རྗེ་བླ་མས་ཟབ་མོ་དབུ་མའི་ལྟ་བ་ལ་ཐོས་བསམ་མཛད་ཚུལ་སྐོར་གྱི་དཔྱད་པ་ཕྲན་བུ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 15 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། » རྗེ་བླ་མས་ཟབ་མོ་དབུ་མའི་ལྟ་བ་ལ་ཐོས་བསམ་མཛད་ཚུལ་སྐོར་གྱི་དཔྱ
རྗེ་བླ་མས་ཟབ་མོ་དབུ་མའི་ལྟ་བ་ལ་ཐོས་བསམ་མཛད་ཚུལ་སྐོར་གྱི་དཔྱད་པ་ཕྲན་བུ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/8/13ལྟ་ཀློག (788)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 རྗེ་བླ་མས་ཟབ་མོ་དབུ་མའི་ལྟ་བ་ལ་ཐོས་བསམ་མཛད་ཚུལ་སྐོར་གྱི་དཔྱད་པ་ཕྲན་བུ།

               རང་གི་སྤྱི་གཙུག་པད་ཟླའི་སྟེང་བཞུགས་པའི། །
               དམར་སེར་འོད་འབར་རལ་གྲི་འཕྱར་བ་དང་། །
               དབྱེར་མེད་གཅིག་གྱུར་ཀུན་མཁྱེན་ཙོང་ཁ་པས། །

               རྨོངས་པའི་འཁྲི་ཤིང་གཅོད་པའི་བྱིན་རླབས་ཕོབས། །

     དེ་ལ་འདིར་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བརྒྱད་པའི་སྐབས་ཀྱི་བརྗོད་གཞི་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རྟོགས་བརྗོད་འདུན་ལེགས་མ་ལས་བརྩམས་པའི་དྲི་བ་དག་ལས་དྲི་བ་བཅུ་པའི་ཐད་བདག་ལ་དཔྱད་རྩོམ་འབྲི་དགོས་པའི་བཀའ་གསུང་ཕེབས་དོན་ལྟར་རགས་ཙམ་གླེང་ན།

བརྗོད་གཞིའི་དྲི་བ་དགོད་པ་དང་། དེའི་ལན་འཆད་པ་གཉིས་ལས།

     དང་པོ་ནི། དྲི་བ་བཅུ་པར། རྟོགས་བརྗོད་ལས། མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང་། །ཞེས་པ་ནས། ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །ཞེས་གསུངས་པ་བཞིན་རྗེ་ཐམས་ཅད་མཁྱེན་པས་ཟབ་མོ་དབུ་མའི་གཞུང་ལ་ཐོས་བསམ་མཛད་པའི་ཚུལ་ལས་བརྩམས་ཏེ་དཔྱད་པ་གནང་རྒྱུ་ཞེས་པའི་བར་ལགས་ལ།

       གཉིས་པ་ལན་འཆད་པ་ནི། བློ་ལྡན་གྱི་མཁས་པའི་ཚོགས་སུ་འགྲེམ་པར་འོས་པའི་གཏམ་སྙན་ཁོ་བོ་ལ་མེད་ཀྱང་། གཅིག་ཏུ་འདབ་གཤོག་དང་པོར་རྒྱས་པའི་བྱ་འཕུར་བར་རྩོམ་པ་དང་འདྲ་བར་རང་ཉིད་མཁས་པའི་བྱ་བར་གོམས་པའི་ཆེད་དང་། གཉིས་སུ་རྣམ་ཐར་ཁྱད་པར་ཅན་འདི་ལ་བག་ཆགས་འཇོག་པའི་ཕྱིར་དུ་རྗེ་བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་སྐལ་ཐོབ་ཀྱི་དྲིས་ལན་ཉུང་ཟད་ཙམ་འབྲི་བར་བྱའོ། །
       དེ་ལ་སྤྱིར་རྟོགས་བརྗོད་དང་། རྣམ་ཐར། ལོ་རྒྱུས། སྐྱེས་རབས། བྱུང་བ་བརྗོད་པ་སོགས་མང་དུ་ཡོད་པའི་ནང་ནས་རྣམ་ཐར་ཞེས་པ་འདི་ལ་སྐབས་སྟོབས་ཀྱིས་གོ་བ་རེ་བླངས་ན།

རྣམ་ཐར་དང་ལོ་རྒྱུས་གཉིས་ལ་མུ་བཞི་ལྟ་བུར་སྣང་སྟེ། རྣམ་ཐར་ཆེན་མོ་ལས་བྱུང་བ་ལྟར་བླ་མ་དེ་དང་དེའི་འཁོར་མང་ཉུང་དང་འབུལ་བ་ཆེ་ཆུང་གཙོ་བོར་བཤད་པའི་གཞུང་དེ་རྣམས་ལོ་རྒྱུས་ཙམ་མ་གཏོགས་རྣམ་ཐར་དངོས་མིན་ལ། རྟོགས་བརྗོད་འདི་ནི་དེ་དང་མི་འདྲ་བར་རྣམ་ཐར་དང་ལོ་རྒྱུས་གཉིས་ཀ་ཡིན་ནོ། །

      རྟོགས་བརྗོད་འདུན་ལེགས་མ་ཞེས་པའི་དོན་ནི། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་རང་གི་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་ཚུལ་བཞིན་དུ་བྱས་པ་ལ་བརྟེན་ནས་རང་རྒྱུད་ལ་རྟོགས་པ་འཁྲུངས་པའི་བྱུང་བ་བརྗོད་པ་ཞིག་ཡིན་པས་ན་རྟོགས་བརྗོད་དང་། འདུན་ལེགས་མ་ཞེས་པ་ནི། མི་ཚེ་གཅིག་ལ་དང་པོར་ཐོས་པ་བཙལ། བར་དུ་གཞུང་ལུགས་རྣམས་གདམས་པར་ཤར། ཐ་མར་ཉམས་སུ་བླངས་པ་སོགས་ཀྱི་རླབས་ཆེན་གྱི་བྱ་བ་ལ་རང་ཉིད་ཐུགས་ཡིད་ཚིམ་པའི་སྣང་བ་བྱུང་བས་ན་མཚན་འདོགས་དེ་ལྟར་གནང་བར་འདྲ་སྟེ། རྩ་བར།

ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ། །
བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །
ཞེས་སྐུ་ཚེ་འདི་ལ་རླབས་ཆེན་གྱི་བྱ་བ་འདི་འདྲ་ཞིག་འགྲུབ་པས་ན་མི་ཚེའི་འདུན་མའམ་འདུན་ལམ་ལེགས་ནས་གདའ་ཞེས་པ་དང་། དེ་ཡང་རང་སྟོབས་ཀྱིས་མིན་པར་བླ་མ་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ཡིན་པས་བཀའ་དྲིན་བརྗོད་དེ་མཚན་ནས་བོས་པ་ཡིན་ནོ། །
      འདུན་ལེགས་མ་ཞེས་པ་ལ། འས་འཕུལ་ཅན་དང་མས་འཕུལ་ཅན་འབྲི་ཚུལ་གཉིས་སུ་སྣང་ཡང་དོན་ལ་ཁྱད་པར་ཅི་ཡང་མེད་དེ་སླའོ། །
དེས་ན་རྟོགས་བརྗོད་འདི་ལ་རྩ་བའི་ས་བཅད་ཀྱི་དབང་དུ་བྱས་ན། མཆོད་བརྗོད་དང་། དགོས་དོན། གཞུང་དོན་དངོས་བཤད་པ། མཇུག་བསྡུ་བ་བཅས་ས་བཅད་བཞིའི་ནང་དུ་མ་འདུ་བ་མེད་པས་སྐབས་བབས་ཀྱི་དྲི་བ།
མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང་། །ཟབ་དོན་ཉམས་སུ་ལེན་དང་སྨྲ་བ་ན། །

གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི། །ལྟ་བའི་ཚུལ་ལས་རིང་དུ་མ་སོང་བར། །

མཐོང་ནས་ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི། །ཟབ་མོ་འབྱེད་པའི་ཕྲ་བའི་རིགས་ལམ་ནས། །
ཡང་དག་ལྟ་བ་འདྲེན་པའི་གནད་ཀུན་ལ། །ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །
ཞེས་པ་འདི་ནི་ས་བཅད་གསུམ་པ་གཞུང་དོན་དངོས་བཤད་པའི་ཐད་དུའོ། །

       དེའི་དོན་ནི་སྐྱེ་བོ་གཞན་ཕྱོགས་པ་འགའ་ཞིག་གིས་མདོ་སྔགས་ཀྱི་གཞུང་ལ་ངལ་བ་མང་དུ་བྱས་ཡོད་ཟེར་ན་ཡང་། ཟབ་དོན་དབུ་མའི་དཀའ་གནད་ལ་ཐུག་པ་ན་ཉམས་སུ་ལེན་པའི་ཚེ་ཐོས་པ་མི་དགོས་ཟེར་བ་དང་། སེམས་ཁ་དོག་དང་དབྱིབས་སུ་མ་གྲུབ་པ་བསྒོམས་པ་ཙམ་གྱིས་ལྟ་བ་སྒོམ་པར་འདོད་པ་སོགས་མདོར་ན་གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི་ངང་ཚུལ་འཛིན་པ་མང་དུ་སྣང་བས། དེ་རྣམས་དབུ་མའི་ལྟ་བའི་ཚུལ་ལས་རིང་དུ་མ་སོང་བ་སྟེ་རྒྱང་རིང་དུ་སོང་བའི་ཚུལ་འདི། རྗེ་ཙོང་ཁ་པ་བདག་རང་ཉིད་ཀྱིས་མཐོང་ནས། ལྷག་པར་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་རིགས་ཚོགས་སོགས་ནས་འབྱུང་བ་ལྟར་གྱི་ཞིབ་ཅིང་ཕྲ་བའི་རིགས་ལམ་གྱི་སྟེང་ནས་ཡང་དག་པའི་ལྟ་བ་འདྲེན་པའི་གནད་ཀུན་ལ་ཞིབ་ཏུ་ལེགས་པར་སྦྱངས་ནས་ཐེ་ཚོམ་ཆོད་པར་བྱས་པ་ཡིན་ཞེས་པའི་དོན་ནོ། །

      ཡང་ན། མཐོང་ནས། ཞེས་པ་ནི། རྗེ་ཙོང་ཁ་པ་ཁོང་ཕེབས་དུས་མཁས་པར་རློམ་པ་མང་ཡང་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་ལྟ་བུར་འཆད་ཉན་ལྟ་ཞོག ལུང་རྒྱུན་ཙམ་ཡང་དཀོན་པའི་ཚོད་དུ་མཐོང་ནས་ཞེས་སྦྱར་དུ་ཡང་རུང་ངོ་། །

     དབུ་མའི་གཞུང་ལ་ཐོས་བསམ་མཛད་པའི་ཚུལ་ནི་དགུང་ལོ་ཉི་ཤུ་ཡས་མས་ཀྱི་སྟེང་དུ་རྗེ་བཙུན་རེད་མདའ་བའི་དྲུང་ནས་དབུ་མ་འཇུག་པ་གསན་པ་ནས་བཟུང་སྟེ་དབུ་མ་པའི་གཞུང་ལ་ཐོས་བསམ་མཛད་པའི་མགོ་བརྩམས་པ་ཡིན།

       སྐབས་འདིར་དཔྱད་པར་བྱ་བ་འདི་ཡོད་དེ། རྩ་བར། ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །ཞེས་པ་འདིས་རྗེ་བླ་མ་རང་གིས་དབུ་མའི་གཞུང་ལ་ལྟ་བའི་དཔྱད་པ་རྫོགས་ཚུལ་བསྟན་པ་ཡིན་ནམ་མིན་ཞེ་ན། ཡིན་ཏེ། དབུ་མའི་ལྟ་བ་ལ་ཐེ་ཚོམ་ཆོད་ཚུལ་ལས་ལོགས་སུ་དེ་ལ་དཔྱད་པ་རྫོགས་ཚུལ་ཞིག་མེད་པས་སོ། །

     དེ་ཡང་རྣམ་ཐར་རིན་པོ་ཆེའི་སྙེ་མར། མན་ངག་རྣམ་དག་གིས་ལྡེ་མིག་བྱས་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ལ་དཔྱད་པ་རྫོགས་ཚད་ནི་ལུང་རིགས་ཀྱི་ལམ་ནས་དྲངས་པའི་ངེས་པ་རྙེད་ནས། བློས་དོན་དེར་ཐག་བཅད་ཀྱང་གཏིང་ནས་མི་བདེ་བའི་རྣམ་པ་མེད་པ་ཞིག་འོང་། དེ་དུས་དོན་དེ་ལ་དཔྱད་པ་རྫོགས་པ་ཡིན། ཞེས་པའི་གཞུང་འདིས་གྲུབ་བོ། །
དེས་ན། དགུང་ལོ་ཞེ་གཅིག་སྟེང་དབུ་མའི་ལྟ་བ་ལ་དཔྱད་པ་རྫོགས་ནས་རྟེན་འབྲེལ་བསྟོད་པ་དང་ལམ་གཙོ་རྣམ་གསུམ་ལྗགས་རྩོམ་མཛད་པ་ཡིན་ཏེ། ལམ་གཙོ་ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །ཞེས་སོགས་ཀྱི་སྐབས་སུ་ལྟ་བའི་དཔྱད་པ་རྫོགས་པ་ལ་སྣང་སྟོང་གཅིག་གྲོགས་གཅིག་ཏུ་འགྲོ་དགོས་པ་ཕུ་ཐག་བཅད་འདུག་པས་སོ། །
གལ་སྲིད་དེ་དུས་དཔྱད་པ་རྫོགས་མེད་ན། དེ་ལྟར་ཐག་གཅོད་མཛད་མི་རིགས་ཏེ། དད་པའི་མཇུག་ངོགས་སུ། གསུང་རབ་ལ་ལྟ་དུས་བདེ་སང་བ་ཞིག་ལ་ཡིད་བརྟན་བཅའ་མི་རུང་། རིགས་ལམ་ཕྲ་མོས་དཔྱད་དུས་ཕལ་ཆེ་ཞིག་འགྲོ། རིགས་ལམ་ཕྲ་མོ་ཞིག་གིས་དཔྱད་མཐའ་མ་རྫོགས་བར་དུ་ཁ་ཚོན་བཅད་མི་རུང་ཞེས་གསུངས་པས་སོ། །

     འོ་ན། ལྟ་བའི་དཔྱད་པ་རྫོགས་ཚུལ་དང་རྫོགས་དུས་དེ་འདྲ་ཡིན་ན། དགུང་ལོ་ང་གཅིག་གི་དུས་སུ། རྩ་ཤེས་ཊཱིཀ་ཆེན་རྩོམ་པའི་ཐུགས་འདུན་བྱུང་བ་ན། རིགས་ལམ་ཕྲ་མོ་ལ་དཔྱད་པ་གནང་དུས་གཞི་ནས་ལྟ་བའི་དཔྱད་པ་རྫོགས་པ་གསུངས་པ་མ་ཡིན་ཞེ་ན། མ་ཡིན་ཏེ། དེ་ནི་རྩ་ཤེས་ཚིག་དོན་ལ་དཔྱད་པ་རྫོགས་ཚུལ་བསྟན་པ་ཡིན་པས་དེ་དང་སྔ་མ་གཉིས་གཏན་མི་འདྲ་བའི་ཕྱིར་རོ། །

     དེས་ན་ལྟ་བའི་དཔྱད་པ་རྫོགས་ཚུལ་དང་། རྩ་ཤེས་ཚིག་དོན་ལ་དཔྱད་པ་རྫོགས་ཚུལ། སྔགས་ཕྱོགས་ལ་དཔྱད་པ་རྫོགས་ཚུལ་རྣམས་ཉ་ཉུང་བསྲེས་ན་མི་ལེགས་སོ། །
     དེ་ལྟར་ཡིན་ཀྱང་། ད་དུང་དང་པོར་ཐོས་པ་བཙལ་བའི་སྐབས་དང་བར་དུ་གཞུང་ལུགས་གདམས་པར་ཤར་བའི་སྐབས་གོ་རིམ་ངེས་ཅན་ཡིན་མིན་དཔྱད་ན་གའུ་ཁ་སྦྱར་དུ་འགྲོ་ཅུང་དཀའ་སྙམ་སྟེ། རྟོགས་བརྗོད་འདི་དང་དད་པའི་འཇུག་ངོགས་ལྟར་ན། རྗེ་ཉིད་དགུང་གྲངས་སོ་དྲུག་མན་ཆད་ཐོས་པ་བཙལ་བའི་སྐབས་དང་། ང་དྲུག་མན་ཆད་གཞུང་ལུགས་གདམས་པར་ཤར་བའི་སྐབས་དང་། དེ་ཡན་ཆད་ཐ་མར་ཉམས་སུ་ལེན་པའི་སྐབས་ལ་སྦྱར་བར་སྣང་ཡང་། རྣམ་ཐར་ཆེན་མོར། དགུང་ལོ་ཉི་ཤུའི་དཀྱིལ་ཙམ་ལ་ཐོས་པ་བཙལ་བའི་སྐབས་དང་། བཞི་བཅུའི་སྟོད་ཙམ་ལ་གཞུང་ལུགས་གདམས་པར་ཤར་བའི་སྐབས་ལ་སྦྱར་བར་སྣང་བས་དཔྱད་གཞིའོ། །

      ཡང་འགའ་རེས། སྔགས་ཕྱོགས་ལ་དཔྱད་པ་རྫོགས་ཚུལ་ཡང་དགུང་ལོ་ང་དྲུག་ནས་ཡིན་པར་གསུངས་པ་དང་། གསང་བའི་རྣམ་ཐར་དུ། དགུང་ལོ་བདུན་ནས་རྗེ་བཙུན་གསང་བདག་དང་། །
ཤིང་རྟ་ཆེན་པོ་དཔལ་ལྡན་མར་མེ་མཛད། །མངོན་སུམ་གཟིགས་ཤིང་རྒྱུན་དུ་རྗེས་བཟུང་བས། །
སྔགས་དང་ཕ་རོལ་ཕྱིན་གཞུང་གདམས་པར་ཤར། །ཞེས་འབྱུང་བ་གཉིས་འགལ་ལོ་ཞེ་ན།
འགལ་བར་མི་སེམས་ཏེ། གཞུང་ལུགས་གདམས་པར་ཤར་ཚུལ་དེ་ངེས་པར་དུ་དཔྱད་པ་རྫོགས་ཚུལ་ཁོ་ན་ལ་བཤད་མི་དགོས་པར་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་གྲོལ་བ་དོན་གཉེར་གྱི་སྐྱེས་བུས་རྣམ་གྲོལ་སྒྲུབ་པའི་ཐབས་སུ་གོ་བ་ཙམ་ལ་ཡང་བཤད་ཆོག་པས་ཅུང་མི་འདྲའོ། །

      ཡང་རྩ་ཤེས་ཊཱིཀ་ཆེན་དང་རིམ་ལྔ་གསལ་སྒྲོན་གཉིས་རིམ་པ་བཞིན་དུ་མདོ་སྔགས་གཉིས་ཀ་ལ་དཔྱད་པ་རྫོགས་ནས་བརྩམས་པ་ཡིན་ན། གཞུང་དེ་དག་གི་ནང་དུ་དོགས་པ་མ་ཆོད་པའི་ཚིག་མང་དུ་འབྱུང་བ་ལ་བལྟས་ན། ད་དུང་ཐེ་ཚོམ་གྱི་རྒྱ་ལས་མ་གྲོལ་བ་ལྟ་བུར་སྣང་བས་དེ་དག་ནིི་ཚུལ་བསྟན་པ་རེད་ཟེར་ན་མ་གཏོགས་ལན་གཞན་ཅི་ཡོད།
ཡང་རྟོགས་བརྗོད་འདིར་དང་པོར་ཐོས་པ་བཙལ་བ་དང་། བར་དུ་གཞུང་ལུགས་གདམས་པར་ཤར་ཚུལ་གསུང་པའི་སྐབས་སུ། དབུ་ཕར་ཚད་གསུམ་དང་རྒྱུད་སྡེ་བཞིའི་གཞུང་རྣམས་ལ་དཔྱད་པར་གནང་ཚུལ་དང་གདམས་པར་ཤར་ཚུལ་འདུན་ལེགས་དང་བཅས་དངོས་སུ་གསུངས་ཡོད་ཀྱང་།
བསྟན་པའི་ནང་མཛོད་འདུལ་བའི་སྡེ་སྣོད་ལ་དཔྱད་པར་གནང་ཚུལ་དང་གདམས་པར་ཤར་ཚུལ་དངོས་སུ་མ་གསུངས་པའི་དོན་གང་ཡིན་ཞེས་དྲིས་ན། རྟོགས་བརྗོད་འདི་ཤིན་ཏུ་གཅེས་པའི་ཡིད་བཞིན་གྱི་ནོར་དུ་འཛིན་པའི་མཁས་དབང་ཚོས་དོགས་སྤོང་གི་གཡའ་སེལ་ཞིག་ཅིས་ཀྱང་གནང་དགོས་པ་འདུག་གོ །

      ཡང་རྟོགས་བརྗོད་འདིར་མདོ་སྔགས་ལ་ཐོས་བསམ་མཛད་ཚུལ་སྔ་གཞུག་ཏུ་བགོས་འདུག་ཀྱང་། རྣམ་ཐར་ཁག་ཏུ་ཐོས་བསམ་དཀྱུས་གཅིག་ཏུ་མཛད་པ་ལྟ་བུར་སྣང་བས་དཔྱད་གཞིར་སྣང་ངོ་། །

      ད་དུང་འདི་རྣམས་ལ་དོགས་པ་དཔྱད་ན་དཔྱད་རྒྱུ་མང་དུ་སྣང་ཡང་ཁོ་བོ་ལ་ནི་དཀའ་གནད་ཀྱི་གོ་དོན་འཁྲོལ་བའི་དོན་ཅི་ཡང་སྟོན་རྒྱུ་མེད་པས་དེ་བས་སྣག་ཤོག་མ་གྲོན་ན་ལེགས་སྙམ་ནས་མཇུག་བསྡུའོ། །

   སྨྲས་པ།

ཁོ་བོའི་རྣམ་དཔྱོད་འབུ་ཆུང་གཤོག་རྩལ་གྱིས། །
ལོ་རྒྱུས་ནམ་མཁའི་ཕ་མཐའ་མི་ཆོད་པར། །
རབ་ཡངས་ནམ་མཁའི་རྒྱ་ཁྱོན་འདི་ཙམ་ཞེས། །
ཁབ་བུག་ལམ་ནས་ཚད་འཇོག་བྱེད་དང་མཚུངས། །

འོན་ཀྱང་ཐོར་རླུང་ཆེན་པོས་དེད་པ་ན། །
ཤོག་བུ་སེམས་མེད་མཁའ་ལ་སྐྱོད་པ་ལྟར། །
བཀའ་ཡི་སྤྲིང་ཡིག་ལག་ཏུ་འབྱོར་བའི་ཚེ། །
སྤོབས་པ་མེད་ཀྱང་ཁྲལ་བཞིན་མི་བརྗོད་ཅི། །

སྤྱིར་ན་ལོ་རྒྱུས་སྦྱངས་པའི་རྟོགས་པ་དམན། །
སྒོས་སུ་རྣམ་ཐར་འདི་ལ་ཉམས་མྱོང་ཞན། །
དེས་ན་འཁྲུལ་བའི་སྙོགས་མ་མང་མཆིས་པས། །
བློ་ལྡན་ཀེ་ཏ་ཀ་ཡིས་དྭངས་པར་མཛོད། །
ཅེས་པ་འདི་ནི་ ༢༠༡༩/ ༠༧/ ༡༠ དགེ་བཤེས་ཉི་མས་རང་ཡུལ་སྟོང་སྐོར་དགོན་དུ་སྦྱར་བའོ། །


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རྨ་བཀྲ་ཤིས། སྤེལ་དུས:2019/8/15
སྐྱབས་སུ་མཆིའོ།།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15326575
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号