མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་མཚན་གྱི་གསང་བར་དཔྱད་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 18 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་མཚན་གྱི་གསང་བར་དཔྱད་པ།
མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་མཚན་གྱི་གསང་བར་དཔྱད་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/8/30ལྟ་ཀློག (680)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་མཚན་གྱི་གསང་བར་དཔྱད་པ།


        @TBNYམགར་རྩེ་ཡི་དམ་ཚེ་རིང་ལགས། 叶旦才让,青海同德人,西北民族大学藏语言文化学院2017级博士研究生,主要研究方向为敦煌古藏文文献。前后《青海社会科学》和《青海民族大学学报》、《攀登》等学术刊物上发表《五世达赖传·意蕴妙音》、《新探啦喇嘛益西袄传》、《国际藏学家乔马山多尔及其藏学研究》、《吐蕃大论噶尔东赞之子赞婆云登吉松秘名考》、《藏族古代噶尔氏族姓的来源探究》、《浅谈安多海南地区的藏族婚俗》等学术论文10余篇。

༄༅།།ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དང་འབྲེལ་མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་མཚན་གྱི་གསང་བར་དཔྱད་པ།  

མགར་རྩེ་ཡི་དམ་ཚེ་རིང་། 

[ནང་དོན་གནད་བསྡུས།དཔྱད་རྩོམ་འདིར་ཏུན་ཧོང་ཡིག་རྙིང་དང་བོད་རྒྱ་ཕྱི་ནང་གི་ཡིག་ཚང་ཁག་ཏུ་བྱུང་བའི་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་རིགས་སྲས་རྣམས་དང་འབྲེལ་ཏེ་ལོ་རྒྱུས་སྨྲ་བ་ཆེན་མོ་ཚལ་པ་ཀུན་དགའ་རྡོ་རྗེ་ཡིས་བརྩམས་པའི་དཔེ་རྙིང་དཀོན་པོཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརདཀྱུས་སུ་བཟུང་ནས་སྔ་རབས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་གྲགས་ཅན་ཁག་ཏུ་འཁོད་པའི་མགར་སྟོང་བཙན་གྱི་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བའི་ཡིག་ཚང་གི་འབྱུང་ཡུལ་ཕྱི་མོ་དང་།མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་ངོས་འཛིན་ཚུལ། མགར་སྟོང་བཙན་ཡུལ་བཟུང་དང་བཙན་པོ་ཡོན་ཏན་རྒྱལ་བཟུང་གཉིས་བར་གྱི་འབྲེལ་བའི་སྐོར་ལ་དབྱེ་ཞིབ་བྱས་ཡོད། 

[ཐ་སྙད་གཅོ་བོ།མགར་སྟོང་བཙན་ཡུལ་བཟུང་། བཙན་པོ་ཡོན་ཏན་རྒྱལ་བཟུང་། བཙན་པོ་དྲེད་པོ། 

ཀྲུང་གོའི་དཔེ་དེབ་དབྱེ་རྟགས། K281.4 

ཡིག་ཚང་མཚོན་བྱང་། A

རྩོམ་གྱི་གོ་རིམ་ཨང་སྒྲིག 2096-5788(2018)04-0017-13  

གླེང་གཞི། 

       མགར་སྟོང་བཙན་ཡུལ་བཟུང་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་སོ་གསུམ་པ་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བྱུང་བའི་བློན་ཆེན་མིང་གྲགས་ཅན་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར། བློན་ཆེན་ཁོང་གི་མཛད་འཕྲིན་དང་བྱས་རྗེས་ནི་ཆོས་འབྱུང་ལོ་རྒྱུས་ཀུན་ཏུ་རླུང་ལྟར་གྲགས་ཤིང་། བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་བློན་ཆེན་ཁོང་དང་འབྲེལ་བའི་གཏམ་རྒྱུད་བདེན་རྫུན་ཅི་རིགས་ཤིག་ཁྱབ་ཡོད་ལ་དམངས་ཁྲོད་དུ་བློན་ཆེན་ཁོང་གི་སྙན་གྲགས་ཧ་ཅང་ཆེ། ཅུང་གྲགས་ཆེ་བའི་ཚལ་པའི་ཁྲི་རབས་དང་། སྤོ་བོ་ཀ༔གནམ་རྒྱལ་རབས། སྡེ་དགེ་རྒྱལ་རབས་སོགས་ཀྱང་བློན་ཆེན་ཁོང་གི་གདུང་རྒྱུད་ལས་མཆེད་པར་བཞེད་ཅིང་།ཆོས་འབྱུང་ལོ་རྒྱུས་གྲགས་ཅན་ཁག་ཏུ་གོང་གསལ་མགར་སྐོར་གྱི་ཚོ་ཆེན་ཤོག་ཁག་དག་གི་རིགས་རུས་འབྱུང་ཁུངས་བརྗོད་སྐབས་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བ་ནས་གདུང་རྒྱུད་རིམ་པར་དྲངས་ཡོད།  མདོར་དྲིལ་ན་བཙན་པོ་ཡོན་ཏན་རྒྱལ་བཟུང་ནི་དེང་སང་མགར་རྒྱུད་དུ་གྲགས་པའི་རུས་རྒྱུད་ཚོ་བ་གྲགས་ཅན་དེ་དག་གི་ཁུངས་གཏུགས་སར་གྱུར་ཡོད།           

       རྒྱའི་ཡིག་ཚང་གྲགས་ཅནཐུང་ཏེནདངཐང་ཡིག་རྙིང་མ》《ཡིག་ཚང་མ་ཧྭ་རུས་སྦལསོགས་ཀྱི་ནང་དུ་མགར་སྟོང་བཙན་གྱི་རིགས་སྲས་རྣམས་ཀྱི་མིང་རེ་རེ་བཞིན་ཐོན་ཡོད་པར་མ་ཟད། ཏུན་ཧོང་ཡིག་རྙིང་ཁྲོད་བློན་ཆེན་མགར་སྟོང་བཙན་གྱི་རིགས་སྲས་རྣམས་ཀྱི་སྲིད་དོན་ལོ་རྒྱུས་ཐོ་རུ་བཀོད་ཡོད་ལ། ཡིག་ཚང་དེ་དག་གི་ཁྲོད་དུ་མགར་སྟོང་བཙན་གྱི་སྲས་སུ་མཚན་ལ་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བའི་མིང་ཞིག་བྱུང་མེད་པ་གསལ་མོད། བོད་རང་གི་མཁས་པས་བརྩམས་པའི་ཆོས་འབྱུང་ལོ་རྒྱུས་དང་དེབ་ཐེར་གྲགས་ཅན་འགའི་ནང་དུ་མགར་སྟོང་བཙན་ལ་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་ཟེར་བ་ཞིག་འཁྲུངས་བར་བརྗོད་པར་མ་ཟད། བཙན་པོ་ཡོན་ཏན་རྒྱལ་བཟུང་གི་གདུང་རྒྱུད་ལས་རིམ་པར་ཚལ་པའི་ཁྲི་དཔོན་དང་སྡེ་དགེ་རྒྱལ་རབས་སོགས་བྱུང་ཚུལ་བརྗོད་པས། མགར་སྐོར་ལོ་རྒྱུས་ཉམས་ཞིབ་གནང་མཁན་གྱི་དཔྱོད་ལྡན་མང་པོ་ཞིག་ཕལ་ཆེར་འགོ་འཐོམས་སུ་བཅུག་པ་ཡིན་ཤས་ཆེ།  དེ་བས་དཔྱད་རྩོམ་འདི་བརྒྱུད་དེ་ལོ་རྒྱུས་ཡིག་ཚང་ཁྲོད་ཡུན་རིང་གབ་པར་ལུས་པའི་མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་མཚན་གྱི་དོགས་གནད་མཐའ་དག་ཡོངས་སུ་སེལ་བར་བྱས་ཡོད།   

དང་པོ།  མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་དང་འབྲེལ་བའི་ཡིག་ཚང་གི་སྐོར། 

       དེ་སྔ་མགར་གྱི་ལོ་རྒྱུས་ཐད་ཉམས་ཞིབ་གནང་མཁན་ཕལ་མོ་ཆེས་མགར་སྟོང་བཙན་གྱི་རིགས་སྲས་སྐོར་ལ་ཞིབ་འཇུག་བྱེད་སྐབས་རྒྱའི་ཡིག་ཚང་དུ་འཁོད་པའི་མགར་བུ་སོ་སོའི་མཚན་གྱི་རྣམ་གྲངས་དང་། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་མགར་བུ་རྣམས་ཀྱི་སྲིད་དོན་ལོ་རྒྱུས་དམིགས་སུ་བཟུང་སྟེ་བརྗོད་པ་ལས། བོད་རང་གི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་བྱུང་བའི་མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་ཆེར་བྱེད་ཀྱི་མེད་ལ།   བཙན་པོ་ཡོན་ཏན་རྒྱལ་བཟུང་ནི་ལོ་རྒྱུས་སྟེང་དངོས་བྱུང་གི་མགར་བུ་ཞིག་ཡིན་ནམ་ཕྱིས་འབྱུང་མཁས་པས་རྟོག་བཟོ་བྱས་པ་ཞིག་གམ།   ཡང་ན་མགར་སྟོང་བཙན་གྱི་རིགས་སྲས་ཤིག་གི་མཚན་གྱི་རྣམ་གྲངས་གཞན་ཞིག་ཡིན་པའི་ཐད་ལ་དོགས་སློང་གང་ཡང་མ་མཛད་པས།  མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁྲོད་ཡུན་རིང་གབ་པར་ལུས་པའི་གསང་བ་འབའ་ཞིག་ཏུ་གྱུར་འདུག གསང་བ་འདིའི་བང་རིམ་རེ་རེ་བརྟོལ་དགོས་ན་ཐོག་མར་མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བའི་ཡིག་ཚང་གི་འབྱུང་ཡུལ་ཕྱི་མོ་གང་ཡིན་པ་རྩད་གཅོད་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བས།  འོག་ཏུ་ཅུང་གྲགས་ཆེ་བའི་ཆོས་འབྱུང་ལོ་རྒྱུས་དང་། རྒྱལ་རབས་དེབ་ཐེར་ཁག་ཏུ་འཁོད་པའི་མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་གནས་ཚུལ་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན།

     རྒྱལ་རབས་སོགས་བོད་ཀྱི་ཡིག་ཚང་གསལ་བའི་མེ་ལོངདུ། ཚལ་པའི་ཁྲི་དཔོན་སངས་རྒྱས་དངོས་གྲུབ་ཀྱི་རིགས་རུས་གདུང་ཁུངས་སྐོར་བརྗོད་སྐབས།དཔོན་སངས་རྒྱས་དངོས་གྲུབ་འདི། གདོང་རུས་མགར་དང་པོ་ལྷ་ཡུལ་གནམ་གྱི་མཐོངས་ནས། མི་ཡུལ་དུ་བབས་པ། འགར་ཚེ་ནམ་དང་ཚེ་འབྲུག དེ་ནས་འགར་བླ་མཁྱེན་ཆེན་ནོ།  དེ་ནས་འགར་སྟོང་མེས་ཁྲི་ཆགས། དེའི་སྲས་འགར་སྟོང་བཙན་ཡུལ་བཟུངས་ཀྱིས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའི་བློན་མཛད།……དེའི་སྲས་བཙན་པོ་ཡོན་ཏན་རྒྱལ་བཟུངས་ཀྱིས། རྒྱལ་པོ་ཧུ་ཟེན་ཐེན་གྱི་བློན་པོ་མཛད།……དེའི་སྲས་འགར་རྒྱལ་བའི་འབྱུང་གནས་ཀྱིས་ཞང་རིན་པོ་ཆེའི་ཡོན་བདག་མཛད།དབང་དང་གདམ་ངག་ཞུས་ནས་གསོལ་བ་བཏབ་པས། ཁོང་གི་ཇོ་མོ་ལ་སྲས་གཅིག་ལུས་ལ་ཞུགས་པ་དང་།③དེའི་སྨོན་ལམ་གྱི་མཐུ་ལ་བརྟེན་ནས་ཚལ་པའི་དཔོན་སངས་རྒྱས་དངོས་གྲུབ་འཁྲུངས་པར་བརྗོད།

       རྒྱལ་དབང་ལྔ་བའིདེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངསསུ།  མགར་སྟོང་བཙན་ཡུལ་བཟུང་གིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་མཛད།  ལུགས་གཉིས་ཀྱི་མཛད་པས་རྗེའི་ཞབས་ཏོག་དང་བོད་འབངས་ལ་བཀའ་དྲིན་ཆེ།དེའི་སྲས་བཙན་པོ་ཡོན་ཏན་རྒྱལ་བཟུང་།དེ་ནས་རིམ་བཞིན་……རྒྱལ་ལེ། མགར་རྒྱལ་བ་འབྱུང་གནས། འདི་དང་ཞང་རིན་པོ་ཆེ་མཆོད་ཡོན་དུ་གྱུར་ཏེ། སྲས་ཕུན་སུམ་ཚོགས་པ་འབྱུང་བའི་ལུང་བསྟན་དང་མཐུན་པར་དཔོན་སངས་རྒྱས་དངོས་གྲུབ་འཁྲུངས་པ་དཔོན་དུ་བསྐོས④ཞེས་གོང་ས་ལྔ་བ་ཆེན་མོས་ཚལ་པ་བཀའ་རྒྱུད་ཀྱི་ཆོས་བརྒྱུད་བྱུང་འཕེལ་བརྗོད་སྐབས་ཚལ་པའི་དཔོན་སངས་རྒྱས་དངོས་གྲུབ་ཀྱི་རིགས་རུས་ནི་མགར་དང་། བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་མགར་སྟོང་བཙན་གྱི་སྲས་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བ་ལས་གདུང་རྒྱུད་རིམ་པར་བྱོན་ཏེ་ཚལ་པའི་ཁྲི་དཔོན་སངས་རྒྱས་དངོས་གྲུབ་འཁྲུངས་པར་བརྗོད་ཡོད།  རྒྱ་བཟའི་དགེ་བཤེས་འཇམ་དབྱངས་གྲགས་པས་མཛད་པའི་ཡུལ་མདོ་སྨད་ཕྱོགས་ཀྱི་རུས་མཛོད་གྲགས་ཅནརེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལལས། བློན་པོ་མགར་སྟོང་བཙན་ཡུལ་བཟུང་གི་སྲས་ཡོན་ཏན་རྒྱལ་བཟུང་།  དེའི་སྲས་ཆུང་བ་ལྷ་གཅིག་སྙན་ལྡོམ་བུ།   དེའི་སྲས་གསུམ་པ་ཁྲི་ཟངས་དུམ་བུ། དེའི་སྲས་ཆེ་བ་ཁྲི་གཉེར་ཁྲི་ལྕགས།⑤ཞེས་ཡིག་ཚང་དེར་མདོ་སྨད་རེབ་གོང་ཡུལ་གྱི་མགར་རྩེ་ཚོ་བའི་རིགས་རུས་མཆེད་ཁུངས་སྐོར་བརྗོད་སྐབས།  མགར་སྟོང་བཙན་ལ་བུ་ཡོན་ཏན་རྒྱལ་བཟུང་བྱ་བ་ཞིག་འཁྲུངས་པ་དང་དེའི་གདུང་རྒྱུད་རིམ་བྱོན་ལས་རེབ་གོང་མགར་སྐོར་གྱེས་ཚུལ་གླེང་ཡོད།  

       གོང་འཁོད་ཀྱི་ཆོས་འབྱུང་ལོ་རྒྱུས་དེ་དག་ནི་མགར་སྟོང་བཙན་ལ་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བ་ཞིག་འཁྲུངས་པར་བརྗོད་པའི་ཡིག་ཚང་ཅུང་སྔ་ཤོས་དག་ཡིན། དེ་སྔ་མགར་སྟོང་བཙན་གྱི་གདུང་རྒྱུད་ལ་ཞིབ་འཇུག་བྱེད་མཁན་ཕལ་མོ་ཆེས་མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་གནས་ཚུལ་བརྗོད་སྐབས་གོང་གསལ་གྱི་ཆོས་འབྱུང་དེ་དག་ལུང་རིགས་ཀྱི་རྒྱབ་རྟེན་དུ་བཅོལ་ནས་དཔྱད་ཞིབ་བགྱིས་མོད།    མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བའི་མིང་འདི་ཐོག་མར་འབྱུང་སའི་ཡིག་ཚང་ནི་གོང་འཁོད་དེ་དག་ཀུན་གྱི་གཅིག་ཀྱང་མ་ཡིན་པ་སུས་ཀྱང་གསལ་བོར་རྟོགས་ཀྱི་མེད།  དུས་ཕྱིས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན1697-1774གྱིས་མཛད་པའིབསྟན་འགྱུར་དཀར་ཆགདང་། བསྟན་འོད་གསལ་བསྟན་པའི་ཉི་མས་བརྩམས་པར་གྲགས་པའིརྙིང་མའི་ཆོས་འབྱུང། རབ་བྱུང་བཅུ་བཞི་པའི་ས་བྱི་སྟེ་སྤྱི་ལོ1828ལོར་སྡེ་དགེ་ས་སྐྱོང་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས་བརྩམས་པའིསྡེ་དགེ་རྒྱལ་རབསགཞན་ཡང་།  སྤྱི་ལོ1873ལོར་གུ་རུ་བཀྲ་ཤིས་ཀྱིས་བརྩམས་པའིགུ་བཀྲའི་ཆོས་འབྱུངསོགས་ཆོས་འབྱུང་ལོ་རྒྱུས་དང་རྒྱལ་རབས་དེབ་ཐེར་མང་པོ་ཞིག་གི་ནང་སྡེ་དགེ་ས་སྐྱོང་རིམ་བྱོན་གྱི་རིགས་རུས་གདུང་ཁུངས་སྐོར་བརྗོད་སྐབས་ཀྱང་། མགར་སྟོང་བཙན་གྱི་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་ལས་མཆེད་པའི་གདུང་རབས་ཞིབ་རྒྱས་སུ་གླེང་མོད། རྩ་བ་གཅིག་གི་ཡལ་ག་ལས་གྱེས་པའི་གདུང་རྒྱུད་ཡིན་སྟབས་སྔ་མ་དག་ནི་ཕྱི་མ་དག་གི་ལུང་འདྲེན་དུ་གྱུར་བས་འདིར་རེ་རེ་བཞིན་བརྗོད་པའི་དགོས་པ་མ་མཆིས་པས་དེ་ཙམ་གྱིས་འཐུས་པར་བྱའོ། །

        དེས་ན་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་མིང་འབྱུང་སའི་ཡིག་ཚང་ཕྱི་མོ་གང་རེད་ཅེ་ན།  སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མགོར་སྐུ་འཁྲུངས་པའི་ལོ་རྒྱུས་སྨྲ་བ་ཆེན་མོ་ཚལ་པ་ཀུན་དགའ་རྡོ་རྗེ་མཆོག་གིས་མཛད་པའི་ཁོང་གི་ཡབ་དྲུང་ཆེན་སྨོན་ལམ་རྡོ་རྗེའི་རྣམ་ཐརདཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་འཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརབྱ་བ་འདི་ཡིན།  རྣམ་ཐར་དེའི་ནང་དུ།   ཚལ་པས་ཁོང་གི་ཡབ་དྲུང་ཆེན་སྨོན་ལམ་རྡོ་རྗེའི་རིགས་རུས་མཆེད་ཁུངས་སྐོར་བརྗོད་སྐབས་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་གདུང་རྒྱུད་དངོས་ལས་མཆེད་པར་ཁུངས་གཏུགས་ནས། རིགས་སྲས་རྣམས་ཀྱི་མིང་འདྲེན་སྐབས་མགར་བུ་གཉིས་པའི་མཚན་ལ་བཙན་པོ་ཡོན་ཏན་རྒྱལ་བཟུང⑥ཞེས་བཏགས་པ་ནས་བཟུང་། ཆོས་འབྱུང་ལོ་རྒྱུས་ཁག་ཏུ་ཚལ་པ་བཀའ་རྒྱུད་ཀྱི་ཆོས་བརྒྱུད་བྱུང་འཕེལ་དང་ཁྱད་པར་དུ་ཚལ་པའི་དཔོན་སངས་རྒྱས་དངོས་གྲུབ་ཀྱི་རིགས་རུས་གདུང་ཁུངས་འཆད་སྐབས།  མགར་སྟོང་བཙན་གྱི་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་ནས་ཚལ་པའི་དཔོན་སངས་རྒྱས་དངོས་གྲུབ་ཀྱི་བར་ཏུ་གདུང་རྒྱུད་རིམ་པར་དྲངས་ཏེ་ཡིག་ཚང་ཀུན་གྱི་ལུང་འདྲེན་དུ་གྱུར་བ་དཔྱོད་ལྡན་ཀུན་གྱི་སྤྱན་སྔར་ཕུལ་བ་ཡིན། 

        ཚལ་པས་མགར་བུ་འདི་ལ་བཙན་པོ་ཡོན་ཏན་རྒྱལ་བཟུང་ཞེས་བཏགས་པའི་ཤེས་བྱེད་གལ་ཆེན་ཞིག་ནི་ལོ་རྒྱུས་སྨྲ་བ་ཆེན་མོ་ཁོང་ནས་རྒྱལ་རབསདེབ་ཐེར་དམར་པོལྗགས་རྩོམ་གནང་སྐབས་མགར་བུ་འདིར་བཙན་པོ་ཞེས་བརྗོད་པ་དང་། ཕྱིས་སུ་ཁོང་གི་ཡབ་དྲུང་ཆེན་སྨོན་ལམ་རྡོ་རྗེའི་རྣམ་ཐར་མཛད་སྐབས་བཙན་པོ་ཡོན་ཏན་རྒྱལ་བཟུང་ཞེས་བཏགས་ཡོད།  དེབ་དམར་ནང་བརྗོད་པའི་མགར་བུ་བཙན་པོ་དང་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་ནང་གི་བཙན་པོ་ཡོན་ཏན་རྒྱལ་བཟུང་གཉིས་ནི་མགར་བུ་གཅིག་གི་མིང་ཐ་དད་དུ་བརྗོད་པའི་རྒྱུ་མཚན་ནི་རབ་བྱེད་གཉིས་པའི་ནང་ཞིབ་ཏུ་གླེང་པར་བྱའོ། །

གཉིས་པ།དེབ་དམརནང་དྲངས་པའི་མགར་བུ་བཙན་པོ་དངཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརནང་འཁོད་པའི་བཙན་པོ་ཡོན་ཏན་རྒྱལ་བཟུང་གཉིས་ནི་མིང་གཅིག་ཡིན་ཚུལ་སྐོར།

        ཚལ་པའིདེབ་དམརནང་མགར་སྟོང་བཙན་ལ་དམིགས་བསལ་བུ་ག་ཚོད་ཡོད་མེད་གསལ་བོར་བགྲངས་མེད་ཀྱང་།   འདུས་སྲོང་མང་པོ་རྗེ་གཞོན་དུས་སུ་ནང་གི་བྱ་བ་ཆེ་བ་ཐམས་ཅད་མགར་གྱི་བུ་ཆེ་བས་བྱེད།  ཕྱིའི་བྱ་བ་རྣམས་བུ་ཆུང་བ་དང་ཚ་བོས་བྱེད་པས། ཁོང་ལ་ཀུན་སྐྲག  རྒྱལ་པོ་དབང་ཆུང་བ་ལ།  ཕྱིས་རྒྱལ་པོ་ནར་ལོངས་དུས་མགར་གྱི་བུ་རྣམས་དམག་ཐོག་ཏུ་ཡོད་པ་ལ་རྒྱལ་པོས་དམག་ཁྲིད་ཕྱིན་པས།  ཕུ་བོ་ལི་ཁྱིམ་ལྕེབས་ཏེ་ཤི།  ནུ་བོ་བཙན་པོས་ཁོང་རང་གི་ཚ་བོ་མང་པོ་རྗེ་དམག་དང་བཅས་པ་རྒྱའི་རྒྱལ་པོ་ངོ་ལྟར་ཕྱིན།⑦ཞེས་འདུས་སྲོང་མང་པོ་རྗེའི་སྐབས་ཀྱི་སྲིད་དོན་ལོ་རྒྱུས་སྐོར་བརྗོད་སྐབས། རྒྱའི་ལོ་ཙཱ་བ་ཧུའུ་ཅིང་ཙུའུ་ཡིས་བསྒྱུར་བའི་ཐང་ཡིག་གསར་མའི་འགྱུར་ཡིག་ནང་ལྟར“钦陵”ལ་ལི་ཁྱིམ་དང“赞婆”ལ་བཙན་པོ་ཞེས་མགར་བུ་གཉིས་ཀྱི་མིང་དྲངས་ཡོད།⑧

         ཕྱིས་སུ་ཁོང་གི་ཡབ་དྲུང་ཆེན་སྨོན་ལམ་རྡོ་རྗེའི་རྣམ་ཐར་ལྗགས་རྩོམ་གནང་སྐབས།བློན་ཆེན་མགར་སྟོང་བཙན་གྱི་སྲས་ཆེ་བ་ཁི་ལིམ།   གཉིས་པ་བཙན་པོ་ཡོན་ཏན་རྒྱལ་གཟུངས།⑨ ཞེས་སྲས་གཉིས་པ་བཙན་པོའི་མིང་གི་གཞུག་ཏུ་ཡོན་ཏན་རྒྱལ་བཟུང་ཞེས་པའི་མིང་གི་ཕྱེད་ཕྱི་མ་ཞིག་སྦྱར་བ་མ་གཏོགས།དོན་གྱིས་རྒྱའི་ཡིག་ཚང་དུ་བྱུང་བའི་མགར་སྟོང་བཙན་གྱི་བུ“赞婆”བཙན་པོ་བྱ་བ་འདིའི་མིང་ཐ་དད་དུ་བརྗོད་པ་ནི་དེབ་དམར་རང་ན་གསལ།    དེབ་དམརནང་དྲངས་བའི་མགར་སྟོང་བཙན་གྱི་བུ་བཙན་པོ་དང་།  ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་ནང་འཁོད་པའི་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བ་གཉིས་ནི་མགར་བུ་གཅིག་གི་མིང་ཐ་དད་དུ་བརྗོད་པའི་ཤེས་བྱེད་གལ་ཆེན་གཞན་ཞིག་ནི།   དེབ་དམརནང་དུ།  ཕུ་བོ་ལི་ཁྱིམ་ལྕེབས་ཏེ་ཤི། ནུ་བོ་བཙན་པོས་ཁོང་རང་གི་ཚ་བོ་མང་པོ་རྗེ་དམག་དང་བཅས་པ་རྒྱའི་རྒྱལ་པོ་ལ་ངོ་ལྟར་ཕྱིན། རྒྱལ་མོས་བཙན་པོ་ལ། ཀྱུའི་དེ་ཁྱུན་དབང་ཞེས་པའི་མིང་བྱིན་ནས་བློན་པོར་བསྐོས།⑩ཞེས་འདུས་སྲོང་མང་པོ་རྗེས་མགར་ལ་བཀྱོན་ཕབ་རྗེས། མགར་བུ་གཉིས་པ་ཁྲི་འབྲིང་བཙན་བྲོད་ཀྱིས་བཙན་པོར་གཡུལ་ངོ་མ་བསླངས་པར་རང་སྲོག་བཅད་པ་དང་། མགར་བུ་བཙན་པོས་གཅེན་པོའི་བུ་མང་པོ་རྗེ་སྟག་རྩན་ཁྲིད་ནས་ཐང་ལ་ངོ་ལྟར་བྱིན་ཏེ།   རྒྱའི་རྒྱལ་མོ་ཝུའུ་ཙི་ཐེན་གྱིས་བཙན་པོ་ལ་ཀྱུའི་དེ་ཁྱུན་དབང(归德郡王)ཞེས་པའི་ཆོ་ལོ་བསྩལ་བའི་སྐོར་དེབ་དམར་ནང་གསལ་བོར་དྲངས་ཡོད་པར་མ་ཟད། ཚུལ་འདི་ལས་ལོ་རྒྱུས་སྨྲ་བ་ཆེན་མོ་ཁོང་ནས་དེབ་དམར་ལྗགས་རྩོམ་གནང་སྐབས་ཐང་ལ་སྐྱབས་བཅོལ་ཏུ་སོང་བའི་མགར་བུ་བཙན་པོའི་མིང་གི་གཞུག་ཏུ་ཡོན་ཏན་རྒྱལ་བཟུང་ཞེས་པའི་མིང་གི་ཕྱེད་ཕྱི་མ་དེ་སྦྱར་མེད་པའང་གསལ་བོར་རྟོགས་ཐུབ།

        ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརནང་དུ། སྲས་ཆེ་བ་ཁི་ལིམ།   གཉིས་པ་བཙན་པོ་ཡོན་ཏན་རྒྱལ་གཟུངས།  ……འོག་ཏུ་ཡོན་ཏན་རྒྱལ་གཟུངས་ལ། རྒྱའི་རྒྱལ་མོ་འུ་ཛི་ཐེན་གྱིས་ཀྱུའི་དེ་ཁྱུན་དབང་ཞེས་པའི་མིང་བྱིན་[11]ཞེས་ཐང་ལ་སྐྱབས་བཅོལ་དུ་ཕྱིན་པའི་མགར་བུ་བཙན་པོའི་མཚན་གྱི་གཞུག་ཏུ་ཡོན་ཏན་རྒྱལ་བཟུང་ཞེས་པའི་མིང་གི་ཕྱེད་ཕྱི་མ་ཞིག་སྦྱར་ཏེ། དེར་རྒྱའི་རྒྱལ་མོ་ཝུའུ་ཙི་ཐེན་གྱིས་ཀྱུའི་དེ་ཁྱུན་དབང་གི་ཆོ་ལོ་བསྩལ་བའི་སྒྲ་དོན་གཅིག་མཚུངས་སུ་བརྗོད་པ་འདིའི་ཐོག་ནས་དེབ་དམར་ནང་དྲངས་པའི་མགར་བུ་བཙན་པོ་དང་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་ནང་དྲངས་བའི་བཙན་པོ་ཡོན་ཏན་རྒྱལ་བཟུང་གཉིས་ནི་མགར་བུ་གཅིག་གི་མིང་ཐ་དད་དུ་བརྗོད་པའི་ངེས་ཤེས་གསལ་བོ་རྙེད་ཐུབ།   དེ་ལྟར་ལོ་རྒྱུས་སྨྲ་བ་ཆེན་མོ་ཁོང་ནས་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་ནང་དུ།  ཐང་ཡིག་གསར་མའི་འགྱུར་ཡིག་ལས་བྱུང་བའི་མགར་སྟོང་བཙན་གྱི་བུ་བཙན་པོའི་མཚན་གྱི་གཞུག་ཏུ་ཡོན་ཏན་རྒྱལ་བཟུང་ཞེས་པའི་མིང་གི་ཕྱེད་ཕྱི་མ་ཞིག་སྦྱར་པ་ནས་བཟུང་།  རྒྱལ་རབས་སོགས་བོད་ཀྱི་ཡིག་ཚང་གསལ་བའི་མེ་ལོངདང་།དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》《རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ》《རྙིང་མའི་ཆོས་འབྱུང་གླེགས་བམ》 《སྡེ་དགེ་རྒྱལ་རབསསོགས་ཆོས་འབྱུང་ལོ་རྒྱུས་དང་།དེབ་ཐེར་གྲགས་ཅན་དག་གི་ཁུངས་གཏུགས་སའི་ས་བོན་ཉག་ཅིག་ཏུ་གྱུར་ཞིང་། དེ་ལྟར་མི་ལོ་དྲུག་བརྒྱ་ལྷག་གི་རིང་ལ་མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་ཞེས་པའི་མི་སྣ་འདིའི་གསང་བ་སུས་ཀྱང་བརྟོལ་མ་ནུས་པར་ཡིག་ཚང་ཁྲོད་ཡུན་རིང་གབ་པར་ལུས།    

གསུམ་པ། རྒྱའི་ཡིག་ཚང་དུ་འཁོད་པའི་མགར་བུ་གསུམ་པ“赞婆”ནི་མགར་སྟོང་བཙན་གྱི་བུ་བཙན་པོ་དྲེད་པོ་ཡིན་ཚུལ།

        ལོ་རྒྱུས་སྨྲ་བ་ཆེན་མོ་ཁོང་ནས་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་ལྗགས་རྩོམ་གནང་སྐབས། རྒྱའི་ཡིག་ཚང་དུ་བྱུང་བའི་མགར་སྟོང་བཙན་གྱི་བུ“赞婆”བྱ་བ་ངོས་འཛིན་ཡང་དག་བྱེད་མ་ཐུབ་པར་མིང་གི་ཕྱེད་ཕྱི་མ་ཡོན་ཏན་རྒྱལ་བཟུང་བྱ་བ་ཞིག་རྟོག་བཟོ་བྱས་པ་ནས་བཟུང་མགར་སྟོང་བཙན་ལ་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་ཟེར་བ་ཞིག་འཁྲུངས་བའི་བཤད་ཡམས་དངོས་སུ་ཚུགས། འོ་ན་རྒྱའི་ཡིག་ཚང་དུ་འཁོད་པའི་མགར་སྟོང་བཙན་གྱི་བུ“赞婆”བྱ་བ་འདི་མགར་བུ་སུ་རེད་ཅེ་ན།    སྔོན་ལ་མགར་སྟོང་བཙན་ལ་རིགས་སྲས་ཅི་ཙམ་ཡོད་པའི་སྐོར་ལ་རྒྱུས་མངའ་གསལ་བོ་ཞིག་ཆགས་དགོས།ཅུང་བློ་ཕམ་ཆེ་སྐྱེ་དགོས་ས་ཞིག་ནི་བོད་རང་གི་མཁས་པས་བརྩམས་པའི་ཆོས་འབྱུང་ལོ་རྒྱུས་དང་། ཡིག་ཚང་ཁག་ཏུ་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་རིགས་སྲས་རྣམས་ཀྱི་སྲིད་དོན་ལོ་རྒྱུས་ཞིབ་ཆར་བཀོད་པའི་གནས་ཚུལ་མཐོང་རྒྱུ་མེད་ལ།  ཐ་ན་བློན་ཆེན་ཁོང་ལ་རིགས་སྲས་ཅི་ཙམ་མངའ་བའི་སྐོར་ཀྱི་དེབ་ཐེར་ཞིག་ཀྱང་མཇལ་དུ་མེད་ཕྱིར།       བློན་ཆེན་ཁོང་ལ་རིགས་སྲས་ཅི་ཙམ་ཡོད་པའི་སྐོར་གྱི་ལོ་རྒྱུས་ཡང་དག་ཅིག་འཚོལ་དགོས་ན་སྤུན་ཟླ་མི་རིགས་གཞན་གྱི་ལོ་རྒྱུས་ཡིག་ཚང་དང་འབྲལ་ཐབས་མེད།མགར་སྟོང་བཙན་ཡུལ་བཟུང་ལ་རིགས་སྲས་ཅི་ཙམ་མངའ་བའི་ཐད་རིགས་སྲས་བཞི་འམ་ལྔ་རུ་འཛིན་པའི་ལྟ་ཚུལ་གྲགས་ཆེ་བ་གཉིས་ཡོད།  རྒྱའི་ཡིག་ཚངཐང་ཡིག་གསར་མདངསྲིད་སྐྱོང་མེ་ལོངགཉིས་ཀྱི་ནང་དུ་མགར་སྟོང་བཙན་ལ་བུ་བཞི་བགྲངས་བའི་གྲས་སུ་མགར་བུ་ཆེ་བ་བཙན་སྙ་ལྡོམ་བུའི་མིང་ཐོན་མེད་པ་དང་།ཐང་ཡིག་རྙིང་མསོགས་ཡིག་ཚང་གྲགས་ཅན་གཞན་དག་གི་ནང་དུ་རིགས་སྲས་ལྔ་འཁྲུངས་པར་བརྗོད་པས། ལུགས་ཕྱི་མ་འདིར་ཡིད་རྟོན་འཕེར་བའི་ལུང་ཁུངས་མང་དུ་མཆིས་པའི་རང་ལུགས་ཀྱང་ལྟ་ཚུལ་ཕྱི་མའི་རྗེས་སུ་འབྲངས་ཡོད།ཐང་རྒྱལ་རབས་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ཏུའུ་ཡོའུ(杜佑735-812ལགས་ཀྱིས།   ཀྲེན་ཡོན་ཁྲི་ལོ་བཅུ་བདུན་པ་སྟེ་སྤྱི་ལོ801ལོར་ཡོངས་སུ་བརྩམས་གྲུབ་ཀྱི་ལོ་རྒྱུས་གྲགས་ཅནཐུང་ཏེནཞེས་པའི་བམ་པོ་བརྒྱ་དང་དགུ་བ།  མཐའ་སྲུང་སྐབས་དྲུག་པ་ཐུ་བྷོད་ཀྱི་ལོ་རྒྱུས་ནང་དུ།   “东赞有力焉。有子五人。及东赞死,钦陵兄弟复专其国。”[12]མགར་སྟོང་བཙན་ལ་བུ་ལྔ་ཡོད་པར་བརྗོད་པ་དང་། ཁའེ་ཡུན་ཁྲི་ལོ་དྲུག་པ་སྟེ་སྤྱི་ལོ941ལོར་བརྩམས་གྲུབ་ཀྱིཐང་ཡིག་རྙིང་མའི།  གླེགས་བམ་བརྒྱ་དང་གོ་དྲུག་པའི་སྟོད་ཆ། གླེགས་ཐོ་ཨང་བརྒྱ་དང་ཞེ་དྲུག་པའི་སྟོད་ཆ་ཐུ་བྷོད་ཀྱི་སྟོད་ཆའི་ནང་དུ། “禄东赞有子五人:长曰赞悉若,早死;次钦陵,次赞婆,次悉多干,次勃论。”[13]མགར་སྟོང་བཙན་ལ་བུ་ལྔ་ཡོད་པར་བརྗོད། སྤྱི་ལོ1013ལོར་བརྩམས་གྲུབ་ཀྱི་རྒྱའི་ཡིག་ཚངམ་ཧྭ་རུས་སྦལགྱི་ནང་དུ།  མགར་སྟོང་བཙན་ལ་བུ་ལྔ་འཁྲུངས་པར[14]བརྗོད་པ་བཅས།   གོང་འཁོད་ཀྱི་ཡིག་ཚང་དེ་དག་ནི་བརྩམས་དུས་ཧ་ཅང་སྔ་བ་ཙམ་དུ་མ་ཟད་སྤུན་ཟླ་མི་རིགས་གཞན་གྱི་ལོ་རྒྱུས་ཡིག་ཚང་དུ་བྱུང་བའི་མགར་སྟོང་བཙན་ལ་རིགས་སྲས་ཅི་ཙམ་འཁྲུངས་བའི་སྐོར་གྱི་གནས་ཚུལ་ཡིན། བོད་རང་གི་མཁས་པ་སུས་ཀྱང་བཟོ་བཅོས་དང་འཕྲི་སྣོན་བྱུང་མེད་པས་རིན་ཐང་ཤིན་ཏུ་ཆེ་བའི་དཔྱད་གཞིའི་གྲས་སུ་གཏོགས།   ཡིག་ཚང་འདི་དག་གུང་བསྒྲིགས་ནས་བལྟས་ན་མགར་སྟོང་བཙན་ལ་བུ་ལྔ་ཡོད་པ་ཟླ་ངོགས་ཀྱི་གྲིབ་གཟུགས་བཞིན་གསལ།

       1. རྒྱའི་ཡིག་ཚངཐང་ཡིག་རྙིང་མདངམ་ཧ་རུས་སྦལསོགས་ཀྱི་ནང་དུ་འཁོད་པའི་མགར་གྱི་བུ་ཆེ་བ“赞悉若”ནི་དཔལ་དོན་གྲུབ་རྒྱལ་དང་ཁྲེན་ཆིང་ཡིང་རྣམ་གཉིས་ཀྱིཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགསནང་མགར་བུ་ཆེ་བ་བཙན་གཉའ་ལ་ངོས་བཟུང་།   མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་དེབ་ཐེར་དམར་པོའི་མཆན་འགྲེལ་དུ་མགར་བུ་ཆེ་བ་བཙན་སྙ་ལྡོམ་བུར་ངོས་བཟུང་ཡོད། “赞”ནི་བཙན་དང་།  “悉”ནི་ས་མགོ་ཡི་སྒྲ། “若”ནི་སྙ་ཡི་མིང་གཞིའི་སྒྲ་ཐོན་ཡོད་པ་བཅས་ཀྱི་སྟེང་མགར་བུ་ཆེ་བ་བཙན་སྙ་ལྡོམ་བུ་ཡིན་པ་ཤེས་ཐུབ་ཅིང་། ཏུན་ཧོང་ཡིག་རྙིང་ཤོག་དྲིལP.T.1287གྱི་ཐིག་ཕྲེང103ནས106བར་གྱི་བློན་རབས་ཐོར་བུའི་མིང་བཀོད་པའི་ནང་དུ།[15] བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་འདས་པའི་འོག་ཏུ་མགར་གྱི་བུ་ཆེ་བ་བཙན་སྙ་ལྡོམ་བུ་བློན་ཆེན་པོའི་གོ་སར་བསྩལ་ཡོད།

       2. རྒྱའི་ཡིག་ཚང་དུ་བྱུང་བའི་མགར་བུ་གཉིས་པ“钦陵”ནི་ཚལ་པའིདེབ་དམརནང་རྒྱའི་ལོ་ཙཱ་བ་ཧུའུ་ཅིང་ཙུའུ་ཡིས་བསྒྱུར་བའི་ཐང་ཡིག་གསར་མའི་འགྱུར་ཡིག་ནང་ལྟར་ལི་ཁྱིམ་ཞེས་དྲངས་མོད།ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརནང་ཁི་ལིམ་ཞེས་བྲིས་ཡོད་པར་གཞིགས་ན། སྔོན་མ་དེབ་དམར་དུ་ལི་ཁྱིམ་ཞེས་བྲིས་ཡོད་པ་དེ་མ་ཡིག་ཕབ་བཤུ་མཁན་གྱིས་འགོ་རྔ་བརྗེས་པའམ་ལོ་ཙཱ་བའི་འགྱུར་སྐྱོན་བྱུང་བ་ཡིན་པར་སེམས་ནས་རྣམ་ཐར་ནང་བསྐྱར་དུ་བཅོས་པར་སྙམ།  མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་དེབ་ཐེར་དམར་པོའི་མཆན་འགྲེལ་དུ་ཁྲི་འབྲིང་ལ་ངོས་བཟུང་། “钦陵”ནི་ཁྲི་འབྲིང་གི་སྒྲ་གདངས་མཚོན་བྱེད་ཡིན་ཞིང་། ཐང་ཡིག་རྙིང་མདངསྲིད་སྐྱོང་མེ་ལོངསོགས་ཀྱི་ནང་དུ་མང་སྲོང་མང་བཙན་སྐུ་འདས་རྗེས་སྲས་ཁྲི་འདུས་སྲོང་དགུང་ལོ་བརྒྱད་ཀྱི་སྟེང་རྒྱལ་སར་འཁོད་པ་དང་།རྒྱལ་ཁབ་ཀྱི་སྲིད་དོན་མཐའ་དག་མགར་བུ་ཁྲི་འབྲིང་བཙན་བྲོད་ཀྱིས་བསྐྱངས་པའི་གནས་ཚུལ་བཀོད་ཡོད་པ་དང་།ཏུན་ཧོང་ཡིག་རྙིང་ཤོག་དྲིལ་I.O.750ཐིག་ཕྲེང་39ནས40བར་དུ། 685ལོ་སྟེ། བྱ་གགྀ་ལོ་ལབབ་སྟེ།……ཤངསགྱྀ་སུམ་ཆུ་བོར།   བློན་ཆེན་ཕོ་བཙན་སྙགུམ།   བང་མོབང་ཀར་དུབློན་ཁྲྀ་འབྲྀང་བཙན་བྲོད་བློན།  ཆེན་ཕོར་བཚུག  ཅེས་འདུས་སྲོང་མང་པོ་རྗེ་དགུང་ལོ་བཅུ་ཡི་སྟེང་མགར་བུ་ཆེ་བ་བཙན་སྙ་ལྡོམ་བུ་སྐུ་གྲོངས་པ་དང་།  མགར་ཁྲི་འབྲིང་བཙན་བྲོད་བློན་ཆེན་པོའི་གོ་སར་བཅུག་ནས་རྒྱལ་སྲིད་བསྐྱངས་པའི་སྲིད་དོན་ལོ་རྒྱུས་དག་ཕན་ཚུན་ཞིབ་བསྡུར་བྱས་ཚེ“钦陵”ནི་ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་མགར་བུ་གཉིས་པ་ཁྲི་འབྲིང་བཙན་བྲོད་ཡིན་པ་གསལ་བོར་ཤེས་ཐུབ།

      3. རྒྱའི་ཡིག་ཚང་དུ་བྱུང་བའི་མགར་གྱི་བུ་གསུམ་པ“赞婆”ནི་ཚལ་པའིདེབ་དམརནང་དུ་རྒྱའི་ལོ་ཙཱ་བ་ཧུའུ་ཅིང་ཙུའུ་ཡིས་བསྒྱུར་བའི་ཐང་ཡིག་གསར་མའི་འགྱུར་ཡིག་ནང་ལྟར་བཙན་པོ་ཞེས་དྲངས་པ་དང་། ཕྱིས་སུ་ཁོང་གི་ཡབཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརནང་དུ་བཙན་པོ་ཡོན་ཏན་རྒྱལ་བཟུང་ཞེས་བཏགས་པ་དེ་ཡིན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་ཁྲི་འབྲིང་བཙན་བྲོད་ནི་མགར་བུ་གཉིས་ཀྱི་མིང་ཡིན་པའི་ལྟ་ཚུལ་བཏོན་པ་དང་། དཔལ་དོན་གྲུབ་རྒྱལ་དང་ཁྲེན་ཆིང་ཡིང་རྣམ་གཉིས་ཀྱིས་བཙན་བྲོད་དུ་ངོས་བཟུང་མོད། མགར་ཁྲི་འབྲིང་བཙན་བྲོད་ནི་གང་ཟག་གཅིག་ཡིན་པ་ལས་སོ་སོར་དགར་མི་རུང་སྟེ། ཏུན་ཧོང་ཡིག་རྙིང་དུ། སྤྱི་ལོ་695ལོར། མགར་ཁྲི་འབྲིང་བཙན་བྲོད་དང་རྒྱའི་བློན་པོ་ཝང་ཞའོ་ཅེ་གཉིས་ཀྱིས་སྟག་ལ་རྒྱ་དུར་དུ་གཡུལ་འགྱེད་སྐབས་ཤགས་བགྱིས་པའི་ཚིག ཏུན་ཧོང་ཡིག་རྙིང་ཤོག་དྲིལP.T.1287གྱི་ཐིག་ཕྲེང་495ནས501མཚམས་སུ།བོད་ཀྱི་བློན་པོ། མགར་ཁྲི་འ༹བྲྀང་བཙན་བྲོད་དང་།། རྒྱ་འྀ༹་བློན་པོ་འྭོང་ཀེར་ཞང་ཤེ་གཉིས།། ཁ་དོར་གྱིས་བརྒྱའ༹་བ་འྀ༹་ཚིག།།…… མགར་ཁྲྀ་འ༹བྲིང་གྀས་ལན་བཏབ་པའ༹།ཞེས་པ་ལས་ཀྱང་ཁྲི་འབྲིང་བཙན་བྲོད་ནི་མགར་བུ་གཅིག་གི་མིང་ཡིན་པ་གསལ་བོར་ཤེས་ཐུབ།   དེ་བས་རྒྱའི་ཡིག་ཚང་དུ་བྱུང་བའི་མགར་བུ་བཙན་པོ“赞婆”ནི་ཁྲི་འབྲིང་བཙན་བྲོད་མ་ཡིན་པའི་མགར་བུ་གཞན་ཞིག་གི་མིང་སྟེ།  ཡར་ལུང་ཇོ་བོའི་ཆོས་འབྱུངདུ། བཙན་པོ་མང་སྲོང་མང་བཙན་གྱི་མདད་བཏང་བའི་ཕྱི་ལོ་སྟེ། སྤྱི་ལོ680ལོར། དེའི་ཕྱི་ལོར་འགར་གྱི་བུ་གཉིས་པ་བཙན་པོ་དང་། ཐུ་ལུ་ཧིན་གྱི་བློན་པོ་བྲོས་པོ་གཉིས་ཀྱིས་དམག་ཁྲི་ཚོ་གསུམ་ཁྲིད་ཡོང་ནས་རྨ་ཆུའི་འཁྲིས་ལ་ཡོད་པའི་མཁར་དམིག་དང་། མི་སྡེ་རྒྱག་ཏུ་ཡོང་བ་ལས། ཀྱིན་ཧེན་གྱི་དམག་དང་འཐབ་པས་རྒྱའི་དམག་མང་པོ་ཕམ།”[16]ཞེས་མགར་བུ་འདིས་དམག་བཏང་བའི་གནས་ཚུལ་བཀོད་ཡོད་པ་དང་།    ཐང་ཡིག་གསར་རྙིང་དུ། ལོ་ངོ་སུམ་ཅུ་ལྷག་རིང་ཤར་ཕྱོགས་ཀྱི་ས་མཚམས་བསྲུང་བར་བསྡད་ནས་ཐང་ཆེན་མོའི་མཐའ་མཚམས་ཀྱི་གེགས་སུ་གྱུར་ཞིང་། ཐ་མར་མགར་ཚང་ལ་བཀྱོན་ཕབ་རྗེས་མགར་ཁྲི་འབྲིང་བཙན་བྲོད་ཀྱི་བུ་མང་པོ་རྗེ་སྟག་རྩན་ཁྲིད་ནས་ཐང་ལ་ངོ་ལྟར་ཕྱིན་པའི་མགར་བུ་དེ་ཡིན།མགར་གྱི་ལོ་རྒྱུས་ཞིབ་འཇུག་མཁན་མཐའ་བ་བཀྲ་ཤིས་དོན་འགྲུབ་ལགས་ནས།  བཙན་པོའི་ལོ་ཚིགས་དོན་ཆེན་གནད་བསྡུས་ནང་བྱུང་བའི་མགར་འབྲིང་རྩན་རྩང་རྟོན[17]གྱི་མིང་གི་ཕྱེད་ཕྱི་མ་རྩང་རྟོན་དང་བཙན་པོ“赞婆”གཉིས་ཀྱི་སྒྲ་གདངས་ཉེ་བ་རྒྱུ་མཚན་དུ་བཟུང་ནས་མགར་འབྲིང་རྩན་རྩང་རྟོན་ལ་ངོས་བཟུང་མོད།དེ་ལ་དོགས་གནད་འགའ་ཞིག་མཆིས་ཏེ། གཅིག་ནས་རྒྱའི་ཡིག་ཚང་གྲགས་ཅན་ཁག་ཏུ་མགར་བུ་རྣམས་ཀྱི་མཚན་འགོད་སྐབས།  ཏག་ཏག་མིང་གི་ཕྱེད་སྔོན་མ་གཉིས་ཀ་ལས་སྒྲ་བསྒྱུར་བྱས་མེད་པའི་ཆོས་ཉིད་ཅིག་སྣང་སྟེ།  བཙན་སྙ་ལྡོམ་བུ་ལ“赞悉若”དང་། ཁྲི་འབྲིང་བཙན་བྲོད་ལ“钦陵”   སྟ་གུ་རི་ཟུང་ལ“悉多干”བཙན་ཉེན་གུང་རྟོན་ལ“赞刃” བཅས་མིང་གི་ཕྱེད་སྔོན་མ་གཉིས་ཀ་ལས་ཐོན་མེད་པས།   རྒྱུ་མཚན་འདིའི་སྟེང་ནས་ཀྱང“赞婆”བྱ་བ་མགར་འབྲིང་རྩན་རྩང་རྟོན་ལ་ངོས་བཟུང་མི་འོས་པ་དང་།  གཉིས་ནས་མགར་འབྲིང་རྩན་རྩང་རྟོན་གྱི་མིང་གི་ཆ་ཤས་སུ་གྱུར་བའི་རྩང་རྟོན་དང“赞婆”གཉིས་ཀྱི་སྒྲ་གདངས་ཉེ་བར་ཡོད་ཟེར་ནའང་རྒྱུ་མཚན་ཆེར་མི་མཐོང་སྟེ།  “赞”ནི་རྩང་དང་སྒྲ་གདངས་ཅུང་ཉེ་བ་བདེན་མོད།   “婆”ཡི་མིང་གཞིའི་སྒྲ་ནི་དབྱིན་ཇིའི་གསལ་བྱེདpཡིན་པ་དང་། རྟོན་གྱི་མིང་གཞིའི་སྒྲ་ནི་དབྱིན་ཇིའི་གསལ་བྱེདdཡིན་པས་འདི་གཉིས་མཉམ་གཅིག་ཏུ་སྦྱོར་མི་རུང་སྙམ།  དེས་ན་བོད་རང་གི་ཡིག་ཚང་ཁག་ཏུ་མིང་གི་ཕྱེད་སྔོན་མ་བཙན་པོ་བྱ་བའི་མགར་བུ་ཞིག་བྱུང་ཡོད་དམ་ཞེ་ན་ཡོད་དེ།  ལྷོ་རོང་ཆོས་འབྱུངདུ།   མགར་སྟོན་དམ་པ་ཆོས་སྡིངས་གི་རིགས་རུས་གདུང་རྒྱུད་སྐོར་བརྗོད་སྐབས་མགར་བུ་འདིའི་མིང་བྱུང་ཡོད་པ་དང་།[18] སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་བླ་མ་ཨུ་རྒྱན་པས1230-1309མཛད་པའིརྗེ་བཙུན་ཆེན་པོ་ཆོས་སྡིངས་བའི་རྣམ་ཐརནང་དུ། སྟོང་བཙན་ཡུལ་བཟུང་གི་འཕྲུད་རྒྱུད་ནི་དབུས་རྩང་། མོན། དོལ་པོ་ཚུན་ལ་བྱུང་། བཙན་པོ་དྲེད་པོའི་དཔའ་རྒྱུད་ནི་རྒྱ་འཇང་ནས་ས་མདརམཐརབྱུང་[19]ཞེས་པ་འདིའི་སྟེང་ནས་བཙན་པོ་དྲེད་པོ་ནི་གཡུལ་འཐབ་བྱས་རྗེས་ཕུལ་དུ་བྱུང་བའི་མགར་བུ་ཞིག་ཡིན་པ་རྟོགས་ཐུབ་པར་མ་ཟད།  དཔའ་བོ་གང་དེའི་གདུང་རྒྱུད་ས་མཐར་མཆེད་པའི་གནས་ཚུལ་ཆེད་དུ་བཀོད་པ་དེས་མགར་བུ་འདི་ངོས་འཛིན་བྱེད་རྒྱུར་ཕན་ཐོགས་གང་ལེགས་གནང་འདུག  ལོ་རྒྱུས་ཡིག་ཚང་ཁྲོད་དུ་མགར་ལ་བཀྱོན་ཕབ་རྗེས་རིགས་རྒྱུད་ས་མཐར་མཆེད་པའི་མགར་བུ་གཉིས་ལས་མི་གསལ།  གཅིག་ནི་མགར་སྟོང་བཙན་གྱི་བུ་གཉིས་པ་ཁྲི་འབྲིང་བཙན་བྲོད་དང་ཅིག་ཤོས་ནི་མགར་བུ་གསུམ་པ་བཙན་པོ་དྲེད་པོ་ཡིན། དེ་ལས་མགར་བུ་གཉིས་པ་ཁྲི་འབྲིང་བཙན་བྲོད་ནི་སྤྱི་ལོ698ལོར་འདུས་སྲོང་མང་པོ་རྗེས་བཀྱོན་ཕབ་རྗེས་རང་སྲོག་བཅད་པའི་ལོ་རྒྱུས་ཐང་ཡིག་གསར་རྙིང་ཁག་ཏུ་གསལ་བ་དང་། མགར་བུ་གསུམ་པ་བཙན་པོ་དྲེད་པོས་གཅེན་པོ་མགར་ཁྲི་འབྲིང་བཙན་བྲོད་ཀྱི་བུ་མང་པོ་རྗེ་སྟག་རྩན་ཁྲིད་ནས་ཐང་ལ་སྐྱབས་བཅོལ་ཏུ་ཕྱིན། རྒྱའི་ཡིག་ཚངམ་ཧྭ་རུས་སྦལནང་དུ། སྤྱི་ལོ699ལོར། ཝུའུ་ཙི་ཐེན་གྱི་ཧྲིན་ལི་ཁྲི་ལོ་གཉིས་པའི་ཟླ་བཅུ་པར།  ཐུ་བྷོད་ཀྱི་འགོ་བ་བཙན་པོ་སླེབས། གོང་མའི་སྐུ་སྲུང་ཆིབས་དམག་མཁར་གྱི་ཕྱི་རོལ་དུ་མངགས་ཏེ་བསུ་བ་བྱས། ཀེང་ཞུའུ། ཝུའུ་ཝེ་ཕོ་བྲང་ནས་བཙན་པོ་ལ་གསོལ་སྟོན་བཤམས་ནས་སྣེ་ལེན་གཟབ་རྒྱས་བྱས[20]ཞེས་པ་དང་། ཐང་ཡིག་གསར་མའིནང་དུ། བཙན་པོས་རང་གི་འཁོར་དང་གཅེན་པོའི་བུ་མང་པོ་རྗེ་སོགས་ཁྲིད་དེ་ཐང་གི་ཁབ་ལ་ངོ་ལྟར་བྱིན་པ་དང་།སྐུ་སྲུང་ཆིབས་དམག་གིས་བསུ་བ་བྱས།  བཙན་པོ་ལ་ཧྥུའུ་གོ་དམག་དཔོན་ཆེན་མོ་དང་ཀུའུ་ཏེ་ཅུན་ཝང་གི་ཆོ་ལོ་སྦྱར་ནས་ཐང་གི་སྲིད་འདེགས་དམག་དཔོན་ཆེན་མོར་བསྐོ་བཞག་གནང་ཡོད་པར་མ་ཟད།[21]བཙན་པོས་རང་འོག་གི་དམག་ཁྲིད་ནས་ཧོ་ཡོན་ཀུའུ[22]བསྲུངས་པ་དང་།  ཚེ་ལས་འདས་རྗེས་ཨན་ཞི་ཏོ་དོག་ཆེན་མོའི(安西大都护府)གོ་ཐོབ་རྗེས་སུ་བསྩལ་ཡོད་པས་མགར་བུ་གསུམ་པ་བཙན་པོ་དྲེད་པོའི་ཚེ་སྨད་ཐང་གི་ཁབ་ཏུ་རྫོགས་ཤིང་བློན་ཁོང་གི་རིགས་རྒྱུད་ཀྱང་རྒྱ་ཡུལ་དང་ས་མཐར་མཆེད་ངེས་པས། ཚུལ་འདིའི་གོང་གསལ་རྣམ་ཐར་ནང་བཙན་པོ་དྲེད་པོ་ཡི་དཔའ་རྒྱུད་རྒྱ་དང་འཇང་ནས་ས་མཐར་བྱུང་ཞེས་པའི་ཚིག་དོན་དེའི་དགོངས་གཞི་ཡོངས་སུ་རྟོགས་ཐུབ། དེ་ལས་ཀྱང་གལ་ཆེ་བ་ཞིག་ནིཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརནང་དྲངས་པའི་ལྕགས་ཀྱི་བྱང་ཁྲམ་དུམ་བུ་གསུམ་དང་ལྷན་དུ་རྙེད་པའི་ཡིག་ཚང་དེར་མགར་སྟོང་བཙན་གྱི་རིགས་སྲས་གསུམ་གྱི་མིང་འཁོད་པའི་གྲལ་དུ།  འགར་བཙན་པོ་དྲེད་པོ།  བཙན་གཉན་གུང་རྟོན།  བཙན་གཉན་ལྡོམ་བུ་གསུམ། [23]ཞེས་མགར་བུ་བཙན་པོ་དྲེད་པོའི་མཚན་ཐོན་ཡོད་པས། རྒྱའི་ཐང་ཡིག་གསར་རྙིང་ཁག་ཏུ་མགར་བུ་གསུམ་པའི་མཚན་ལ“赞婆”བཙན་པོ་ཞེས་བཀོད་པ་དེར་ནོར་བ་ཅི་ཡང་མེད་པ་རྟོགས་ཐུབ། དེ་བས་རྒྱའི་ཡིག་ཚང་དུ་བྱུང་བའི་མགར་བུ་གསུམ་པ“赞婆”བཙན་པོ་ནི་བོད་རང་གི་ཡིག་ཚང་སྔ་གྲས་ཁག་ཏུ་འཁོད་པའི་མགར་བུ་བཙན་པོ་དྲེད་པོ་ཡིན་པ་ད་ཙམ་ནས་ཀུན་གྱིས་མི་བརྗེད་པར་བྱའོ། །

       4. རྒྱའི་ཡིག་ཚང་དུ་འཁོད་པའི་མགར་བུ་བཞི་བ“悉多于”འམ“悉多干”ནི་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརནང་དུ་སི་གྱུ་ཞེས་བསྒྱུར་པ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་དང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གཉིས་ནས་ཐང་ཡིག་གསར་མའི་བོད་ཀྱི་ས་བཅད་གཞིར་བཟུང་ནས་ཟི་མདོ་ཡེ་ཞེས་སྒྲ་བསྒྱུར་བྱས། ནུབ་བྱང་མི་རིགས་སློབ་ཆེན་གྱི་རྒན་ཚེ་རིང་དང་མཐའ་བ་བཀྲ་ཤིས་དོན་གྲུབ་གཉིས་ནས་སྟ་གུ་རི་ཟུང་ལ་ངོས་བཟུང་ཡོད་པས་ཕྱི་མ་འདིར་རྒྱུ་མཚན་ཤིན་ཏུ་ཆེ་བར་སྙམ་སྟེ།  ཏུན་ཧོང་ཡིག་རྙིང་ཤོག་དྲིལI.O.75047-48ནང་དུ།འབོན་ད་རྒྱལཁྲི་ཟུང་དྔང། གནུབསམང་ཉེནབཞྀ་བརྩན་དང། མགར་སྟགུརིཟུང་གསུམགྱྀས།  བཟང་སུམ་ཙལ་དུ་བསྡུསྟེ། ཞེས་པ་དང་།  ཡངI.O.750ཐིག་ཕྲེང66པར།  སྟ་གུ་སོག་དགྀསབཟུང། ཞེས་པའི་སྟ་གུ་ནི་རྒྱའི་ཡིག་ཚང་དུ་བྱུང་བའི་མགར་བུ“悉多干”ལ་ངོས་བཟུང་ཆོག་སྟེ།   “悉”ནི་ས་མགོ་ཡི་སྒྲ་དང་།   “多”ཞེས་པའི་སྟ་ཡི་མིང་གཞིའི་སྒྲ་མཚོན་པ་དང་།   “干”ཞེས་པའི་གུ་ཡི་སྒྲ་གདངས་མཚོན།   དེ་ལྟར་མགོ་ཅན་གྱི་སྒྲ་ཟུར་དུ་བྱིན་ནས་སྟ་ཞེས་པའི་སྒྲ་བྱུང་ཡོད་པ་ཤེས་ཐུབ་སྟེ།   མགོ་ཅན་གྱི་སྒྲ་ཟུར་དུ་ཕྱིན་ནས་ཀློག་སྟངས་ནི་འདི་ཙམ་མ་ཡིན་པར།ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྗེ་བློན་དག་གི་མཚན་བྱང་། ལྷ་སའི་གཙུག་ལག་ཁང་མདུན་དུ་བཞེངས་པའི་རྒྱ་བོད་མཇལ་དུམ་རྡོ་རིང་དང་རྒྱའི་ཡིག་ཚང་གྲགས་ཅན་ཐང་ཡིག་གསར་རྙིང་སོགས་སུ་བཀོད་ཡོད་པ་དང་བསྡུར་བ་ལས་ཤེས་ཐུབ། དཔེར་ན། སྤུ་རྒྱལ→悉补野སྟག་ར།→悉诺逻སོགས་ཀྱི་དཔེ་གཞི་ལས་ཤེས་ཐུབ།  དེ་བས་རྒྱའི་ཡིག་ཚང་དུ་བཀོད་པའི“悉多干”ནི་ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་མགར་བུ་སྟ་གུ་རི་ཟུང་ཡིན་པ་བདེན་པ་ར་འཕྲོད་ཐུབ།    

        5. ཐང་ཡིག་གསར་རྙིང་དུ་བྱུང་བའི་མགར་བུ་ལྔ་བ“勃论”ཞེས་པསྲིད་སྐྱོང་མེ་ལོངདུ“勃伦赞刃”ཞེས་བཀོད་ཡོད། ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་ནང་དུ་ཕོ་ལོན་ཞེས་སྒྲ་བསྒྱུར་བྱས་པ་དང་། དཔལ་དོན་གྲུབ་རྒྱལ་དང་ཁྲེན་ཆིང་ཡིང་རྣམ་གཉིས་ནས་ཀྱང་པོ་ལོན་ཞེས་སྒྲ་སོར་བཞག་བྱས། མཁས་དབང་དགེ་འདུན་ཆོས་འཕེལ་དང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གཉིས་ནས་འབལ་ལོན་ཞེས་སྒྲ་བསྒྱུར་བྱས་མོད། མཐའ་བ་བཀྲ་ཤིས་དོན་འགྲུབ་ལགས་ནས“勃論”ནི་བོད་བློན་ཞེས་པའི་སྒྲ་འགྱུར་ཡིན་པར་བརྗོད་པ་ནི་གསུངས་ཚིག་རྣལ་དུ་ཕབ་པ་ཅིག་ཡིན་སྟེ། དེ་ལྟར་བྱས་ན“赞刃”ནི་དངོས་མིང་ཡིན་པ་དཔོག་ཐུབ་ཅིང་།  “赞”ནི་བཙན་དང་། “刃”ནི་ཉེན་ཞེས་པའི་སྒྲ་གདངས་མཚོན་བྱེད་ཡིན།  རྒྱའི་ཡིག་ཚང་དུ་མགར་བུ་འདིའི་མིང་ཧྲིལ་བོ་མ་ཐོན་པར“勃伦赞刃”བོད་བློན་བཙན་ཉེན་ཞེས་བཀོད་མོད།   དོན་གྱིས་གྲུ་གུའི་ཡུལ་གྱི་མངའ་ཁོངས་དབང་དུ་བསྡུས་ནས་ལི་ཡུལ་བདག་ཏུ་སྐྱོང་མཁན་གྱི་མགར་བུ་ལྔ་བ་བཙན་ཉེན་གུང་རྟོན་ཡིན།ལི་ཡུལ་ལུང་བསྟན་ནང་དུ། རྒྱལ་པོ་དང་བཙུན་མོ་ལག་དར་ཏེ།  བྷ་བ་ཉའི་བསྒོམ་ས་དང་། གཙུག་ལག་ཁང་བརྩིགས་ཏེ། གཙུག་ལག་ཁང་འདི་ཡང་གཉན་ཞིང་བྱིན་ཆེ་བར་བགྱིད། ལྷ་གཞན་གྱིས་མི་ཐུབ་པ་དང་ནོར་བུ་བཟང་པོར་སྲུང་ངོ་། གཙུག་ལག་ཁང་འདི་ཡང་གནའ་བོད་ཀྱི་མངའ་རིས་སུ་གཏོགས་པའི་ཚེ་མགར་བློན་བཙན་ཉེན་གུང་རྟོན་ལི་ཡུལ་གྱི་དབང་བོ་བགྱིད་པའི་བརྩིགས་པ་ལགས།[24]ཞེས་མགར་བཙན་ཉེན་གུང་རྟོན་གྱིས་ལི་ཡུལ་བདག་སྐྱོང་མཛད་པའི་ལོ་རྒྱུས་གསལ་བོར་བཀོད་པ་དང་། ཏུན་ཧོང་ཡིག་རྙིང་ཤོག་དྲིལI.O.750ཐིག་ཕྲེང23ནང་དུ།མགར་བཙན་ཉེན་གུང་རྟོན་ཞེས་བཀོད་ཡོད།

བཞི་བ། ཚལ་པ་ཀུན་དགའ་རྡོ་རྗེ་ཡིས་མགར་བུ་རྣམས་ཀྱི་ངོས་འཛིན་འཁྲུལ་ཚུལ་སྐོར།   

        མི་སྣ་གང་དེའི་ཐ་སྙད་ཀྱི་འབྱུང་ཁུངས་རྩད་གཅོད་བྱས་པ་དེ་ཙམ་གྱིས་དཔྱད་གཞིའི་དགོངས་དོན་ཧྲིལ་བོ་གསལ་བོར་མི་རྟོགས་པས། ཚལ་པའིདེབ་དམརནང་དྲངས་པའི་མགར་བུ་བཙན་པོ་བྱ་བརཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརནང་དུ་ཡོན་ཏན་རྒྱལ་བཟུང་ཞེས་པའི་མིང་གི་ཕྱེད་ཕྱི་མ་ཞིག་སྦྱོར་དགོས་པའི་ཡང་སྙིང་རྟོགས་རྒྱུ་དེ་དཔྱད་གཞིའི་དགོངས་དོན་གལ་ཆེན་དུ་འཁུམས། གནད་དེ་གསལ་བོར་ཤེས་དགོས་ན་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་ནང་དུ་དྲངས་པའི་མགར་བུ་སོ་སོའི་མཚན་འདོགས་སྟངས་དང་འབྲལ་ཐབས་མེད་པས། འོག་ཏུ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དང་འབྲེལ་ཏེ་དེའི་སྐོར་ལ་རྒྱུས་ལོན་བྱའོ། །

ཚལ་པས་ཡབ་ཀྱི་རིགས་རུས་གདུང་ཁུངས་སྐོར་བརྗོད་སྐབས་ཐང་ཡིག་གསར་མའི་འགྱུར་ཡིག་ལ་ཁུངས་བཅོལ་ཏེ་མགར་སྟོང་བཙན་ལ་རིགས་སྲས་བཞི་བགྲངས་པ་སོ་སོར།(钦陵)ལ་ཁི་ལིམ་དང་།(赞婆)ལ་བཙན་པོ་ཡོན་ཏན་རྒྱལ་གཟུངས།(悉多于)ལ་སི་གྱུ།(勃論)ལ་ཕོ་ལོན[25]བཅས་བཀོད་ཡོད། ཚུལ་འདི་ལས་ལོ་རྒྱུས་སྨྲ་བ་ཆེན་མོ་ཁོང་ནས་སྐབས་ཐོག་དེར་མགར་སྟོང་བཙན་ཡུལ་བཟུང་ལ་རིགས་སྲས་ལྔ་ཡོད་པའི་ངེས་ཤེས་རྙེད་མེད་པར་མ་ཟད།  རྒྱའི་ཡིག་ཚང་དུ་བྱུང་བའི་མགར་བུ་རྣམས་ཀྱི་མིང་དང་བོད་རང་གི་ཡིག་ཚང་དུ་བྱུང་བའི་མགར་སྟོང་བཙན་གྱི་རིགས་སྲས་སོ་སོའི་མཚན་ཕན་ཚུན་ངོ་འཕྲོད་མ་ཐུབ་པར་བརྟེན་མགར་བུ་རྣམས་ཀྱི་མིང་ཡང་སྔར་ལྟར་རྒྱའི་ལོ་ཙཱ་བ་ཧུའུ་ཅིང་ཙུའུ་ཡིས་བསྒྱུར་བའི་ཐང་ཡིག་གསར་མའི་འགྱུར་ཡིག་ནང་ལྟར་སྒྲ་བསྒྱུར་བྱེད་དགོས་བྱུང་བ་ཤེས་ཐུབ། ལྷག་དོན་རྣམ་ཐར་ནང་དྲངས་པའི་ལྕགས་ཀྱི་བྱང་ཁྲམ་དུམ་བུ་གསུམ་དང་ལྷན་དུ་རྙེད་པའི་ཡིག་ཚང་དུ།  མགར་སྟོང་བཙན་གྱི་བུ་ཆེ་བ་མགར་བཙན་སྙ་ལྡོམ་བུ་དང་། བུ་གསུམ་པ་བཙན་པོ་དྲེད་པོ། བུ་ལྔ་བ་བཙན་ཉེན་གུང་རྟོན[26]གསུམ་གྱི་མིང་ཐོན་སྐབས་མགར་སྟོང་བཙན་གྱི་རིགས་སྲས་ཡིན་པ་ངོས་མ་ཟིན་པས་གདུང་རྒྱུད་ཀྱི་མཐུད་མཚམས་སྦྱོར་སྐབས་རྒྱའི་ཡིག་ཚང་དུ་བྱུང་བའི་མགར་བུ་གསུམ་པ་བཙན་པོའི་མིང་གི་གཞུག་ཏུ་ཡོན་ཏན་རྒྱལ་བཟུང་ཞེས་བའི་མིང་གི་ཕྱེད་ཕྱི་མ་ཞིག་རྟོག་བཟོ་བྱེད་དགོས་བྱུང་སྟེ། དེ་ཡི་སྲས་སུ་མགར་བུ་གསུམ་གྱི་མིང་བགྲངས་ནས་གདུང་རྒྱུད་ཀྱི་གོ་རིམ་འཁྲུལ་སྐྱོན་བྱུང་པ་ཞར་ལ་ཤེས་ཐུབ། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་ལོ་རྒྱུས་སྨྲ་བ་ཆེན་མོ་ཁོང་ནས་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་ནང་རྒྱའི་ཡིག་ཚང་དུ་བྱུང་བའི་མགར་བུ་གསུམ་པ་བཙན་པོའི་མཚན་གྱི་གཞུག་ཏུ་ཡོན་ཏན་རྒྱལ་བཟུང་བྱ་བའི་མིང་གི་ཕྱེད་ཕྱི་མ་ཞིག་སྦྱོར་དགོས་པའི་རྒྱུ་མཚན་གཙོ་བོ། ཡབ་ཀྱི་རིགས་རུས་གདུང་རྒྱུད་ཀྱི་མཐུད་མཚམས་སྦྱོར་སྐབས་མགར་བུ་ཆེ་བ་བཙན་སྙ་ལྡོམ་བུའི་མིང་ཐོན་པ་འདི་དང་འབྲེལ་བ་དམ་ཟབ་མཆིས་ཏེ།    རྣམ་ཐར་ནང་དྲངས་པའི་ལྕགས་ཀྱི་བྱང་ཁྲམ་དུམ་བུ་གསུམ་དང་ལྷན་དུ་རྙེད་པའི་ཡིག་ཚང་དེར་མགར་བུ་ཆེ་བ་བཙན་སྙ་ལྡོམ་བུའི་མི་རྒྱུད་ལས་རིམ་པར་ཚལ་པའི་ཁྲི་དཔོན་གྱི་གདུང་རྒྱུད་མཐར་ཆགས་སུ་བཀོད་མོད།ཐང་ཡིག་གསར་མའི་ནང་དུ་མགར་སྟོང་བཙན་ལ་བུ་བཞི་བགྲངས་པའི་གྲས་སུ། མགར་བུ་ཆེ་བ་བཙན་སྙ་ལྡོམ་བུའི་མིང་ཐོན་མེད་སྟབས། བཙན་སྙ་ལྡོམ་བུ་མགར་སྟོང་བཙན་གྱི་རིགས་སྲས་སུ་བགྲངས་ན་ཐང་ཡིག་གསར་མའི་དགོངས་གཞི་དང་འགལ་བར་བསམས་ནས།        མོན་ཡུལ་རྡོར་གཅོད་ཀྱི་དཔེ་ལྟར་གདུང་རྒྱུད་ཀྱི་མཆེད་ཁུངས་དངོས་བཙན་སྙ་ལྡོམ་བུ་མགར་སྟོང་བཙན་གྱི་བུ་རུ་མ་བགྲངས་པར་རྒྱའི་ཡིག་ཚང་དུ་བྱུང་བའི་མགར་བུ་གསུམ་པ“赞婆”བཙན་པོའི་མཚན་གྱི་གཞུག་ཏུ་ཡོན་ཏན་རྒྱལ་བཟུང་ཞེས་པའི་མིང་གི་ཕྱེད་ཕྱི་མ་ཞིག་རྟོག་བཟོ་བྱ་དགོས་བྱུང་མོད་ངལ་བ་དེ་དག་རིང་དུ་དོར་ཆོག་སྟེ། གདུང་རྒྱུད་ཀྱི་མཆེད་ཁོངས་དངོས་ནི་རྣམ་ཐར་ནང་དྲངས་པའི་ལྕགས་ཀྱི་བྱང་ཁྲམ་དུམ་བུ་གསུམ་དང་ལྷན་དུ་རྙེད་པའི་ཡིག་ཚང་དེར་གསལ་བོར་འཁོད་ཡོད་པས་འདིའི་སྐོར་གྱི་ལོ་རྒྱུས་ཞིབ་ཕྲ་དཔྱད་རྩོམ་ཁག་རྗེས་མར་འགོད་པར་བྱའོ། །

མཇུག་སྡུད་པ། 

       མདོར་ན་ལོ་རྒྱུས་སྨྲ་བ་ཆེན་མོ་ཚལ་པ་ཀུན་དགའ་རྡོ་རྗེ་ཡིས་མཛད་པའི་ཁོང་གི་ཡབ་ཚལ་པ་དྲུང་ཆེན་སྨོན་ལམ་རྡོ་རྗེའི་རྣམ་ཐར་འདི་ནི་མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་གི་མིང་འབྱུང་སའི་ཡིག་ཚང་ཕྱི་མོ་དེ་ཡིན། ཚལ་པས་དེབ་དམར་ལྗགས་རྩོམ་གནང་སྐབས་ཐང་ཡིག་གསར་མའི་འགྱུར་ཡིག་ནང་ལྟར་མགར་བུ“钦陵”ལི་ཁྱིམ་དང“赞婆”བཙན་པོ་གཉིས་ཀྱི་མིང་དྲངས་པ་དང་།   ཕྱིས་སུ་ཡབ་དྲུང་ཆེན་སྨོན་ལམ་རྡོ་རྗེའི་རྣམ་ཐར་རྩོམ་སྐབས་ལྕགས་ཀྱི་བྱང་ཁྲམ་དུམ་བུ་གསུམ་དང་ལྷན་དུ་རྙེད་པའི་ཡིག་ཚང་དུ་མགར་སྟོང་བཙན་གྱི་བུ་ཆེ་བ་བཙན་སྙ་ལྡོམ་བུ་དང་།  བུ་གསུམ་པ་བཙན་པོ་དྲེད་པོ།  བུ་ལྔ་བ་བཙན་ཉེན་གུང་རྟོན་གསུམ་གྱི་མིང་བྱུང་སྐབས། རྒྱའི་ཡིག་ཚང་དུ་འཁོད་པའི་མགར་བུ་རྣམས་ཀྱི་མཚན་དང་བོད་རང་གི་ཡིག་ཚང་དུ་བྱུང་བའི་མགར་སྟོང་བཙན་གྱི་རིགས་སྲས་རྣམས་ཕན་ཚུན་ངོ་མ་འཕྲོད་མ་ཐུབ་པར་བརྟེན་མགར་བུ་སོ་སོའི་མིང་སྔར་བཞིན་སྒྲ་བསྒྱུར་བྱེད་དགོས་བྱུང་ཞིང་།  ལྷག་དོན་ཡབ་ཀྱི་རིགས་རུས་གདུང་རྒྱུད་ཀྱི་མཆེད་ཁུངས་སྐོར་བརྗོད་སྐབས་མགར་བུ་ཆེ་བ་བཙན་སྙ་ལྡོམ་བུ་མགར་སྟོང་བཙན་གྱི་རིགས་སྲས་ཡིན་པ་ངོས་མ་ཟིན་པས།གདུང་རྒྱུད་ཀྱི་མཐུད་མཚམས་སྦྱོར་ཐབས་མ་ཡོང་བར་རྒྱའི་ཡིག་ཚང་དུ་བྱུང་བའི་མགར་བུ་གསུམ་པ“赞婆”བཙན་པོའི་མིང་གི་གཞུག་ཏུ་ཡོན་ཏན་རྒྱལ་བཟུང་ཞེས་མིང་གི་ཕྱེད་ཕྱི་མ་ཞིག་རྟོག་བཟོ་བྱས་པ་ནས་བཟུང་མགར་སྟོང་བཙན་ལ་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བ་ཞིག་འཁྲུངས་པའི་བཤད་ཡམས་ཚུགས། དོན་གྱིས་རྒྱའི་ཡིག་ཚང་ཁག་ཏུ་བྱུང་བའི་མགར་བུ་གསུམ་པ“赞婆”ནི་བོད་རང་གི་ཡིག་ཚང་སྔ་གྲས་ཁག་ཏུ་གསལ་བའི་མགར་བུ་བཙན་པོ་དྲེད་པོ་ཡིན་པ་གསལ་བོར་རྟོགས་ཤིང་། ཆོས་འབྱུང་ལོ་རྒྱུས་ཀུན་ཏུ་རླུང་ལྟར་གྲགས་པའི་མགར་བུ་བཙན་པོ་ཡོན་ཏན་རྒྱལ་བཟུང་བྱ་བའང་ཐོལ་བྱུང་གི་མི་སྣ་ལྐོག་གྱུར་བ་ཞིག་མ་ཡིན་པར་མགར་སྟོང་བཙན་གྱི་བུ་གསུམ་པ་བཙན་པོ་དྲེད་པོ་ཡིན་པ་ཀུན་གྱིས་བློ་ལ་ངེས་པར་བྱའོ། །

མཆན་འགྲེལ།


① རྣམ་ཐར་གྱི་མཚན་བྱང་ཆ་ཚང་ལདཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་འཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརཞེས་སྦྱར་འདུག འདིར་དཔྱད་རྩོམ་ནང་འགོད་བདེ་བའི་ཆེད་དུ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་ཞེས་བཀོད་ཡོད།   ཚལ་པ་དྲུང་ཆེན་སྨོན་ལམ་རྡོ་རྗེ་ནི(1284—1347)ཡབ་དགའ་བདེ་དཔལ་དང་ཡུམ་ཡོན་བདག་མོ་ཁ་གསར་བྱ་བའི་སྲས་སུ་རབ་བྱུང་ལྔ་བའི་ཤིང་ཕོ་སྤྲེའུ་ལོ་སྟེ་སྤྱི་ལོ1284ལོར་སྐུ་བལྟམས་ཤིང་ཚལ་པའི་དཔོན་རབས་དགུ་པ་ཡིན།  

དཔྱད་རྩོམ་འདི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི2018ལོའི་འབུམ་རམས་ཞིབ་འཇུག་སློབ་མའི་ཚན་རྩལ་གསར་གཏོད་ལས་གཞིའི་རྣམ་གྲངས་གྲས་ཀྱི་དཔྱད་འབྲས་ཤིག་ཡིན། ལས་གཞིའི་ཨང་རྟགས་ནིYxm2018007ཡིན།

མཛད་པ་པོ་མི་གསལ།རྒྱལ་རབས་སོགས་བོད་ཀྱི་ཡིག་ཚང་གསལ་བའི་མེ་ལོངཤིང་དཔར། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ།  ཤོག་ངོས110སྟེང་གསལ།    དཔེ་རྙིང་འདི་དག་སྒྲིག་བྱེད་སྐབས་ནེལ་པ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་གྱིས་བརྩམས་ཞེས་འཁོད་མོད་ནོར་འདུག རྩོམ་ཡིག་ནང་དུ་ཚལ་པའི་ཁྲི་དཔོན་སྐོར་གྱི་ལོ་རྒྱུས་བརྗོད་སྐབས་ཚལ་པའི་ཁྲི་དཔོན་བཅུ་དྲུག་པ་དངོས་གྲུབ་རྒྱལ་མཚན(1387-1417)གྱི་མཚན་ཐོན་ཡོད་པར་མ་ཟད། ལྕགས་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་ཉིན་གུང་ཐང་བཏབ་ནས་ལོ་ཉིས་བརྒྱ་དང་བཞི་བཅུ་ཞེ་ལྔ། བླ་མ་ཞང་གཤེགས་ནས་ལོ་ཉིས་བརྒྱ་དང་སུམ་ཅུ་སོ་དགུ་འགྲོ་བར་གདའ་ཞེས་པར་གཞིགས་ན། ཡོངས་གྲགས་ཀྱིས་ཚལ་གུང་ཐང་ནི་སྤྱི་ལོ1175ལོར་བཏབས་པ་དང་། གུང་ཐང་བླ་མ་ཞང་ནི་སྤྱི་ལོ1193ལོར་འདས་པས། ལོ་ཚུགས་དེ་དག་གུང་བསྒྲིགས་ནས་བལྟས་ན་ཆེས་སྔ་ནའང་དུས་རབས་བཅོ་ལྔ་བའི་དུས་སྟོད་དུ་ཟླ་མི་སྲིད་པས་དུས་རབས་བཅོ་ལྔ་བའི་དུས་སྨད་དུ་བརྩམས་པའི་ཆོས་འབྱུང་ལོ་རྒྱུས་ཞིག་མིན་འགྲོ་སྙམ།     

རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ།དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས[M]བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ། W1KG20999. ཤོག་ངོས141ནས142བར་གསལ།  

འཇམ་དབྱངས་གྲགས་པ།རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ[M]མི་རིགས་དཔེ་སྐྲུན་ཁང་། 2010ལོར། ཤོག་ངོས159སྟེང་གསལ།  

ཚལ་པ་ཀུན་དགའ་རྡོ་རྗེ།དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་འཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརདབུ་མེད་ལག་བྲིས་སྣ་རིང་མ། ལྡེབ8པར་གསལ།  

ཚལ་པ་ཀུན་དཀའ་རྡོ་རྗེ།དེབ་ཐེར་དམར་པོ[M]མི་རིགས་དཔེ་སྐྲུན་ཁང་། 1981ལོར།  ཤོག་ངོས20སྟེང་གསལ།

ཐང་ཡིག་གསར་མ་ནི་སུང་རྒྱལ་རབས་བྱང་མའི་དུས་ཀྱི་རྩོམ་རིག་པ་གྲགས་ཅན་ཨོའུ་དབྱང་ཞིའུ་དང་སུང་ཆི་སོགས་ཀྱིས་ཆིང་ལི་ཁྲི་ལོ་བཞི་པ་སྟེ་སྤྱི་ལོ1060ལོར་ཡོངས་སུ་གྲུབ་པའི་ཐང་གི་ལོ་རྒྱུས་གྲགས་ཅན་ཞིག་ཡིན། དུས་རབས་བཅུ་གསུམ་པའི་ནང་འགྲོ་མགོན་འཕགས་པ་ཙི་ནའི་ཡུལ་དུ་ཞལ་བཞུགས་སྐབས། རྒྱ་བོད་སྐད་གཉིས་ལ་མཁྱེན་རྒྱ་ཡངས་པའི་ཁོང་གི་སློབ་མ་རྒྱའི་ལོ་ཙཱ་བ་ཧུའུ་ཅིང་ཙུའུ་ཡིས་ཐོག་མར་བོད་ཡིག་ཏུ་བསྒྱུར་བ་དང་བླ་མ་རིན་ཆེན་གྲགས་གུ་ཤྲིས་སྤར་དུ་བཏབ། ཕྱིས་སུ་ཚལ་པའི་དེབ་དམར་ནང་ཐང་བོད་རྒྱལ་རབས་ཀྱི་ལོ་རྒྱུས་གནས་ཚུལ་སྐོར་ཆེད་དུ་ས་བཅད་དུ་བཏོན་ནས་ཐང་ཡིག་གསར་མའི་འགྱུར་ཡིག་ཐོག་མར་ལུང་དྲངས། ཐང་ཡིག་གསར་མའི་ནང་མགར་སྟོང་བཙན་ལ་རིགས་སྲས་བཞི་བགྲངས་ཡོད་པ་སོ་སོར“有子曰欽陵,曰赞婆、曰悉多于、曰勃論”བཅས་ཡིན།

ཚལ་པ་ཀུན་དགའ་རྡོ་རྗེ།དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་འཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརདབུ་མེད་ལག་བྲིས་སྣ་རིང་མ།  ལྡེབ 8པར་གསལ།

ཚལ་པ་ཀུན་དཀའ་རྡོ་རྗེ།དེབ་ཐེར་དམར་པོ[M]མི་རིགས་དཔེ་སྐྲུན་ཁང་། 1989ལོར།  ཤོག་ངོས20སྟེང་གསལ།

[11]ཚལ་པ་ཀུན་དགའ་རྡོ་རྗེ།དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་འཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར དབུ་མེད་ལག་བྲིས་སྣ་རིང་མ། ལྡེབ8པར་གསལ།

[12]杜佑撰著《通典》卷一九零《吐蕃传》

[13]刘昫等撰《旧唐书·吐蕃传》卷196,列传第一百四十六上

[14]苏普仁,萧錬子 校证 《册府元龟》吐蕃史料校证 [Z]四川民族出版社,1981年,第40页。“东赞有子五人,长曰赞悉若,次钦陵、次赞婆、次悉多于、次勃论。”

[15]འུང་ནས་བློན་སྟོང་རྩན་སླར་བཅུག་སྟེ། ལོ་དྲུག་བགྱིས། ནས།  །རྒས་ཏེ་གུཾམ་མོ།  །སྐྱིན་བར་ཞང་ལོན་པྲ་མོ་དང་འབངས་ཀྱིས་དཔྱའད་པ་ནྀ་། དབའས་སུམ་སྣང་། བཅུག་ཀྲང་ཞེས་དཔྱད་དོ། །རྗེ་བློན་གསངས་སྟེ་བཀའ་བཏགས་པ་ནྀ་། །མགར་བཙན་སྙ་ལྡོམ་བུ་རྟ་དྔ། མཚུངས་རྀགས་ཀྱིས་བློན་ཆེར་བཅུག་གོ། །  

[16]ཤཱཀྱ་རིན་ཆེན་སྡེ།ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེས་མཛད་པའི་ཆོས་འབྱུང་བཞུགས་སོ[M]བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་གླེགས་བམ།༼ད༽ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ།  W1KG10687ཤོག་ངོས38སྟེང་གསལ།

[17]ཏུན་ཧོང་ཡིག་རྙིང་ཤོག་དྲིལI.O.750ཐིག་ཕྲེང55 ནས 56བར་དུ། མགརའབྲྀང་རྩན། རྩང་རྟོན་དྔ། པ་ཙབརྒྱལ་ཙན་ཐོམཔོ་གཉྀསགྱིས།གཡོ་རུའྀ་ཞིང་གྱི་ཕྱྀང་རིལ་བཏབ་ཕརལོ་གཆྀག

[18]རྟ་ཚག་ཚེ་དབང་རྒྱལ།ལྷོ་རོང་ཆོས་འབྱུང[M]  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོར། ཤོག་ངོས408ནས409བར་གསལ།

[19]ཨུ་རྒྱན་པ།རྗེ་བཙུན་ཆེན་པོ་ཆོས་སྡིངས་བའི་རྣམ་ཐར[M]  དཔེ་རྙིང་སྣ་རིང་མ།   ཤོག་ངོས415སྟེང་གསལ།

[20]苏普仁、萧錬子《册府元龟》吐蕃史料校证,[Z]四川民族出版社,1981年,第75页。“册天圣历二年十月,吐蕃首领赞婆至,遣羽林飞骑郊外迎之。庚戌、宴赞婆于武威殿,极欢而罢。”

[21]王忠:《新唐书吐蕃传笺证》[M]科学出版社,1958年,第55页。

[22](洪源谷)ཧུང་ཡོན་ཀུའུ་ནི་ལེང་ཀྲོའུ་ཡི་ཁྲང་སུང་རྫོང་གི་ཁོངས་སུ་ཡོད་ཅེས་སྲིད་སྐྱོང་མེ་ལོང་གི་མཆན་འགྲེལ་དུ་གསལ་ཞིང་། (昌松县)ཁྲང་སུང་རྫོང་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་གྱི་རྒོད་ལུང་རྫོང(古浪县)གི་ནུབ་ཕྱོགས་སུ་ཡོད།   

[23]ཚལ་པ་ཀུན་དགའ་རྡོ་རྗེ།དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་འཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར དབུ་མེད་ལག་བྲིས་སྣ་རིང་མ། ལྡེབ8པར་གསལ།

[24]བསྟན་འགྱུར་དཔེ་བསྡུར་མ། སྤྲིང་ཡིག༼ ངེ ༽188ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2002ལོར།  ཤོག་ངོས1089ནས1090བར་གསལ།

[25]ཚལ་པ་ཀུན་དགའ་རྡོ་རྗེ།དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་འཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐརདབུ་མེད་ལག་བྲིས་སྣ་རིང་མ། ལྡེབ9པར་གསལ།  

[26]ཚལ་པ་ཀུན་དགའ་རྡོ་རྗེ།དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་འཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར དབུ་མེད་ལག་བྲིས་སྣ་རིང་མ། ལྡེབ9པར་གསལ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15352248
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号