རྣམ་འགྲེལ་ལེའུ་གཉིས་པའི་དབང་ཕྱུག་རྟག་པའི་སྐབས་ཀྱི་ཟིན་བྲིས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 26 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »རྣམ་འགྲེལ་ལེའུ་གཉིས་པའི་དབང་ཕྱུག་རྟག་པའི་སྐབས་ཀྱི་ཟིན་བྲིས།
རྣམ་འགྲེལ་ལེའུ་གཉིས་པའི་དབང་ཕྱུག་རྟག་པའི་སྐབས་ཀྱི་ཟིན་བྲིས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/6/12ལྟ་ཀློག (886)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྣམ་འགྲེལ་ལེའུ་གཉིས་པའི་དབང་ཕྱུག་རྟག་པའི་སྐབས་ཀྱི་ཟིན་བྲིས།


ཀླུ་སྒྲུབ་ཆོས་འཕེལ། རྔ་བ།

                 རྟེན་དང་སྟོང་པའི་རིགས་པའི་ལམ་བཟང་གིས།།

                 བསྟན་དང་སྟོན་པ་ཚད་མར་སྒྲུབ་པ་ལ།།

                 ཐར་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ།།

                 རིགས་པའི་དབང་ཕྱུག་རྣམ་གཉིས་སའི་ཉི་ཟླ།།

      གཉིས་པ(དེ་ལ་རྩོད་པ་སྤང་བ)ལ་གཉིས། ཤེས་བྱ་ཐམས་ཅད་བཟོ་ཤེས་པ་ཀུན་མཁྱེན་ཡིན་པ་དགག་པ་དང་། ཐམས་ཅད་ཀྱི་གནས་ལུགས་ཇི་ལྟར་གནས་པ་མངོན་སུམ་དུ་ཤེས་པ་ཀུན་མཁྱེན་དུ་བསྒྲུབ་པའོ།  །དང་པོ(ཤེས་བྱ་ཐམས་ཅད་བཟོ་ཤེས་པ་ཀུན་མཁྱེན་ཡིན་དགག་པ)ལ་གཉིས། ཐམས་ཅད་ཀྱི་བྱེད་པ་པོའི་དབང་ཕྱུག་གི་ངོ་བོ་དགག་པ་དང་། སྒྲུབ་བྱེད་དགག་པའོ། །

དང་པོ(ཐམས་ཅད་ཀྱི་བྱེད་པ་པོའི་དབང་ཕྱུག་གི་ངོ་བོ་དགག་པ)ལ་གཉིས། རྟག་པ་ཡིན་པ་དགག་པ་དང་། རྟག་པ་མ་ཡིན་པ་དགག་པའོ།།

དང་པོ(རྟག་པ་ཡིན་པ་དགག་པ)ནི། ཐམས་ཅད་ཀྱི་བྱེད་པ་པོའི་དབང་ཕྱུག་དེ་ཉིད་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུ་ཡིན་ནོ་ཞེ་ན།

         རྩ་བ།   ཚད་མ་རྟག་པ་ཉིད་ཡོད་མིན།།

                 དངོས་ཡོད་རྟོགས་པ༡༠ཚད་ཕྱིར་དང་།

                 ཤེས་བྱ་མི་རྟག་པ་ཉིད་ཀྱིས།།

                 དེ་ནི་མི་བརྟན་༡༡ཉིད་་ཕྱིར་རོ།།

     དབང་ཕྱུག་ཆོས་ཅན། ཁྱོད་ཚད་མ་རྟག་པ་ཉིད་དུ་ཡོད་པ་མིན་པར་ཐལ།  ཁྱོད་ཡིན་ན་ཡུལ་དངོས་པོར་ཡོད་པ་རྟོགས་པའི་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་ཡོད་དེ། ཡུལ་ཤེས་བྱ་མི་རྟག་པ་ཡིན་པ་ཉིད་ཀྱིས་ཁྱབ་ན།  དེ་འཇལ་གྱི་ཚད་མ་དེ་ནི་མི་བརྟན་པ་ཉིད་ཡིན་དགོས་པའི་ཕྱིར།

     གཉིས་པ་(མི་རྟག་པ་ཡིན་པ་དགག་པ་)ནི།

         རྩ་བ།  རྣམ་འགས་ཕན་གདགས་བྱ་མིན་ཕྱིར།།

                 མི་རྟག་ན་ཡང་ཚད་མེད་ཉིད།།

      དབང་ཕྱུག་དེ་ཉིད་མི་རྟག་ཡིན་ན་ཡང་། སྔར་འཁོར་བའི་དུས་སུ་ཆགས་སོགས་ཉམས་སུ་མྱོང་ནས། དེའི་གཉེན་པོ་སྦྱིན་སོགས་གོམས་པའི་སྒྲུབ་བྱེད་ལ་བལྟོས་པ་མ་ཡིན་གྱི། ཐོག་མ་མེད་ནས་ཆགས་བྲལ་དང་ཀུན་མཁྱེན་དུ་རང་གི་རིགས་འདྲ་སྔ་མ་ལས་སྐྱེས་པ་ཡིན་ནོ་ཞེ་ན།

  དབང་ཆོས་ཅན། རིགས་འདྲ་སྔ་མ་ལས་སྐྱེས་པའི་ཀུན་མཁྱེན་ཡིན་པ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པ་ཉིད་དུ་ཐལ། ཁྱོད་ཀྱི་སྐད་ཅིག་སྔ་མ་གང་ཡང་སྔར་འཁོར་བའི་གནས་སྐབས་སུ་ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་གི་ཕྱོགས་ཀྱི་རྐྱེན་གྱི་རྣམ་པ་འགས་ཀྱང་གནོད་བྱའམ་ཕན་གདགས་བྱ་མིན་པའི་ཕྱིར། ཡང་ན། ལྷ་དབང་བློ་གྲོས་ཀྱི་བཞེད་པ་༡༣ལྟར་རྐང་པ་དེ་ཉིད་སྔ་མའི་སྒྲུབ་བྱེད་དུ་སྦྱར་རོ།།

 དབང་ཕྱུག་ཆོས་ཅན། ཁྱོད་ཀྱིས་རང་རྒྱུད་ཀྱི་ཤེས་པ་བསྐྱེད་པ་རྐྱེན་ལ་མི་བལྟོས་པར་ཐལ།   ཁྱོད་རྐྱེན་ལ་བལྟོས་བ་མི་རུང་པའི་རྟག་པ་ཡིན་པའི་ཕྱིར།  དེར་ཐལ།    རྣམ་པ་འགའ་ཡང་གནོད་བྱ་འམ་ཕན་གདགས་བྱ་མིན་པའི་ཕྱིར། དེར་ཐལ།    ལྷ་དབང་བློས་བཞེད་པ་ལྟར་རྐང་བ་ཕྱི་མ་དེ་སྔ་མའི་སྒྲུབ་བྱེད་དུ་སྦྱར་དགོས་པའི་ཕྱིར།   གོང་དུ་མ་ཁྱབ་ཟེར་ན།  རྩ་བར།   རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་འཐད་ཕྱིར། །ལྟོས་པ་མི་རུང་བ་ཡི་ཕྱིར། །རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །ཞེས་དང་དེའི་ཐད་ཀྱི་ཐལ་གསལ་གྱིས་ཡང་འགྲུབ། འདོད་ན།  ས་བོན་ཆོས་ཅན།  ཁྱོད་ཀྱིས་མྱུ་གུ་བསྐྱེད་པ་ལྷན་ཅིག་བྱེད་རྐྱེན་ལ་མི་བལྟོས་པར་ཐལ། ཁྱོད་ལྷན་ཅིག་བྱེད་རྐྱེན་ལ་བལྟོས་པ་མི་རུང་པའི་ཕྱིར། ཁྱབ་འགྲིག མ་གྲུབ་ན། དེ་ཆོས་ཅན།  ལྷན་གཅིག་བྱེད་རྐྱེན་གྱི་རྒྱུ་ཡིན་པར་ཐལ།  དེ་དང་དོན་གཞན་པའི་རྟེན་པ་ཡིན་པའི་ཕྱིར།  མ་ཁྱབ་ན། རྩ་བར། བལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད་ཞེས་སོགས་གཞུང་གོང་འོག་དུ་མར་གསུངས་པའི་ཕྱིར། ཡང་ཆང་དང་དེའི་མྱོས་པའི་ནུས་པ་དབྱེར་ཡོད་ཀྱི་རྟེན་བརྟེན་པ་ཡིན་ནམ་དབྱེར་མེད་ཡིན།

      དང་པོ་ལྟར་ན་དོན་གཞན་གྱི་རྟེན་བརྟེན་པ་ཡིན་པར་ཐལ། འདོད་ཚུལ་དེའི་ཕྱིར། འདོད་ན།    རྒྱུ་འབྲས་ཡིན་པར་ཐལ། དོན་གཞན་གྱི་རྟེན་བརྟེན་པ་ཡིན་པའི་ཕྱིར། ཁྱབ་བ་བསྒྲིབས་ཟིན།

      གཉིས་པ་ལྟར་ན་ཆང་ཚ་བར་གྱུར་པའི་ཚེ་ཆང་གི་དངོས་པོ་འཇིག་པར་འགྱུར་བ་མ་ཡིན་པར་ཐལ།    དེ་གཉིས་དབྱེར་མེད་རྟེན་བརྟེན་པ་ཡིན་པའི་ཕྱིར།   རྟགས་ཁས། འདོད་མི་ནུས་སྟེ། དེའི་ཚེ་མྱོས་པའི་ནུས་བ་འཇིག་པའི་ཕྱིར། དེར་ཐལ། རྩ་བར། གལ་ཏེ་མྱོས་སོགས་ནུས་པ་བཞིན།།དབྱེར་ཡོད་ཅེ་ན་དངོས་པོ་ལས།།ནུས་པ་དོན་གཞན་ཉིད་མ་ཡིན།  དངོས་པོ་འཇིག་འགྱུར་རྟེན་ཚང་བ།།གནས་ན་བརྟེན་པ་འཇིག་པ་ཡིན།།ཞེས་གསུངས་པའི་ཕྱིར།  ཆང་ཚ་བར་གྱུར་ནས་མྱོས་པའི་ནུས་པ་འཇིག་པ་ན།   ཆང་གི་དངོས་པོ་འཇིག་པར་འདོད་དགོས་པས། དེའི་རྫས་རྒྱུན་ཕྱི་མ་དེ་ཆུ་ཡིན་ན།   བཅས་ལྡན་དགེ་སློང་གིས་འཐུང་ན་ཉེས་པ་མེད་པར་འགྱུར་དགོས་པས་དཔྱད།   ཡང་ཆང་དང་དེའི་མྱོས་པའི་ནུས་པ་རྫས་གཅིག་ཡིན་མིན་དང་། བུ་རམ་དང་དེའི་གཟུགས་རྫས་གཅིག་ཡིན་མིན་སོགས་དཔྱད་བྱ་མང་། བསྭེ་བསྡུས་གྲྭའི་མཐའ་དཔྱོད་ལས།  བུ་རམ་ཆོས་ཅན།  ཁྱོད་ཀྱི་རོ་གཟུགས་གཉིས་གྲུབ་པ་དུས་མཉམ་གནས་པ་དུ་མཉམ་ཡིན་པར་ཐལ།  ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར།   ཞེས་གསུངས་པ་དང་།    ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས།   རྫས་དང་དུས་སོགས་ཀྱི་དབང་གིས་བུ་རོ་ཡོད་ལ་བུར་གཟུགས་མེད་པའི་དུས་དང་། བུར་གཟུགས་ཡོད་ལ་བུ་རོ་མེད་པའི་དུས་སོགས་ཡོད་དེ་དཔེར་ན་རྡོ་རྗེའི་གོས་ཀྱི་གཟུགས་དྲི་བཞིན་ཞེས་སོགས་ཚིག་ཟིན་མི་མཐུན་པ་མང་པོ་བསྡུར་ནས་དཔྱད་བྱ་ཡོད་གསུངས།

     གཉིས་པ་(སྒྲུབ་བྱེད་དགག་པ་)གཉིས། སྒྲུབ་བྱེད་ལྟར་སྣང་བསྟན་པ་དང་། ཀུན་གྱི་བྱེད་པ་པོ་ཡིན་པ་ལ་ཚད་མའི་བསལ་བ་བསྟན་པའོ། །

     དང་པོ་(སྒྲུབ་བྱེད་ལྟར་སྣང་བསྟན་པ་)ལ་གཉིས། མདོར་བསྟན་པ་དང་།རྒྱས་བཤད་དོ། །

དང་པོ་(མདོར་བསྟན་པ་)ནི།   འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་རྣམས་ཆོས་ཅན། བྱེད་པ་པོའི་བློ་སྔོན་དུ་སོང་སྟེ།       

      རྩ་བ།   སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་།།

              དོན་བྱེད་པ་ལ་སོགས་པདག།

     གཞན་ཡང་དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པར་བསྒྲུབ་འདོད་ནས་འཇིག་རྟེན་གྱི་ལུས་ལོངས་སྤྱོད་རྣམས་ཆོས་ཅན། བྱེད་པ་པོའི་བློ་སྔོན་དུ་སོང་སྟེ།  སྡོད་ཅིང་སྡོད་ཅིང་ལས་ལ་འཇིག་པའི་ཕྱིར། རྟེའུ་བཞིན། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། བུམ་སོགས་བཞིན། དོན་བྱེད་ནུས་པའི་ཕྱིར། དགྲ་སྟ་བཞིན། གྲངས་དང་ལྡན་པའི་ཕྱིར། ཚད་དང་ལྡན་པའི་ཕྱིར།

འདི་ལ་བསྒྲུབ་བྱའི་ཆོས་ལ་བརྟག་པ་བྱེད་པ་མ་གཏོགས་སྦྱོར་བ་གཅིག་ལ་དུས་གཅིག་ཏུ་ལྟར་སྣང་གསུམ་གའི་གནོད་པ་འཇུག་པ་མི་སྲིད་དོ་ཞེས་པའི་ལྟར་སྣང་གསུམ་གྱི་གནོད་པ་འཇུག་ཚུལ་ནི། སྦྱོར་བ་གསུམ་ཀའི་སྒྲུབ་བྱའི་ཆོས་ལ་བརྟགས་པ་བྱེད་པ་ཡིན་ན།  དང་པོ་བློ་ཙམ་སྔོན་དུ་སོང་བ་སྒྲུབ་ན་སངས་རྒྱས་པའི་འདོད་པ་སྔར་མ་གྲུབ་པས་མ་གྲུབ་པའི་གཏན་ཚིགས་དང་། བློ་རྟག་པ་ཞིག་གིས་བྱས་བ་ཡིན་ན།  གཏན་ཚིགས་དེའི་དཔེ་མ་གྲུབ་པས་འགལ་རྟགས་སུ་འགྱུར་བ་དང་།  བྱེད་པོ་གཞན་སྔོན་སོང་སྒྲུབ་ན་ཁྱབ་བ་མ་ངེས་པས་མ་ངེས་པའི་གཏན་ཚིགས་སུ་འགྱུར་པས་ལྟར་སྣང་གསུམ་ཀའི་གནོད་པ་བཏང་བ་ཡིན་ན།

     གཉིས་པ་ལ་སངས་རྒྱས་བའི་ངོར་འགལ་རྟགས་མ་ཡིན་ཏེ་དེའི་ངོར་ཕྱོགས་ཆོས་མ་གྲུབ་པའི་ཕྱིར་ཏེ། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་རྣམས་སྡོད་ཅིང་སྡོད་ཅིང་ལས་ལ་འཇུག་པར་མི་འདོད་པའི་ཕྱིར་ཏེ། སྐད་ཅིག་ཅིང་མི་སྡོད་པར་སྐད་ཅིག་གི་འཇིག་པར་འདོད་པའི་ཕྱིར།  ཡང་ཕྱོགས་ཆོས་མ་གྲུབ་སྟེ། བློ་རྟག་པ་ཞིག་གི་བྱས་པར་སངས་རྒྱས་པ་ལ་ཤེས་འདོད་མེད་པའི་ཕྱིར། ཡང་དཔེ་མ་གྲུབ་པས་རྟགས་ཡང་དག་མ་ཡིན་པར་སྒྲུབ་བ་ཡིན་ན། ལེའུ་གསུམ་པའི་སྐབས་སུ་ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར།  ཞེས་པ་དང་འགོགས་བདེན་དང་ཐལ་བ་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་མེད་པའི་ཕྱིར།  ཡང་སྡོད་ཅིང་སྡོད་ཅིང་ལས་ལ་འཇིག་པ་ཡིན་ན་བྱེད་པ་པོ་གཞན་སྔོན་དུ་སོང་བའི་མ་ཁྱབ་སྟེ་དབང་ཕྱུག་གི་མ་ངེས་ཟེར་ན།  དེ་ཆོས་ཅན་བྱེད་པ་པོ་གཞན་སྔོན་དུ་མ་སོང་པར་ཐལ།  འདོད་པའི་ཕྱིར། འདོད་མི་ནུས་སྟེ། དབང་ཕྱུག་གི་ཕ་མ་དང་འཕེན་བྱེད་ཀྱི་ལས་སྔོན་དུ་སོང་པའི་ཕྱིར། མདོ་ལས། ཁམས་གསུམ་འདི་ནི་སེམས་ཙམ་མོ།   མཛོད་ལས་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེ། འཇིག་པ་ལས། སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས།།རྒྱལ་པའི་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས།།ཞེས་གསུངས་པའི་ཕྱིར། དེའི་ཐད་ཀྱི་འཇུག་ཊཱིཀ་ལས།  མུ་སྟེགས་ཅན་རྣམས་ཀྱིས་གང་ཟག་དང་སོགས་པའི་རྒྱུན་དང་ཕུང་བོ་སོགས་བྱེད་པ་པོར་སྨྲ་བ་དེ་དག་བྱེད་པོར་མ་གཟིགས་ནས། རྒྱལ་བས་སེམས་ཙམ་ཞིག་འཇིག་རྟེན་བྱེད་པ་པོར་གསུངས་སོ།  ། འཇིག་རྟེན་གྱི་གནས་ལུས་སོགས་ལ་བྱེད་པ་པོ་ལས་སྔོན་དུ་སོང་བ་ཡིན་ནམ་ལས་བསགས་མཁན་གང་ཟག་གི་བློ་སྔོན་དུ་སོང་ནས་གྲུབ་བ་ཡིན་མིན་ལ་དཔྱད། 

       གཉིས་པ་(རྒྱས་བཤད་)ལ་གསུམ། སྒྲུབ་བྱེད་ཀྱི་དོན་བརྟགས་ལ་དགག དེའི་རིགས་ཅན་བཞན་ཡང་ཁེགས་པ། དེས་གྲུབ་པའི་དོན་ནོ། །

       དང་པོ་(སྒྲུབ་བྱེད་ཀྱི་དོན་བརྟགས་ལ་དགག་པ་)ལ་གཉིས། དབྱིབས་ཀྱི་རྟགས་སུ་མི་རུང་བ།དབྱིབས་ཀྱི་སྒྲ་འཇུག་པ་རྟགས་སུ་མི་རུང་བའོ།

       དང་པོ་(དབྱིབས་ཀྱི་སྒྲ་འཇུག་པ་རྟགས་སུ་མི་རུང་བ་)ལ་གཉིས། དབྱིབས་ཁྱད་པར་ཅན་ཕྱོགས་ཆོས་མ་གྲུབ། དབྱིབས་ཙམ་མ་ངེས་པའོ།།

       དང་པོ་(དབྱིབས་ཁྱད་པར་ཅན་ཕྱོགས་ཆོས་མ་གྲུབ་པ་)ནི།

རྩ་བ།  བྱིན་རློབ༡༥ཡོད་མེད་རྗེས་འཇུག་ཅན།།

        དབྱིབས་སོགས་ཅི་འདྲ་རབ་གྲུབ་པ།།

        དེ་ལས་རྗེས་སུ་དཔོག་གང་ཡིན།།༡༡།།

        དེ་ནི་རིགས་པ་ཉིད་ཡིན་ནོ།།

       གཉིས་པ(དབྱིབས་ཙམ་མ་ངེས་པ་)ལ་གསུམ་མ་ངེས་པའི་དཔེ།  ངེས་ན་ཧ་ཅང་ཐལ་བ།  འབྲས་མཚུངས་ཀྱི་ལྟག་ཆོད་དུ་ཐལ་བ་ནི།  

བྱེ་བྲག་པ་དང་རིག་པ་ཅན་པ་རྣམས་ཀྱིས།  དབང་ཕྱུག་ཚད་མའི་སྐྱེས་བུ་ཡིན་ཏེ།  དེ་ཤེས་བྱ་ཐམས་ཅད་བྱེད་པ་པོ་ཡིན་པའི་ཕྱིར་ཏེ།  འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་རྣམས་དེས་བློ་སྔོན་དུ་བཏང་ནས་བྱས་པར་བསྒྲུབ་འདོད་ནས་དེ་ལྟར་བཀོད་པ་ལ་སངས་རྒྱས་པའི་གཏན་ཚིགས་ལྟར་སྣང་དུ་མཐོང་ནས་བརྟག་པ་བྱས་བ་ཡིན་ནམ་མ་མཐོང་ནས་བྱས་པ་ཡིན། དང་པོ་ལྟར་ན། བློ་རྟག་པ་ཞིག་གིས་བྱ་བ་ཡིན་ཏེ། སྡོད་ཅིང་སྡོད་ཅིང་ལས་ལ་འཇུག་པའི་ཕྱིར།ཞེས་པ་ལ་དམིགས་དེ་དགག་པ་མ་བྱས་པར་བློ་ཙམ་ཞིག་སྔོན་དུ་སོང་བ་དང་བྱེད་པ་པོ་གཞན་སྔོན་དུ་སོང་བ་སྒྲུབ་ན་འབྲེལ་མེད་དུ་འགྱུར།

གཉིས་པ་ལྟར་ན་གཏན་ཚིགས་ལྟར་སྣང་དུ་མ་མཐོང་པར་བརྟགས་པ་བྱས་བ་ཡིན་ན་ཧ་ཅང་ཐལ་བ་ཡིན་ཏེ། གཞན་གྱིས་འཕངས་བ་ལྟར་གཏན་ཚིགས་ལྟར་སྣང་དང་འབྲས་མཚུངས་ཀྱི་ལྟག་ཆོད་དུ་འགྱུར་པའི་ཕྱིར། 

      རྩ་བར།   འབྲེལ་བ་ཅན་ཉིད་ཐ་དད་ཕྱིར།།

                ཐ་དད་སྐྱོན་བརྗོད་འབྲས་མཚུངས་འདོད།།ཅེས་དང་།

     པཎ་ཆེན་རྣམ་འགྲེལ་ལས།  ཁྱོད་ཀྱིས་ངེད་ལ་འཕངས་པའི་ཐལ་འགྱུར་དེ་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན། ངེད་ཀྱིས་ཁྱོད་ལ་འཕངས་པའི་ཐལ་འགྱུར་དེ་སུན་འབྱིན་ཡང་དག་ཡིན་པའི་ཕྱིར། འོ་ན། ངེས་བཞིན་དུ་བརྟག་པ་བྱས་པའི་དགོས་པ་གང་ཡིན་ཞེ་ན། རང་གི་བཀོད་པའི་སྒྲུབ་བྱའི་ཆོས་དེའི་མཚོན་པའི་གང་བཀོད་ཀྱང་ལྟར་སྣང་གསུམ་ལས་མི་འདའ་བར་ཤེས་པའི་ཆེད་དུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་སྡེ་དེ་དག་གིས་མིག་སོགས་བདག་དོན་བྱེད་པར་བསྒྲིབས་འདོད་ནས་གཞན་དོན་བྱེད་པར་སྒྲུབ་བཞིན་འདིར་དབང་ཕྱུག་ཐམས་ཅད་ཀྱིས་བྱེད་པ་པོར་བསྒྲུབ་འདོད་ནས་རྟགས་གསུམ་བཀོད་པ་ཡིན།  རྟགས་གསུམ་པོ་ལ་ངོ་བོ་དང་ཁྱད་པར་ལ་བརྟགས་ནས་སུན་འབྱིན་འདུག་པས་དེ་ལྟར་ན་མདོ་སྡེ་བས། མིག་སོགས་ནང་གི་སྐྱེ་མཆེད་རྣམས་ལ་སྐྱེ་བྱེད་ཀྱི་རྒྱུ་གཞན་ཡོད་དེ། དེ་ལྟར་དེ་བཞིན་གཤེགས་པའི་གསུངས་པའི་ཕྱིར། ཞེས་གཞན་སྐྱེ་སྒྲུབ་པ་ལ་ལེགས་ལྡན་གྱིས་རྟགས་ལ་དོན་དམ་གྱི་དབང་དུ་བྱས་ན་ངེད་ལ་མ་གྲུབ། ཀུན་རྫོབ་ཏུ་ཡིན་ན་ཁྱེད་ལ་མ་གྲིབ་ཅེས་པའི་སུན་འབྱིན་དེ་རྣམ་དག་འགྲོ་བར་ཐལ། བྱེད་པ་པོ་དབང་ཕྱུག་དགག་ཚུལ་འཐད་པའི་ཕྱིར། ལེགས་ལྡན་གྱི་གསུང་ཚུལ་ནི་ལམ་རིམ་ཆེན་མོ་དང་ལེགས་བཤད་སྙིང་པོའི་ཆོས་ཅན་མཐུན་སྣང་བའི་འཇུག་ཏུ་གསལ་བོ་ཡོད། གཞན་ཡང་། རང་ལུགས་ཀྱིས་དེ་ལྟར་སྐྱོན་བཏང་ལ་ཁ་ཅིག་གིས་འཇིག་རྟེན་གྱི་ལུས་ལུངས་སྤྱོད་རྣམས་ཆོས་ཅན། བྱེད་པ་པོའི་བློ་སྔོན་དུ་སོང་སྟེ།སྡོད་ཅིང་སྡོད་ཅིང་ལས་ལ་འཇུག་པའི་ཕྱིར།ཞེས་དེ་ལྟར་བཀོད་ན་བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་ལ་བརྟགས་ནསལ་སུན་འབྱུན་པ་ནི་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་པའི་ཕྱིར། དེར་ཐལ། རྩོལ་བྱུང་གི་རྟགས་ཀྱིས་དུང་སྒྲ་འབྲས་བུ་བསྒྲུབ་བ་དེ་འབྲས་མཚུངས་ཀྱི་ལྟག་ཆོད་མ་ཡིན་པར་ཐལ། གོང་དུ་བཀོད་པ་དེ་འབྲས་མཚུངས་མ་པས་རྒྱུ་མཚན་དེའི་ཕྱིར།འདོད་མི་ནུས་སྟེ། ཐར་ལམ་གསལ་བྱེད་ལས། གཏན་ཚིགས་དེ་རྐང་མིག་པས་བཀོད་པ་ལ་། རིགས་པ་ཅན་པས་ཁྱད་པར་ལ་བརྟགས་ནས་སྐྱོན་བརྗོད་པ་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་པ་རྐང་མིག་པ་འདོད་ཅིང་སློབ་དཔོན་ཡང་བཞེད་དོ། ཞེས་གསུངས་པའི་ཕྱིར། དེར་མ་ཟད་བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་ལྟར་སྣང་དེ་འབྲས་མཚུངས་ལྟག་ཆོད་ཀྱི་ཡིན་དོན་ཡིན་པའི་ཕྱིར་ཏེ། རིག་རྒྱན་ལས། མཚན་ཉིད་དང་། དབྱེ་བ་དང་། མཚོན་བྱའི་སྒྲ་བཤད་པའོ། །དང་པོ་ནི། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ། ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་ལྟར་སྣང་། ཞེས་གསུངས་པའི་ཕྱིར། འདི་ལ་ཀུན་མཁྱེན་རྣམ་འགྲེལ་ལས། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པར་བྱེད་པའི་སུན་འབྱིན་ལྟར་སྣང་དེ་འབྲས་མཚུངས་ལྟག་ཆོད་ཀྱི་མཚན་ཉིད་ཟེར་ན། འོ་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་ཁྱད་པར་གང་ཡང་རུང་བ་ལ་བརྟགས་ནས་སུན་འབྱིན་པའི་ལྟག་ཆོད་ཡིན་ན་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་དགོས་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཁས། འདོད་ན། རྩོལ་བྱུང་གི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་རྟགས་འདི་སྒྲུབ་བྱེད་དང་ཕྲད་ནས་སྒྲུབ་པར་བྱེད་དམ་མ་འཕྲད་པར་སྒྲུབ་ཅེས་འཕྲད་མ་འཕྲད་གཉིས་ཀ་བསྒྲུབ་བྱ་སྒྲུབ་ནུས་མེད་པར་རྩོད་པའི་སུན་འབྱིན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཞེས་སོགས་རིགས་པ་མང་པོ་བཏང་ཡོད།

      གསུམ་པ་དེས་གྲུབ་པའི་དོན་ལ།  ངོ་བོ་དང་།   ཁྱད་པར་གཉིས་ལས།   ངོ་བོ་གཙོ་བའི་དཔེ་ནི།   གཏན་ཚིགས་ལ་ངོ་བོ་དང་ཁྱད་པར་གཉིས་ལས་ངོ་བོ་སྟེ།

       རྩ་བ།

       དངོས་པོའི་ངོ་བོ་མ་གྲུབ་ན།།

       ཚུལ་འདི་གྲུབ་ན་མ་གྲུབ་ཀྱང་།། 

       ཁྱད་པར་གནོད་བྱེད་མ་ཡིན་ཏེ།། 

       སྒྲ་ཡི་ནམ་མཁའ་ལ་བརྟེན་བཞིན།། 

      ཞེས་པས་ངོ་བོ་དང་ཁྱད་པར་གཉིས་ལས་ངོ་བོ་གཙོ་པའི་དཔེ་ནི་། རྟགས་ཀྱི་དངོས་པོའི་ངོ་བོ་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པ་ཡིན་ན། མ་གྲུབ་པའི་ཚུལ་འདི་འཐད་ཀྱི། དེ་གྲུབ་ན། ཁྱད་པར་ཆོས་ཅན་ལ་མ་གྲུབ་ཀྱང་གནོད་བྱེད་མ་ཡིན་པའི་ཕྱིར། དཔེར་ན། བྱས་པའི་ངོ་བོ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་ན། ཁྱད་པར་ནམ་མཁའི་ཡོན་ཏན་དང་དོན་གཅིག་ལ་འདུ་བའི་བྱས་པ་སྒྲ་ཡི་སྟེང་དུ་མ་གྲུབ་ཀྱང་གནོད་བྱེད་མ་ཡིན་པ་བཞིན། མིང་དང་དོན་གཉིས་ལས་དོན་གཙོ་པའི་དཔེ་ནི། རྩ་བ། སྒྲ་མ་གྲུབ་ཀྱང་དངོས་པོ་ནི།།གྲུབ་ན་གྲུབ་པར་འགྱུར་ཏེ་དཔེར།།འུག་པ་པ་ལ་སངས་རྒྱས་པས།།ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན།།ཞེས་གསུངས་པ་ལྟར་བྱས་པ་ཆོས་ཅན། སྒྲ་དེ་ཁྱོད་བརྗོད་པའི་སྒྲའི་བརྗོད་བྱར་མ་གྲུབ་ཀྱང་། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པར་འགྱུར་ཏེ། དངོས་པོ་ཁྱོད་ཤེས་འདོད་ཆོས་ཅན་སྒྲ་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་གྲུབ་པའི་ཕྱིར། དཔེར་ན། འུག་པ་པ་ལ་སངས་རྒྱས་པས་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཅེས་པ་སྒྲུབ་བྱེད་དུ་བཤད་པ་བཞིན།  ཐར་ལམ་གསལ་བྱེད་ལས་རྟག་པའི་ཆེན་པོ་མ་ཡིན་པའི་ཚད་གཞན་རྣམས་ལ་ལུས་ཅན་གྱི་སྒྲ་འཇུག་པར་འདོད་ལ་ཞེས་གསུངས་པ་ལ་ཡི་གེ་ནོར་བ་ཡིན་ཏེ།རྟག་པའི་ཆུང་ངུ་མ་ཡིན་པའི་ཟེར་མཁན་ཡོད་ཀྱང་། རྟག་པའི་ཆུང་ངུ་ལ་རྡུལ་ཕྲན་ཡིད་ལ་ཟླུམ་པོར་སྣང་པའི་མཚན་ཉིད་ཅན་གྱི་ཡོན་ཏན་འཇོག་དགོས་ལ། དེ་ལྟར་ན་རྡུལ་ཕྲན་ལ་ལུས་ཅན་ཞེས་པའི་སྒྲ་དངོས་མིང་དུ་འཇུག་དགོས་ལ། རྡུལ་ཕྲན་ཆོས་ཅན། ཁྱོད་ལ་ལུས་ཅན་ཞེས་པའི་སྒྲ་དངོས་མིང་དུ་མི་འཇུག་པར་ཐལ། སྐབས་འདིར་བྱེ་བྲག་པའི་བློ་ངོར་གཞུར་བཞག་གང་ཞིག བྱེ་བྲག་པས་རྡུལ་ཕྲན་ལ་ལུས་ཅན་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པར་མི་འདོད་པའི་ཕྱིར། དེར་ཐལ། རྡུལ་ཕྲན་དེ་ལུས་ཅན་ལ་ཡོད་པར་མ་གྲུབ་ཀྱང་དེའི་དོན་རེག་བྱ་ཅན་ལ་ཡོད་པར་ཚད་མས་ངེས་པའི་ཕྱིར། དེར་ཐལ། མིང་དང་དོན་གཉིས་ལས་དོན་གཙོ་པའི་དཔེ་ཡིན་པའི་རྒྱུ་མཚན་གྱིས་ཤེས་པའི་ཕྱིར། དེར་མ་ཟད་ཊཱིཀ་ཆེན་དང་མི་མཐུན་པ་ཡོད་ཏེ། དེ་ཉིད་ལས། དེ་ཡང་བྱེ་བྲག་པ་དང་སངས་རྒྱས་པ་གཉིས་ཀྱིས་ལུས་ཅན་གྱི་སྒྲ་དེ་ཉིད་གང་ལ་འཇུག་པ་མཐུན་སྣང་དུ་མ་གྲུབ་སྟེ། འདི་ལྟར་བྱེ་བྲག་པ་ནི་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཀྱི་ཚད་ཁོ་ན་ལ་ལུས་ཅན་གྱི་སྒྲ་འཇུག་པར་འདོད་ལ། སངས་རྒྱས་པས་རེག་བྱ་ཅན་ལ་ལུས་ཅན་གྱི་སྒྲ་འཇུག་པར་འདོད་པའི་ཕྱིར། འདིས་ཇི་ལྟར་འགྲུབ་ཅེ་ན། ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཁོ་ལ་འཇུག་ཞེས་པས་ཐམས་ཅད་དུ་སོང་པའི་རྫས་ལ་འཇུག་པ་བཅད་པ་ཡིན་ཏེ། ཐམས་ཅད་དུ་སོང་པའི་རྫས་ནི་རྟག་པའི་ཆེན་པོ་ལ་འཇོག་དགོས་པ་གང་ཞིག  རྟག་པའི་ཆེན་པོ་ལ་ལུས་ཅན་ཞེས་པའི་སྒྲ་མི་འཇུག་པའི་ཕྱིར་ཏེ། གོང་གིས་ཐར་ལམ་གསལ་བྱེད་ཀྱིས་ལུང་དོན་དེས་འགྲུབ་པའི་ཕྱིར།འདི་ལྟར་དཔྱད་ན་སྲས་ཀྱི་ཐུ་བོ་གཉིས་ཀྱི་དགོང་པ་གཅིག་དུ་འགྲོ་འདུག་སྙམ། 

       ཊཱིཀ་ཆེན་ལེའུ་གསུམ་པ་ལས། གཞན་ཡང་རྫས་དགུ་ལས་ནམ་མཁའ་སོགས་ལྔ་ནི། ཐམས་ཅད་དུ་སོང་བའི་རྫས་ཞེས་བྱའོ།།ས་སོགས་བཞི་ནི། ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཞེས་བྱའོ། །དེ་ཡང་རྡུལ་ཕྲན་རེ་རེ་བ་དག་རྟག་པ་ཡིན་པའི་རྒྱུ་མཚན་ནི། རྡུལ་ཡིན་པ་གཞིར་བཞག་ལ། རྒྱུ་ཡོད་ན་རྩོམ་བྱེད་ཡོད་དགོས་པ་ལ་རྡུལ་ཕྲན་རེ་རེ་བ་དག་ལ་ནི་རྩོམ་བྱེད་མེད་དེ།གཞན་དུ་ནི་ཡན་ལག་ཅན་དུ་འགྱུར་རོ། །དེས་ན་རྒྱུ་མེད་པའི་ཕྱིར་རྟག་པ་ཡིན་ནོ། །ཡན་ལག་ཅན་དང་པོ་ཡན་ཆད་ནི་རྩོམ་བྱེད་ཀྱིས་བརྩམས་པས་རྒྱུ་དང་བཅས་པའི་ཕྱིར་མི་རྟག་པའོ། ཞེས་སྨྲའོ། །ཐར་ལམ་གསལ་བྱེད་ལས་ཡིད་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་སུ་བཞག་ལ། ཊཱིཀ་ཆེན་ལེའུ་གསུམ་པ་ལས་ཐམས་ཅད་དུ་སོང་པའི་རྫས་སུ་བཞག་པ་དང་ཊཱིཀ་ཆེན་ལེའུ་གཉིས་པའི་སྐབས་སུ་ཡང་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་སུ་བཞག་པ་སོགས་ཚིག་ཟིན་མི་མཐུན་པ་ཅུང་ཟད་ཡོད། 

      གོང་གིས་རྣམ་བཤད་ཀྱི་བཤད་པ་ཡིག་ནོར་མིན་ན། ལུས་ཅན་ཞེས་པའི་སྒྲ་དངོས་སུ་འཇུག་པའི་གཞི་ཡིན་ན་རྟག་པའི་ཆེན་པོ་མ་ཡིན་པའི་ཚད་ཡིན་པའི་ཁྱབ་ཟེར་དགོས།   དེ་ལྟར་ན་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། དེར་ཐལ།དེའི་ཕྱིར། མ་གྲུབ་ན།དེར་ཐལ། ལུས་ཅན་ཞེས་པའི་སྒྲ་དངོས་སུ་འཇུག་པའི་ཕྱིར། དེར་ཐལ།ལུས་ཅན་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པའི་ཕྱིར་ཏེ།ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་སུ་འགྲོ་རྒྱུ་དེ་ཡིན་དགོས་པའི་ཕྱིར། སོགས་འཕེན་དགོས། 

 

      གཉིས་པ་ཚོལ་བའི་ཚུལ་ནི།

      རྩ་བར།

          དེ་ཕྱིར་དེ་ཡི་བསྒྲུབ་བྱ་རུ།། 

          གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི།།

          འདི་ཡིས་སྲིན་བུའི་གྲངས་མཁྱེན་པ།།

          ངེད་ལ་འགའ་ཡང་ཉེར་འཁོ་མེད།།

ཐར་ལམ་གསལ་བྱེད་ལས། འདི་ནི་རྟོག་ལྡན་གྱིས་བཤེས་གཉེན་ཚོལ་བའི་ཚུལ་ཡིན་ལ། དེ་ལ་ནི།ཐོག་མ་ཉིད་ནས་དོན་རགས་པ་ཚད་མས་ཤེས་ཤིང་ཅུང་ཟད་ཕྲ་བའི་ཡོན་ཏན་ཡོད་པ་ཡིད་དཔྱོད་ཀྱིས་ཀྱང་ཤེས་པར་འགྱུར་ཞིང་།གཞན་ལ་དྲིས་པ་དང་།གྲགས་པ་སོགས་ལས་ཀྱང་ཕྱོགས་ཙམ་རྟོགས་པར་འགྱུར་རོ། །

     འདིའི་སྐབས་སུ་རྗེ་བཙུན་པའི་དབུ་མའི་སྤྱི་དོན་ལས་ཐེག་པ་ཆེན་པོ་དང་པོར་རིགས་ངེས་པའི་བྱང་སེམས་ཀྱི་རིགས་ཅན་དབང་རྟུལ་ལ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་རྗེས་ལྟ་བ་ལ་བློ་སྦྱངས་པ་དང་། དང་པོ་སྟོང་ཉིད་རྟོགས་པའི་ལྟ་བ་རང་རྒྱུད་ལ་སྐྱེས་ནས་དེ་རྗེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་དེ། ཡང་དག་ཤེས་ཚོལ་སྔོན་བཏང་དེ་།།དོན་དམ་རྣམ་པ་ངེས་གྱུར་བ། ཞེས་གསུངས་པའི་ཕྱིར།

    ཡང་ཊཱིཀ་ཆེན་ལས།དེ་ཡང་ཊིཀ་བྱེད་པ་དག་གིས་ལེའུ་འདི་ཉིད་ཀྱི་གཞུང་གི་ཐོག་མར་ལུགས་འབྱུང་དང་།   ལུགས་ལོག་གི་བསྡུས་དོན་གཉིས་རྣམ་པར་འགོད་པ་ནི། གཞུང་གི་མཚམས་འབྱེད་པའི་རྟོགས་པ་ཅུང་ཟད་ཀྱང་རྒྱུད་ལ་མ་སྐྱེས་པར་ཟད་དེ། ལུགས་འབྱུང་ནི། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། ཞེས་པ་ནས་མགོ་རྩོམ་པ་ཡིན་གྱི། དེ་ཡན་ཆད་ལུགས་འབྱུང་ལུགས་ལྡོག་གཉིས་ཀའི་གཞི་ཡིན་པའི་ཕྱིར་རོ། །ཡང་ཐལ་ལམ་གསལ་བྱེད་ལས། ཚད་མ་སླུ་མེད་ཅན་ཤེས་བ་ཞེས་པ་ནས་ཚུར་ཤོག་བྱ་རྒོད་བརྟེན་པར་གྱིས་ཞེས་པར་ལུགས་འབྱུང་དུ་བཞག་པ་དང་ཊཱིཀ་ཆེན་ལས་དེ་གཉིས་ཀའི་གཞི་ཡིན་པར་བཞག་པ་དང་གཞུང་གི་མཚམས་འབྱེད་པའི་རྟོགས་པ་ཅུང་ཟད་ཀྱང་རྒྱུད་ལ་མ་སྐྱེས་པ་དེ་རྒྱལ་ཚབ་རིན་པོ་ཆེ་མིན་ན་སུ་ཞིག་འཇོག་དཔྱད་དགོས།

སྨྲས་པ།

ཐར་བའི་ལམ་དང་ཐམས་ཅད་མཁྱེན་པ་སྐྱོན་མེད་རིགས་པས་བསྒྲུབ་པ་ལ།།

དེ་ཡི་གོལ་ས་མི་རྟག་ལྟ་དང་གྲུབ་མཐའི་ཁྱད་པར་འབྱེད་པ་གཅེས།།

དེའི་ཕྱིར་དབང་ཕྱུག་འཇིག་རྟེན་བྱེད་པོ་ཡིན་པ་འདི་ཡང་གང་གིས་འགྲུབ།།

འདི་དག་ཚད་མར་བསྒྲུབ་བྱེད་རིག་པའི་ལམ་ཡང་ཐར་བའི་རྒྱུར་འགྲོ་ངེས།།

     བོད་ཁམས་ན་ཆེས་ཚད་གཞི་ལྡན་པའི་མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་གི་ཁོངས་གཏོགས་དགོན་ཁག་ལྔ་བཅུ་ལྷག་གི་དགེ་འདུན་འདུས་ཚོགས་སུ་འཆད་རྩོད་བྲིས་གསུམ་གྱིས་རྣམ་འགྲེལ་རབ་འབྱམས་པའི་རྒྱུགས་སྤྲོད་སྐབས་ཀྱི་ཟིན་བྲིས། ཞེས་པ་འདི་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེ་གླིང་གི་སྐྱོར་མིང་བ་ཀླུ་སྒྲུབ་ཆོས་འཕེལ་གྱིས་བྲིས།   


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14902489
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号