རྒྱ་ཡན་དུ་ཤོར་བའི་སེམས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 6 ཚེས 17 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »རྒྱ་ཡན་དུ་ཤོར་བའི་སེམས་པ།
རྒྱ་ཡན་དུ་ཤོར་བའི་སེམས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/5/24ལྟ་ཀློག (473)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱ་ཡན་དུ་ཤོར་བའི་སེམས་པ།


ངག་ལ་ངག་གི་འདོད་འཇོ་ངག་དབང་གི་ལྷ་མོས། །
བྱིན་རླབས་བསུང་ཞིམ་འཐུལ་བའི་བདུད་རྩི་ཡི་ངད་ཁ། །
ངག་རིག་སྒྱུ་འཕྲུལ་འགུགས་པའི་བྱེད་པོ་རུ་བསྣམས་ནས། །
སྣང་བ་གླུ་རུ་ལེན་པའི་རམ་འདེགས་ལ་ཕེབས་ཤོག །

མ་ངེས་ཀུན་རྟོག་སྤེལ་མའི་ཡོ་ལང་གིས་བསྐྱེད་པའི། །
བདེ་སྡུག་ཚོར་བས་བཟི་བའི་འཁོར་བ་ཡི་མགྲོན་པོ། །
དལ་གཅིག་ངལ་གསོའི་གོ་སྐབས་མེད་ཚུལ་ལ་བསམ་ན། །
ཀུན་གཞིའི་མཚོ་མོ་མི་སྐྱོམས་རང་དབང་ཞིག་མི་འདུག །

དྲན་ཤེས་ལྕགས་སྒྲོག་དམར་པོའི་ར་བ་ལས་བརྒལ་བའི། །
སྒྱུ་མའི་གླིང་ཀ་ཉུལ་བའི་རིག་པ་ཡི་བུ་ཆུང་། །
སྲིད་པའི་སྣང་ཤེས་དཀར་དམར་ཚོན་མདངས་ཀྱིས་བསླུས་ནས། །
རྟོག་བཏགས་སྒོང་རྒྱར་ཐིམ་པའི་ངང་ཚུལ་ཞིག་མངོན་བྱུང་། །

ཡེ་སྟོང་གཞི་རྩ་བྲལ་བའི་དོན་དམ་གྱི་གཤིས་ལུགས། །
ཟུང་འཇུག་སེམས་ཀྱི་ངོ་བོར་རོ་གཅིག་ཏུ་འདྲེས་ཀྱང་། །
ཞེན་པའི་གཟེབ་ཏུ་ཚུད་པའི་དྲན་འཛིན་གྱི་བྱེའུ་ཆུང་།།
རང་བྱུང་ཡེ་ཤེས་མཁའ་དང་རྒྱང་རིང་གིས་བསྐལ་འདུག །

རིང་ནས་མཛའ་བའི་དུག་ལྔའི་བཅུད་ལེན་གྱིས་གསོས་པའི།།
ལས་ངན་ཁུར་པོས་ནོན་པའི་མདོ་མེད་ཀྱི་དྲེད་པོ།།
སྣང་བའི་ཆུ་ཟླ་བརྩེགས་པའི་འཁོར་བ་ཡི་གྲོང་ལ། །
ཞེན་པ་གཏིང་ནས་ཆོད་པའི་ངེས་འབྱུང་གིས་དབེན་སོང་། །

མ་བརྟག་མོ་གཤམ་བུ་མོའི་འགྱིང་འགྲོས་ཀྱི་སྟངས་ཀས། །
འཇའ་ཡི་གུར་ཁང་ཕུབ་པའི་སྣང་ཚུལ་ལ་སྲེད་ནས། །
ཉིང་འཁྲུལ་སྲིད་པ་སྒྱུ་མའི་བུ་ཆུང་གི་སེམས་པ། །
ཐར་མེད་དམ་དུ་བཏགས་པའི་སྣང་ཚུལ་འདི་ཨ་ཧོ། །

བཅོས་མའི་ཟློས་གར་འཁྲབ་པའི་མུན་ཀློང་ན་འཕྱན་པའི། །
དཀར་ནག་གོ་ལྡོག་སྤྱོད་པའི་འཕྱོན་མ་ཡི་ཟུར་མིག །
ཉག་ཕྲན་ཟོལ་གྱིས་ལྷགས་པའི་རང་བཞིན་ལ་བསམ་ན། །
ལས་ཀྱི་ལན་ཆགས་སྙོགས་པའི་ཕོ་ཉ་རུ་ངེས་སོ། །

གང་ཤར་རང་སར་གྲོལ་བའི་རྣམ་ཤེས་ཀྱི་རྟ་ཕོས། །
ཆོས་དབྱིངས་ཐང་ཆེན་གཅོད་པའི་འདུན་པ་དེ་ཟབ་ཀྱང་། །
གཟུང་འཛིན་ཨ་འཐས་སྒྲོག་གིས་བཅིང་ཚུལ་ལ་བསམ་ན། །
སེམས་པ་ཁྱོགས་ལ་མི་འཕྱང་རང་དབང་ཞིག་མི་འདུག །

རི་ཆུ་སྟོང་ཕྲག་བརྒལ་བའི་ཕ་རོལ་ནས་བསྐུལ་བའི། །
དུང་བ་དབྱངས་སུ་འགུགས་པའི་དྲི་ཟ་མོའི་གླུ་སྐད། །
གློག་གི་རྦ་རླབས་བརྒྱུད་ནས་ཐོས་འཛིན་དུ་སོན་ཚེ། །
དྲན་པའི་རྒྱ་སྒོ་གཤགས་པའི་བརྟུལ་ཞུགས་ལ་ཆས་སོང་། །

གཉུག་གཤིས་ཟླ་བའི་རང་ཞལ་མངོན་མེད་དུ་སྒྲིབ་པའི། །
ཀུན་རྟོག་ར་རི་སྦྱོང་བའི་དགེ་སེམས་ཀྱི་དྲི་བཞོན། །
མི་བརྟན་གློག་གི་གྱ་གྱུའི་བརྡ་ཐབས་ལ་ཕྱོགས་ན། །
སེམས་ལ་སིམ་པ་སྟེར་བའི་ནང་གྲོགས་དེ་སུ་ཡིན། །

ལོ་ཟླའི་བརྩེགས་རིམ་རིང་མོའི་དཀའ་སྡུག་གི་ཁྲོད་ནས། །
ན་ཚོད་དུས་ལས་ཡོལ་པའི་མངལ་ཁུར་གྱིས་ལྕི་ཡང་། །
ལས་དབང་གནམ་གྱི་རྒྱལ་མོའི་བཀོད་སྒྲིག་གི་འོག་ནས། །
ཕྱི་མིག་དུར་ནས་ལྟ་བའི་སྐལ་བ་ཞིག་ཡོད་ཤག །

ཡིད་དཔྱོད་ཚིག་གི་སྤུན་པ་འཕྱང་འཕྲུལ་དུ་གཡོ་བའི།།
ཚུལ་འཆོས་སེང་རས་གཡོག་པའི་གདོང་འབག་དེ་བསལ་ན། །
མྱི་ཁའི་རླུང་དམར་ལྡིང་བ་འཁོར་བ་པའི་ཆོས་ཉིད། །
རེ་དོགས་དགག་སྒྲུབ་མེད་པའི་ལམ་ཀ་ཞིག་འཚོལ་ལོ། །

གང་ལ་སྙིང་པོ་མེད་པ་མི་ཡུལ་གྱི་འཇིག་རྟེན། །
སུ་ལ་ཡིད་རྟོན་དཀའ་བ་སྙིགས་དུས་ཀྱི་འགྲོ་བ། །
དྲིན་ལན་ལོག་པར་འཇལ་བ་མྱོང་བ་ཡིས་གྲུབ་པས། །
ཞེན་པ་གཏིང་ནས་མི་ལོག་རང་དབང་ཞིག་འདུག་གམ། །

འཁོར་འདས་བར་ལག་སྦྲེལ་བའི་ས་མཚམས་ན་འགྲེང་ཞིང་། །
ལུགས་གཉིས་ནམ་མཁའི་མཐོངས་ལ་སྤར་ཤད་རེ་བྱེད་བཞིན། །
ཐོབ་ཤོར་རེས་སུ་བྱེད་པའི་མི་ཚེ་ཡི་ལམ་བུ། །
སྐྱིད་སྡུག་སྤེལ་མས་སྐྱེལ་བ་སྔོན་ལས་ཀྱི་རི་མོ། །

ལས་ཀྱི་བག་ཆག་བརྟན་པའི་དམུ་ཐག་ལ་འཇུས་ཤིང་། །
དྲན་ཤེས་སྒོ་སྲུང་དམག་གི་སྤྱན་ཟུར་ལས་ཐར་ཏེ། །
གདུང་བ་མེ་ལྟར་འབར་བའི་ལྷ་ཁང་ནང་ཤོར་ཚེ། །
སེམས་ཀྱི་གསང་བ་བསྔོགས་པ་བགྲང་བ་ལས་འདས་སོང་། །

དབང་དང་ཤེད་ཀྱིས་བསྐྱེད་པའི་གཡོ་ཐབས་ཀྱིས་དབེན་ཞིང་། །
སེམས་དང་སེམས་པ་སྦྲེལ་བའི་དུང་སེམས་ཀྱི་གཤིས་ལ། །
བག་ཆག་སྐྱུར་རྩི་བཏབ་པའི་ནས་ཆང་གི་དགྱེས་སྟོན། །
མི་འགྱུར་མཛའ་བ་མཚོན་པའི་དན་རྟགས་སུ་བཞེངས་ཡོད། །

སྐྱེ་ཤིའི་འཁོར་ལོ་བར་མེད་ཟོ་ཆུན་ལྟར་འཁོར་ཞིང་།།
བཟང་ངན་སྣ་ཚོགས་ཆུ་ཡི་གཉེར་མ་བཞིན་བརྩེགས་ཀྱང་།།
ཀུན་ཀྱང་མི་སྡོད་མདང་གི་རྨི་ལམ་གྱི་དཔེ་ཡིས།།
ཞེན་པ་གཏིང་ནས་ཆོད་པའི་ངེས་ཤེས་ཤིག་ནམ་སྐྱེ།།

བྱ་སྤུ་རླུང་ཁྱེར་ཇི་བཞིན་རང་དབང་དང་བྲལ་བའི།།
སྔོན་བསགས་ལས་དབང་དམར་པོའི་བྲན་གཡོག་ཏུ་གྱུར་ཏེ།།
སྲིད་འབྱོར་གློག་གི་བུ་མོའི་འཛུམ་བག་གིས་བསླུས་པས།།
ཞི་བའི་མལ་དུ་མནལ་བའི་གོ་སྐབས་ཤིག་མེད་ཚོད།།

བཅོས་མའི་ཟློས་གར་འཁྲབ་པའི་སྒྱུ་ཐབས་ཀྱི་ཞགས་པ།།
ཆོས་བརྒྱད་ཆང་གིས་བད་པའི་ཀུན་རྟོག་ལ་ཐེབས་ཚེ།།
ཐར་པའི་སྲོག་ལ་རྒོལ་བའི་སྲེད་ལེན་གྱི་མེ་ལྕེ།།
དགེ་སེམས་ཡམ་ཤིང་བསྲེགས་པའི་རྟ་གོན་ལ་ཆས་སོ།།

སྲིད་ལམ་རིང་མོས་དུབ་པའི་རིགས་དྲུག་གི་མགྲོན་པོ།།
འདོད་པའི་འདམ་དུ་བྱིངས་བའི་གཉུག་གཤིས་ཀྱི་རང་བཞིན།།
བཅས་བཅོས་ཡིན་མིན་ཚིག་གི་ཕྱི་ཤུན་གྱིས་མི་གཡོག །
གང་ཡིན་གསོང་པོར་སྨྲ་བའི་གཡར་དམ་ཞིག་འཆའ་འོ།།

དེ་སྐད་ཐོགས་མེད་དུས་ནས་རྒྱ་ཡན་དུ་ཤོར་བའི།།
སེམས་ཀྱི་གསང་བ་མཚོན་པའི་ངག་རིག་གི་སྐྱེམས་ཆང་།།
འཆར་ཡན་རིང་ལུགས་ཁྲོཾ་ཐར་འཇམ་བློ་ཞེས་འབོད་པས།།
ངག་རིག་གྲོགས་པོ་ཡོངས་ལ་དགྱེས་སྟོན་དུ་བཤམས་ཡོད།།
༢༠༡༩ལོའི་ཟླ་༥པའི་ཚེས་༢༢ཉིན་བྲིས།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བྱང་ཆུབ སྤེལ་དུས:2019/6/17
ཧ་ལས་པ་ཡག་སོང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
14393362
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号