དེབ་གསར་འགྲེམ་བརྡ《རྣམ་ཤེས་ཀྱི་ངལ་དུབ》
རྩོམ་པ་པོ་ངར་ཆ་ནི། གཞན་རྔ་སྙུག་རྩེའང་ཟེར་ཞིང་། དངོས་མིང་ལ་ཡེ་ཤེས་མགོན་པོ་རུ་འབོད། ཕྱི་ལོ ༡༩༨༥ལོར་དཀར་མཛེས་ཉག་རོང་གི་སྒྲེ་བོ་ཞེས་པའི་ཡུལ་སྡེ་ཞིག་ཏུ་སྐྱེས། བགྲང་བྱ་བདུན་ལོན་དུས་སློབ་སྦྱོང་གི་མགོ་བརྩམས། ༢༠༠༣ལོར་དཀར་མཛེས་བན་རྒན་བཤད་གྲྭ་དང་། ༢༠༠༦ལོར་བླ་རུང་དུ་འབྱོར། སྔར་ནས་མོས་པ་ཡོད་ཐོག ༢༠༡༣ལོར་རྩོམ་རིགས་ལ་འབད་པར་བྱས་ཏེ་ད་ལྟའི་བར་དུ་བཅད་རྩོམ་དང་རང་མོས། ལྷུག་རྩོམ་སོགས་རྩོམ་ཡིག་བཅུ་ཕྲག་ཁ་ཤས་བྲིས་ནས《གངས་དཀར་རི་བོ》《གསེར་རྔ》《ལྕགས་མདུད》《སྒྲེ་བོ》སོགས་ལོ་དེབ་དང་དུས་དེབ་ཁག་ཏུ་སྤེལ་ལ། དྲྭ་ཚིགས་དག་ཏུ་རྩོམ་ཡིག་མང་པོ་སྤེལ། ༢༠༡༤ལོ་ནས་ལོ་གསུམ་བར(ཉག་སྙན་ངག་གླིང)གི་ཚོགས་གཙོའི་འགན་ཁུར། ད་ལྟ་ཉག་རོང་དང་ཕ་ཡུལ་གྱི་ལོ་དེབ་གསུམ་གྱི་རྩོམ་སྒྲིག་པའི་འགན་ཁུར་མུས་སུ་ཡོད།
སྙན་ངག་ནི་དབྱིངས་རང་བཞིན་གྱིས་དྭངས་པའི་མཛེས་རྟོག་གི་ཁམས་ཤིག་སྟེ། འཕོ་འགག་དང་སྐྱེད་འཕེལ་གྱི་ཆོས་ཅན་དུ་གྲུབ་པའི་གཉུག་མའི་འཁོས་ཀ་ཅན་གྱི་ཡིད་འགྱུར་ཞིག་ཡིན་ན། སྐམ་ཐན་དང་ཙད་པ་ཡིས་གདུང་བའི་བདག་ཉིད་ཅན་དག་ནི་སྙན་ངག་གི་སྲད་བུར་འཇུས་ཏེ་ཆོས་ཉིད་ཀྱི་དབྱིངས་སུ་ཞུགས་པའི་ཡིད་འགུག་གི་ཆོས་ཅན་ལ་བཤོལ་འདེབས་པ་དང་བརླ་རྡུང་གིན་འདུག་ན། ཚུལ་དང་ཚུལ་འཆལ་གྱི་ར་སྐོར་དུ་གསོན་པའི་ཁམས་འདི་ལ་