡེ་འདི་རྩ་གཏོར་དུ་འཇིག་ནས་ད་ལྟའི་སླར་གསོ་ཡང་དག་ཅིག་བྱུང་མེད་པ་ནི་མཇལ་སྐོར་བ་དང་ཡུལ་སྐོར་བ་སུ་ཞིག་ཡིན་ཡང་ཕངས་སེམས་དང་སྐྱོ་སྣང་མི་སྐྱེས་མཁན་མི་སྲིད་དོ།  །



༼༤བྱང་རྒྱ་མཚོའི་སྡེ།༽

          བྱང་རྒྱ་མཚོའི་སྡེ་(海藏寺)ནི་ཝུའུ་ཝེ་གྲོང་གསེབ་ཀྱི་བྱང་ཕྱོགས་སུ་གནས་ཤིང་།   རྒྱ་བརྒྱུད་ནང་བསྟན་གྱི་དགོན་པར་གྱུར་པ་དང་།  དུས་གསུམ་སངས་རྒྱས་དང་ས་པཎ་གྱི་སྐུ་བརྙན་སོགས་བཞུགས།   ཧོར་གོ་དན་ནད་ལས་གྲོལ་བར་བྱེད་པའི་ཁྲོན་ཆུ་བྱིན་རླབས་ཅན་ཡོད་པར་ང་ཚོས་དེ་རུ་ཁྲུས་བྱས།

    དགོན་པ་འདི་ནི་སྔོན་ཧོར་གོ་དན་རྒྱལ་པོ་ལ་ཀླུ་ནད་གཏོང་མཁན་གྱི་ཀླུ་གདུག་པ་ཅན་གནས་པའི་ས་གཞི་ཡིན་ལ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་ཞལ་གྱི་བུམ་བཟང་ལས་དམ་ཆོས་ཟབ་མོ་ལྷུག་པར་བསྩལ་ནས་གདུལ་བྱ་རྣམས་ལ་ཐར་བའི་ས་བོན་ཐེབས་པར་མཛད་པའི་གནས་ཆེན་ཁྱད་འཕགས་ཅན་ཞིག་ཡིན། དེ་དུས་ཀྱི་གནས་སྒོ་ཞེས་གྲགས་པའི་ཁྲོན་ཆུ་བྱིན་རླབས་ཅན་དུ་བརྩི་བ་ད་ལྟ་ཡང་ཡོད། རྟེན་གཙོ་ལ་མཆོད་རྟེན་བྱིན་ཅན། དུས་གསུམ་སངས་རྒྱས། ཉེ་སྲས། རྡོ་རྗེ་འཆང་། རྣམ་སྣང་། ཚེ་དཔག་མེད། གནས་བརྟན་བཅུ་དྲུག་སོགས་དང་། རྭ་བའི་ཁྱམས་ལོགས་སུ་བྲིས་སྐུ་སྣ་ཚོགས།  འཇིགས་བྱེད། ཆོས་སྐྱོང་དུ་མ་བཞུགས་པའི་མགོན་ཁང་། རྒྱའི་བཀའ་འགྱུར་དང་། རྒྱ་བན་སྨུག་ཆས་ཅན་གྱི་སྡེ་ཡང་ཡོད། སྡེ་འདི་ཡོན་རྒྱལ་རབས་དུས་མཇུག་ཏུ་དམག་འཁྲུག་བྱུང་བས་ལྷ་ཁང་དང་བཅས་པ་གཏོར་བཤིག་བྱས། རབ་བྱུང་བརྒྱད་པའི་ཆུ་ཡོས་ནས་མེ་ལུག་སྤྱི་ལོ་༡༩༨༣ལོ་ནས་༡༩༨༧ལོའི་བར་ལང་ཇུས་ཕྱོགས་ཀྱི་རྒྱའི་དམག་དཔོན་ཀྲང་པིན་གྱིས་གཙོ་འགན་ཁུར་ཏེ་བྱང་རྒྱ་མཚོའི་སྡེ་དེ་བསྐྱར་བཞེངས་རྒྱ་ཆེན་པོ་བྱས་པ་ནས་རིམ་གྱིས་རྒྱ་བརྒྱུད་ཀྱི་དགོན་པ་རུ་གྱུར། ཁང་ཞི་རྒྱལ་པོ་ཁྲིར་བཞུགས་སྐབས་སླར་ཡང་ཉམས་གསོ་བྱས་ནས་བརྗིད་སྔར་ལས་ཆེ་ནའང་ས་ཁྱི་ལོར་བསྣུབས།

 རབ་རྒྱལ་ཆུ་ཡོས་སྤྱི་ལོ་༡༩༨༦ལོར་གྲོང་ཁྱེར་སྲིད་གཞུང་གིས་བྱང་རྒྱ་མཚོའི་སྡེའི་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་གནང་། དེ་ནས་རིམ་གྱིས་ལྷ་ཁང་ཉམས་གསོས་དང་སྐུ་གསུང་ཐུགས་རྟེན་མང་བོ་གསར་བཞེངས་མཛད་དེ་ཝུའུ་ཝེ་ཕྱོགས་ཀྱི་རྒྱ་བརྒྱུད་ནང་བསྟན་གྱི་དགོན་ཆེན་ཞིག་ཏུ་གྱུར་ཡོད་དོ།   །

ཞེས་པ་འདི་ནི་གནས་འདིར་མཇལ་སྐོར་ལ་ཆས་པའི་ལམ་བར་ནས་བྲིས་ཤིང་ཉིན་དེའི་དགུང་མོར་དཔའ་རིས་རྫོང་མཁར་ནས་གྲུབ་པར་བྱས་པ་ཕྱིས་སུ་བསྐྱར་བཅོས་དང་འཕྲི་སྣོན་འགའ་བྱས་སོ།  །

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

      ཤིས་ཚང་ཚུལ་ཁྲིམས་སམ་ཤིས་ཚང་ཨ་རུ(བརྡ་སྤྲོད་ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་དགྱེས་པའི་རྡོ་རྗེ)ནི་སྤྱི་ལོ་༡༩༧༢ལོར་ཀན་ལྷོ་ཀླུ་ཆུ་ནས་སྐྱེས།   ༡༩༩༠ལོར་ཤིས་ཚང་སྒར་རྙིང་དགོན་པའི་ཆོས་གྲྭར་ཞུགས་ཏེ་དགོན་པའི་འདོན་ཆོས་རྣམས་བློ་འཛིན་བྱས་པ་དང་།   འདོན་ཆོས་རྫོགས་རྗེས་བྱང་ཆུབ་ལམ་རིམ་ཆེན་མོ་བློར་བཟུང་ནས་ཚོགས་རྒྱུགས་སུ་ཕུལ།    ༡༩༩༧ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་ལོ་བཞིའི་རིང་ལ་དེ་གའི་སྦྱངས་བྱ་ཡོངས་རྫོགས་ལ་སློབ་གཉེར་བྱས་ནས་སྦྱངས་འབྲས་ཚད་ལྡན་གྱི་དཔང་ཡིག་དང་བཅས་སློབ་མཐར་ཕྱིན།   སྔ་གཞུག་ཏུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བའི་བཤེས་གཉེན་མང་བོའི་མདུན་ནས་སྒྲ་རིག་པ་དང་རྩིས་སྐར་ནག    སྡེབ་སྦྱོར།    ས་དཔྱད་སོགས་ལ་སློབ་གཉེར་བྱེད་པའི་སྐལ་བ་ལྡན།   ཞོར་དུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་དྲ་ཚིགས་སོགས་སུ་སྙན་རྩོམ་དང་དཔྱད་རྩོམ་མི་ཉུང་བ་ཙམ་བྲིས་པ་དང་།   དེ་ལས་ཀན་ལྷོའི་གསར་འགྱུར་ཁང་གིས་ཕུལ་བྱུང་རྩོམ་པ་བོ་ཞེས་པའི་བྱ་དགའ་དང་།   རྨ་ཡུལ་རྩོམ་སྒྲིག་མཐུན་ཚོགས་ཀྱིས་བྱ་དགའ་ཨང་གསུམ་པ།   བསེ་ཚང་བློ་བཟང་དཔལ་ལྡན་གྱི་དགུང་ལོ་བརྒྱད་ཅུའི་འཁྲུངས་སྐར་དང་འབྲེལ་ནས་ཚངས་སྲས་བུམ་པ་རྟགས་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་མཚན་སྙན་བྱ་དགའ་སོགས་ཀྱང་ཐོབ་མྱོང་། ད་ལྟ་ཀན་ལྷོ་ཁུལ་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་མི་དང་།   རང་དགོན་གཙོས་ཕྱོགས་ཡས་མས་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་བརྡ་སྤྲོད་དང་སྙན་ངག་སོགས་ཀྱི་སློབ་ཁྲིད་ཀྱི་གཟུགས་བརྙན་ཙམ་སྐྱོང་བཞིན་མཆིས་སོ།   །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
42t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/8/29
དམ་པ་རྣམས་ལ་སྒོ་གསུམ་སྙིང་ནས་འདུད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45481680
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1