དཔེ་རྙིང་གསར་རྙེད་༼ བཞད་ཀྱི་ལུང་བཤད་ ༽དང་མགར་གྱི་ཁྱིམ་རྒྱུད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »དཔེ་རྙིང་གསར་རྙེད་༼ བཞད་ཀྱི་ལུང་བཤད་ ༽དང་མགར་གྱི་ཁྱིམ་རྒྱུད།
དཔེ་རྙིང་གསར་རྙེད་༼ བཞད་ཀྱི་ལུང་བཤད་ ༽དང་མགར་གྱི་ཁྱིམ་རྒྱུད།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2019/9/12ལྟ་ཀློག (1750)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གསར་དུ་རྙེད་པའི་བཞད་ཀྱི་ལུང་བཤད་ཅེས་

པའི་དཔེ་རྙིང་ཞིག་དང་དེ་ལས་འཕྲོས་པའི་མགར་

སྟོང་བཙན་ཡུལ་སྲུང་གི་ཁྱིམ་རྒྱུད་ལ་

བསྐྱར་དུ་དཔྱད་པ།

 འཇད་པ་དཔལ་ལྡན་ཚེ་རིང་།


ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་གཙོ་བོ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་མེད་ན་མེད་པའི་བློན་པོ་བཞིའི་གྲས་མགར་སྟོང་བཙན་ཡུལ་སྲུང་གི་འཁྲུངས་ཡུལ་དང་རུས་ཁུངས་བཅས་ལ་བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཞེས་པའི་དཔེ་རྙིང་བྲིས་མ་ཁུངས་བཙན་ཞིག་ཡོད་པ་ཞིབ་གསལ་ངོ་སྤྱོད་དང་། དེ་བཞིན་འབྲེལ་ཡོད་དཔྱད་གཞི་ཁག་གཞིར་བྱས་བཟུང་ཞིང་། ཡུལ་དངོས་སུ་བསྐྱོད་དེ་མགར་སྟོང་བཙན་ཡུལ་སྲུང་གི་འཁྲུངས་ཡུལ་དེ་བཞད་མཐོང་སྨོན་རྫོང་ཁོངས་གླང་མ་ཆུ་ཚན་གྱི་འགྲམ་དུ་ཡིན་པ་དང་། ཁོང་གི་རུས་བརྒྱུད་དེ་ཡང་བཞད་ཀྱི་ཡུལ་དུ་དམུ་རིགས་ཀྱི་རྒྱུད་ལས་འཁྲུངས་པ་སོགས་རྟོག་ཞིབ་བྱས་པའི་སྐོར་བརྗོད་ཁུལ་བྱས་ཡོད།

 བརྡ་ཆད་གཙོ་བོ།  བཞད་ལུང་། མགར་སྟོང་བཙན། དམུ་རིགས།

 གཅིག  གླེང་གཞི།

     བོད་ཀྱི་པོ་སྲོང་བཙན་སྒམ་པའི་སྐུ་དུས་སུ་མཐའ་འཁོབ་ཀྱི་ཡུལ་གྲུ་ཆམ་ལ་ཕབ་ཅིང་། རྒྱ་བལ་གྱི་བཙུན་མོ་ཐབས་ཀྱིས་བསུས། བོད་ཆེན་པོའི་རྒྱལ་ཁམས་སྟོབས་འབྱོར་མངའ་ཐང་རྒྱས་པར་མཛད་རྗེས་བླ་ན་མེད་པའི་བློན་པོ་རིག་པ་ཅན་མགར་སྟོང་བཙན་གྱི་སྐུ་ཚེའི་མཛད་པ་བསམ་གྱི་མི་ཁྱབ་པ་བྱུང་བ་དག བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ནང་གསལ་པོར་བསྟན་ཡོད་ལ། ཕྱིས་བྱོན་རྒྱ་བོད་མཁས་པ་ཇི་སྙིད་ཅིག་གིས་མགྲིན་དབྱངས་གཅིག་དུ་བསྔགས་པ་འདི་ནི་ངེས་པ་དོན་ལ་གནས་པ་ཡིན་གྱི་གཅམ་བུའི་ཚིག་གིས་ཟོལ་བསྟོད་བྱས་པ་ནི་ག་ལ་ཡིན། ཉེ་བའི་ལོ་འགའི་ནང་མགར་སྟོང་བཙན་གྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། བློན་པོ་དེའི་རུས་ཁུངས་ཐད་ལ་བཞེད་པ་མ་མི་འདྲ་བ་ཡོད་ཀྱང་། མང་ཆེ་བས་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་རྨུའམ་དམུ་རིགས་ལས་མཆེད་པ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། འཁྲུངས་ཡུལ་སྐོར་ལ་ད་བར་དུ་རྒན་པོའི་ངག་རྒྱུན་ཐར་ཐོར་ཙམ་དང་། གནའ་ཤུལ་དུ་གྲགས་པའི་གྱང་རོ་ཁ་ཤས། མགར་ཞེས་པའི་ཚིག་ཙམ་ཡོད་པའི་གྲོང་མིང་འགའ་ལ་གཞི་གཅོལ་བ་ལས་ཁུངས་བཙན་གྱི་ཡིག་ཆ་དང་འབྲེལ་བའི་ཡུལ་དངོས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་ར་འཕྲོད་ཐུབ་པ་ད་ཕན་བྱུང་མེད། དཔྱད་རྩོམ་འདིར་བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཟེར་བའི་དཔེ་རྙིང་བྲིས་མ་ཁུངས་བཙན་ཞིག་གཞིར་བཟུང་ནས། ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད་མགར་སྟོང་བཙན་གྱི་འཁྲུངས་ཡུལ་བཞད་ཀྱི་གླང་མ་ཆུ་ཚན་འགྲམ་དུ་ཡིན་པའི་སྐོར་རགས་བསྡུས་གླེང་ཁུལ་བྱའོ།།

 

ཕོ་བྲང་པོ་ཏ་ལའི་བདེ་གསུམ་དགེ་ལམ་སྒོ་མཆོར་ལྡེབ་རིས་ནང་གྱི་བློན་མགར་སྟོང་བཙན་རྒྱ་ནག་ཕོ་བྲང་དུ་རྩལ་འགྲན་པའི་རྣམ་པ།

 གཉིས།  གསར་རྙེད་བྱུང་བའི་བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཞེས་པའི་དཔེ་རྙིང་གི་སྐོར།

     སྤྱི་ལོ་༢༠༡༣ལོ་ནས་རང་ཉིད་སྐབས་དང་པོའི་རྒྱལ་ཡོངས་སྤོ་རུང་བའི་རིག་དངོས་ཡོངས་བཤེར་སྐོར་ལ་ལས་ཞུགས་བྱེད་སྐབས། བོད་ཀྱི་ས་གནས་དང་དགོན་ཁག་མང་པོར་དངོས་སུ་བསྐྱོད་པའི་གོ་སྐབས་དང་བསྟུན་ནས། དགོན་སྡེ་ཁག་དང་ས་གནས་སོ་སོའི་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུར་ཅུང་ཙམ་དོ་སྣང་བྱས་ཡོད། དེའི་བརྒྱུད་རིམ་ཁྲོད་བོད་ཀྱི་རྩ་ཆེའི་རིག་དངོས་སྐུ་འདྲ་དང་། ཞལ་ཐང་། ཆོས་སྤྱོད་ཡོ་ཆས། དེ་མིན་དམངས་སྲོལ་རིག་དངོས་རྩ་ཆེན་དག་རེ་རེ་བཞིན་ལག་ཟུང་གི་རེག་ཙམ་བྱེད་པའི་སྐལ་པ་བྱུང་ལ། གནའ་བོའི་ལོ་རྒྱུས་དང་འབྲེལ་བའི་དཔེ་རྙིང་མི་ཉུང་བ་ཞིག་ཀྱང་དངོས་སུ་ཞལ་མཇལ་བྱུང་། དེའི་ཁྲོད་ནས་བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཞེས་པའི་དཔེ་རྙིང་ནང་། ད་ལྟའི་བོད་ལྗོངས་གཞིས་ཀ་རྩེ་ས་གནས་བཞད་མཐོང་སྨོན་རྫོང་གི་ལོ་ངོ་བདུན་བརྒྱའི་གཡས་གཡོན་གྱི་ཞིབ་ཕྲའི་ལོ་རྒྱུས་དང་། དེ་བཞིན་ཐོག་མར་འཛམ་བུ་གླིང་གི་ཆགས་ཚུལ་དང་། བོད་ཡུལ་ཁ་བ་གངས་ཅན་གྱི་སྐོར། དེ་ནས་རིམ་པས་བཞད་ལུང་སྐྱ་མོ་དངུལ་དཀར་ཀྱི་ཕྱི་ནང་སྣོད་བཅུད་ཀྱི་གལ་ཆེའི་ལོ་རྒྱུས་སོགས་འཁོད་འདུག གཞུང་འདིའི་ནང་འཁོད་པར་བོད་ཁ་བ་གངས་ཅན་འདིར་མཁས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་ནས་བཞད་ལུང་འདིར་བོད་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་པཎ་གྲུབ་ཇི་ཉིད་ཅིག་བྱོན་ཚུལ་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བསམ་ཡས་སུ་བོད་ཀྱི་གྲྭ་བཙུན་དང་པོ་སད་མི་བདུན་གྱི་ཡ་གྱལ་བསྟན་པའི་མེ་རོ་སྨད་ནས་གསོས་མཁན། བསྟན་པའི་རྩ་མི་གསུམ་གྱི་ནང་ཚན། བོ་དོང་ཆོས་འབྱུང་སོགས་སུ་གསུངས་པའི་འཇད་མི་གཙང་རབ་གསལ་དང་། འཇད་པ་སྟོན་སྐྱབས་དང་འཇད་པ་གཞོན་བྱང་། ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་འགོས་ལོ་ཙཱ་བ། དཔའ་ཁང་ལོ་ཙཱ་བ། དངུལ་ཆུ་དྷ་རྨ་བྷ་དྲ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ། རྒྱལ་བ་དགེ་འདུན་རྒྱ་མཚོ། དེ་བཞིན་མང་སྲོང་མང་བཙན་གྱི་སྲས་འདུས་སྲོང་མང་པོ་རྗེའམ་སད་ན་ལེགས་འབྱིན་སྐབས་ཀྱི་རྩལ་པོ་ཆེ་མི་བདུན་གྱི་ནང་ནས། སེང་གེ་དཀར་མོའི་རྣ་བ་ནས་བཟུང་ནས་ཁྲིད་མཁན་ཨ་རྒོད་ལྡོང་བཙན་དང་། གླང་པོ་ཆེའི་ཕྲུ་གུ་གསོན་པོ་སྤང་དུ་ཁུར་མཁན་རྔོག་རིང་ནག་པོ་སོགས་བཞད་ཀྱི་ལུང་པར་འཁྲུངས་པས་བཞད་བཞུང་རིག་པའི་འབྱུང་གནས་ཞེས་མིང་དོན་མཚུངས་པར་གྲུབ་ཡོད། ལྷག་པར་བོད་བཙན་པོའི་བློན་པོ་གྲགས་ཆེ་བ་བོད་འབངས་བདེ་ལ་བཀོད་མཁན་མགར་སྟོང་བཙན་གྱི་རིགས་རུས་འཁྲུངས་ཡུལ་དང་། ཇི་ལྟར་བཙན་པོའི་བློན་པོར་གྱུར་མིན་སོགས་གསལ་པོ་འཁོད་འདུག་པ་ནི་ལོ་རྒྱུས་དེའི་ཐད་ཀྱི་དོགས་སློང་མང་པོ་ཞིག་ལ་གསལ་ཁ་ཆོད་ཐུབ་པའི་གལ་ཆེའི་རིན་ཐང་ལྡན་ཡོད།

 

    གསར་རྙེད་བྱུང་བའི་བཞད་ཀྱི་ལུང་བཤད་ཅེས་པའི་དཔེ་རྙིང་དེའི་ནང་འཁོད་པའི་ལོ་རྒྱུས་ཀྱི་གནད་དོན་དག་ཀྱང་མཛད་པ་པོའི་རང་སྣང་ལྟར་མིན་པར་དངུལ་ཆུ་ཐོགས་མེད་མ་བྱོན་གོང་དུ་རྡོག་ཨཱརྱ་དེ་བས་མཛད་པའི་བཞད་ཀྱི་ལུང་བཤད། རྩིས་འདུལ་བ་འཛིན་པ་ཆེན་པོས་མཛད་པའི་བཞད་ཀྱི་ལུང་བཤད་བཅས་གཉིས་དང་། ཕྱིས་སུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་དངུལ་ཆུའི་གནས་བཤད་ལས་འཕྲོས་པའི་བཞད་ཀྱི་ལུང་བཤད་བཅས་ཁུངས་བཙན་གྱི་ཡིག་ཆ་གསུམ་ལས་བཏུས་ཞེས་གསུངས། དེ་བཞིན་བརྗོད་བྱེད་ཀྱི་ནང་དོན་དག་ཀྱང་ཚིག་ཉུང་ལ་དོན་བསྡུས་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་དང་བོན་བཅས་ཀྱི་གྲུབ་བརྒྱུད་ཁག་གི་བླ་མ་བརྒྱུད་པ་དང་། དགོན་སྡེ། དེའི་ལོ་རྒྱུས་སོགས་ལ་འཁྱོག་བཤད་དང་བྲལ་བའི་ངང་བདེན་དོན་གསལ་པོར་བསྟན་འདུག རྩོམ་གཤིས་དང་ཚིག་གི་སྦྱོར་སྡེབ། ཡིག་གཟུགས། ཤོག་བུ་སོགས་གང་གི་ཆ་ནས་བལྟས་ཀྱང་། སྤྱི་ལོའི་དུས་རབས་བཅུ་དྲུག་བཅུ་བདུན་གྱི་ཁྱད་ཆོས་གསལ་པོར་མངོན་ཐུབ་ཀྱི་འདུག་ལ། གཞུང་འདིར་གནའ་སྔོན་ལོ་རྒྱུས་མང་པོའི་ནང་རྩོད་པ་ཅན་གྱི་བློན་པོ་མགར་གྱི་འཁྲུངས་ཡུལ་དང་། བོ་དོང་དུ་རྒྱ་གར་གྱི་པཎ་ཆེན་འབུམ་ཕྲག་གསུམ་པའི་བཤད་གྲྭའི་སྐོར། འབྲེ་ཆེན་པོ་ཤེས་རབ་འབར་ལྟ་བུའི་ཤིན་ཏུ་གྲགས་ཉུང་བའི་མཁས་གྲུབ་མང་པོ་ཞིག་གི་ལོ་རྒྱུས་རྣམ་ཐར་གསལ་བས་ན་རིན་ཐང་གཞལ་དུ་མེད་པའི་དཔེ་རྙིང་ཞིག་ལགས་སེམས་སོ།

 

 བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཞེས་པའི་དཔེ་རྙིང་བྲིས་མ།

     མཛད་པ་པོ་ནི་དཔེ་ཆེ་དེའི་མཇུག་ཏུ་རྒྱལ་སྲས་ཐོགས་མེད་པའི་སྐྱེ་བ་ཀུན་དགའ་མཆོག་གྲུབ། གྲུབ་ཆེན་ནག་པོ་སྤྱོད་པའི་སྐྱེ་བ་ཀུན་དགའ་གྲོལ་མཆོག སྤྱན་རས་གཟིགས་ཀྱི་ངོ་བོ་ཀུན་དགའ་དཔལ་བཟང་། གྲུབ་མཆོག་དམ་པ་ཀུན་དགའ་བསྟན་གསལ་དང་བློ་མཆོག་སོགས་ཀྱི་རུས་དབོན། གྲོལ་མཆོག་ཞབས་ཀྱི་ལུང་ཟིན་གྱི་མིང་ཀུན་དགའ་ཚེ་དབང་དོན་གྲུབ་མིང་གཞན་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པས་བརྩམས་ཞེས་ཁ་གསལ་བསྟན་འདུག་ཀྱང་། མ་དཔེ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱེད་དུས་གང་ཉིད་ཀྱི་བཤེས་གཉེན་ཇོ་ནང་ཀུན་དགའ་སྒྲོལ་མཆོག་ཞབས་སྤྱི་ལོ་༡༥༠༧ལོར་འཁྲུངས་པ་དང་། སྤྱི་ལོ་༡༥༦༦ལོར་དགོངས་པ་རྫོགས་པ་ལས་སྤྱི་ལོའི་དུས་རབས་བཅུ་དྲུག་ནང་དུ་བྱོན་པར་ངེས་ཏེ། །གཞུང་འདིའི་ནང་དོན་ཐད་ནས་ཁོང་ནི་སྤྱིར་ལོ་རྒྱུས་ལ་མཐོང་རྒྱ་ཆེ་བ་དང་། ཤེས་བྱ་རྒྱ་ཆེར་སྤྱན་དཀྱུས་ཡངས་པ། ཀུན་སློང་གཟུར་བོར་གནས་པ། ལམ་སྲོལ་ཀུན་གྱི་ཁུངས་ཆོད་པ་ཞིག་ཡིན་པ་ལས་གཞན་འཁྲུངས་འདས་སོགས་གང་ཉིད་ཀྱི་ལོ་རྒྱུས་མ་མཇལ་བས་ཁ་ཚོན་གཅོད་པར་མ་ནུས། ཕྱིས་སུ་རང་ཉིད་གནའ་དཔེ་ལེགས་སྒྲིག་ཀྱི་སྐབས་རྗེ་ཀུན་དགའ་ཚེ་དབང་དོན་གྲུབ་ནས་མཛད་པའི་གཞུང་གཞན་དབུ་ཤོག་ཏུ་ལོ་གསར་སོགས་ཕུན་གསུམ་ཚོགས་པའི་བཀྲ་ཤིས་ཀྱི་བཤད་པ་ངོ་མཚར་བའི་བློ་ཡི་འདབ་རྒྱ་མཛུམ་པའི་ལེགས་བཤད་ཅེས་པའི་མཇུག་བྱང་དུ་གཉག་སྟོན་ཤཱཀྱ་མུ་ནེའི་རིགས་བརྒྱུད་འཆི་མེད་གནས་ལས་འོངས་ཞེས་དང་རྒྱལ་སྲས་ཐོགས་མེད་པའི་སྐྱེ་བ་ཀུན་དགའ་མཆོག་གྲུབ། གྲུབ་ཆེན་ནག་པོ་སྤྱོད་པའི་སྐྱེ་བ་ཀུན་དགའ་གྲོལ་མཆོག སྤྱན་རས་གཟིགས་ཀྱི་ངོ་བོ་ཀུན་དགའ་དཔལ་བཟང་། གྲུབ་མཆོག་དམ་པ་ཀུན་དགའ་བསྟན་གསལ་དང་བློ་མཆོག་སོགས་ཀྱི་རུས་དབོན། གྲོལ་མཆོག་ཞབས་ཀྱི་ལུང་ཟིན་གྱི་མིང་ཀུན་དགའ་ཚེ་དབང་དོན་གྲུབ། མིང་གཞན་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པའམ་བྱང་སྨོན་གྲོང་ལོ་ཙཱ་བར་གྲགས་པས་ཕོ་བྲང་བསམ་གྲུབ་རྩེའི་དཔེ་དཀར་ཕུན་གླིང་གི་སྨོན་གྲོ་ཤག་ཏུ་རྫོགས་པར་བརྩམས་ཞེས་མཛད་པ་པོ་ཉིད་ནི་ཡོངས་སུ་གྲགས་པའི་སྨོན་གྲོང་ཡབ་སྲས་ནས་ཡབ་ཀུན་དགའ་ཚེ་དབང་དོན་གྲུབ་ཡིན་པ་ར་འཕྲོད་བྱུང་གསལ་པོར་། སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་ནི་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རིག་གནས་སོགས་ཀྱི་སློབ་དཔོན་གནང་ཡོད།

 

གནའ་དཔེ་རྩ་ཆེན་འདི་མ་དཔེ་ཇི་བཞིན་སྤྱི་ལོ་༢༠༡༦ལོར་པར་དུ་སྐྲུན་ཡོད།

 གསུམ།  མགར་སྟོང་བཙན་ཡུལ་སྲུང་གི་རུས་རྒྱུད་སྐོར་།

      དེ་ཡང་དེབ་ཐེར་རླངས་ཀྱི་པུ་ཏི་བསེ་རུ་ལས་ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་གསུངས་པ་ལྟར་མགར་སྟོང་བཙན་གྱི་འཁྲུངས་ཡུལ་སྐོར་ལ་ད་བར་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོའི་ཁྲོད་དུ་བོད་ལྗོངས་ལྷོ་ཁ་ས་ཁུལ་ཁོངས་གཉལ་ཞེས་པར་འཁྲུངས་པའི་བཞེད་ཚུལ་དང་། ཡང་ལྷ་ས་སྟོད་ལུང་ལྡེང་ག་དགོན་གྱི་ཉེ་འགྲམ་གྱི་མགར་ཚང་གོག་ཅེས་པའི་ཁྱིམ་དུ་འཁྲུངས་པ། གཞན་ཡང་འཕན་ཡུལ་སོགས་ནསའཁྲུངས་པ་སོགས་བཞེད་པ་མི་འདྲ་བ་འགའ་ཡོད་འདུག

 

ཐང་རྒྱལ་རབས་སུ་རྒྱ་ས་ཐབས་ཀྱི་བསུ་བར་བྱོན་སྐབས་ཀྱི་བློན་པོ་མགར།

    མགོན་པོ་ཀླུ་སྒྲུབ་ཀྱི་ལང་ཀར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་གྱུར། དེ་བས་རྨོངས་པ་སེལ་བའི་ཕྱིར། མགོན་པོས་མིང་དུ་གདགས་པར་མཛད། ཅེས་པ་ལྟར་བོད་མིའི་རིགས་རུས་འདོགས་ཚུལ་སྐོར་ལ་ཡང་མི་རིགས་ཀྱི་ཁྱད་ཆོས་གཏིང་ཟབ་མོ་ཡོད། གྱི་ལུང་བཀྲ་ཤིས་རྒྱ་མཚོས་མཛད་པའི་བོད་མི་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་བོད་ཁ་བ་གངས་ཅན་གྱི་སྤྱི་མེས་ཆེན་པོ་ཕ་སྤྲེའུ་བྱང་ཆུབ་དང་མ་བྲག་སྲིན་མོ་གཉིས་ཀྱིས་རང་གི་རུས་རྒྱུད་སྤྲེའུ་ཕྲུག་ལྔ་བརྒྱ་རུ་འཕེལ་བ་རྣམས་སེ་དང་རྨུ་༼དམུ་༽ ལྡོང་དང་སྟོང་གི་རུས་ཆེན་བཞི་དང་། རུས་ཆུང་དབྲ་དང་འདྲུ་སྟེ་བོད་མིའུ་གདུང་དྲུག་ཏུ་བཀར་བ་དང་། དེའི་རྗེས་སུ་ཞང་པོ་རྒོ་ལྷ་རིགས་བསྣན་ཏེ་བདུན་དུ་བཀར། བོད་ཁ་བ་ཅན་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་འདི་ཡང་མི་བུ་གདུང་དྲུག་ཏུ་བགོས་པ་དང་།གཞན་ཡང་མི་བུ་གདུང་དྲུག་གི་དབྱེ་བ་འབྱེད་སྟངས་སྐོར་ལ་བེེ་སེར་ནང་དུ་དགའ། ལྡོང་། འབྲུ། དབྲ། ནེ་བོ། དཔལ་དང་བཅས་མི་བུ་གདུང་དྲུག་དུ་འབྱེ་ཚུལ་འདུགསྐབས་སུ་བབ་པའི་བརྗོད་བྱ་ནི་གཞུང་དེའི་ནང་བཙན་པོ་སྲོང་བཙན་གྱི་མེད་ན་མེད་པའི་བློན་པོ་བཞི་ལས་མགར་སྟོང་བཙན་གྱི་རུས་ཁུངས་ལ་ཡང་ལྷ་རིགས་སྒོ་དང་རྨུ་༼དམུ་༽ལས་མཆེད་པའི་འདོད་ཚུལ་མི་འདྲ་གཉིས་ཙམ་བྱུང་འདུག དེ་རྣམས་ཀྱང་མགར་གྱི་ཕོ་བྲང་དུ་གྲགས་པའི་གྱང་རོ་ཙམ་དང་དམངས་ཁྲོད་ཀྱི་ཤོད་རྒྱུན་ཙམ་ལས་མ་འདས། ལྷག་པར་མགར་སྟོང་བཙན་ནི་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་ཞིང་། ཕོ་རྩལ་སྣ་དགུ་དང་ལྡན་པ། རྨད་དུ་བྱུང་བའི་ལྷག་བསམ་དང༌། ཞུམ་པ་མེད་པའི་སྙིང་སྟོབས་ཅན་ཞིག་ཡིན་པ། སྐུ་ཚེ་གཅིག་ལ་ཡུལ་གྲུ་མང་པོར་མཛད་པ་བསྐྱངས་པས། དེང་གི་ཆར་དེའི་རིགས་རྒྱུད་ཡིན་པར་གྲགས་མཁན་མང་པོ་ཡོད་པར་ཡ་མཚན་བྱེད་དགོས་མ་མཆིས།

 

ཕོ་བྲང་པོ་ཏ་ལར་བཞུགས་པའི་མགར་སྟོང་སྟོང་བཙན་གྱི་འཇིམ་སྐུ་དང་གསེར་ཟངས་ལས་གྲུབ་པའི་བཞེངས་སྐུ།

       མདོར་ན་མགར་གྱི་མཆེད་ཁུངས་སྐོར་ལ་དེའི་དད་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་དམུ་ལས་མཆེད་པ་གཅིག་ཏུ་ངོས་འཛིན་ཐུབ་པ། མགར་བུ་འཇམ་གསར་གྱི་མགར་དང་འགར་གྱི་ཁྱད་པར་ལས་འཕྲོས་པའི་རིགས་རྒྱུད་སྐོར་རོབ་ཙམ་གླེང་བ་ཞེས་པ་ལས། མགར་གྱི་མཆེད་ཁུངས་རྨུ་ལས་མཆེད་པར་བརྗོད་དགོས་པར་ང་རང་གཅིག་པུ་མ་ཡིན་པར་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་ཁ་མཐུན་པའི་ཞལ་ཆམས་གཅིག་ཏུ་བཀོད་པ་ཡིན་ཞེས་དང་། མགར་སྟོང་བཙན་ལ་ཆེད་དུ་ཞིབ་འཇུག་གནང་མཁན་འབུམ་རམས་པ་མཐར་བ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཀྱང་མགར་ཞེས་པ་དེ་རྩ་བའི་རུས་ཆེན་རྨུ་ལས་མཆེད་པ་ནི་ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི་རྗེ་འབངས་རྣམས་ཀྱི་རིགས་རུས་ཀྱི་འབྱུང་ཁུངས་གསལ་བའི་སྒྲོན་མེ་སོགས་སུ་རྒྱས་པར་གསུངས་ཡོད་ གཞན་ཡང་མཁས་དབང་ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་སྣང་ལས་བོད་ཀྱི་རུས་ཁུངས་མཆེད་ཁུངས་འདྲེན་སྐབས་རུས་ཆེན་བཞི་ཡི་མཆེད་ཚུལ་ནི། ལྡོང་ལ་རུས་ཆེན་བཅོ་བརྒྱད་སྲིད། རྨུ་ལ་ཀོ་ལེའི་ཁྲ་བརྒྱད་སྲིད། སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད། སེལ༼སེ༽བྱུང་ལེགས་ཀྱི་བུ་བཞི་སྲིད། རུས་ཆེན་བཞི་ཡི་ཆད་ཚུལ་ཡིན། ཞེས་རྩ་བའི་རུས་བཞི་གསུངས་ཤིང་ནང་གསེས་རྣམས་རེ་རེ་བཞིན་དུ་དྲངས་ཡོད་དེ་རྨུའི་སྐབས་སུ། ངམ་དང་སྣུབས་དང་གཞུང་དང་གསུམ། འགར་དང་དཀར་དང་སྨོན་དང་གསུམ། སྙོས་དང་ངན་ལམ་གཉིས་ཏེ་བརྒྱད། རྨུ་ཀོ་ལེ་ཁྲ་བརྒྱད་ཟེར་བ་ཡིན། གཞན་ཡང་རྒྱའི་ཡིག་ཚང་ཐང་ཡིག་རྙིང་མ་ལས་མགར་གྱི་རུས་དེ་ཤོ་ཡིན་ཟེར་ཡང་禄东姓蒆དེའི་འབྲེལ་པའི་ནང་ཐང་ཡིག་གསར་མའི་ནང་ཟེར་བ་ལ་བཟོས་ཡོད། རྒྱའི་ཚིག་གཏེར་རྒྱ་མཚོའི་ནང་ཐང་རྒྱལ་རབས་སྐབས་ཡིག་གེ་འདི་དང་噶尔གཉིས་སྒྲ་གཅིག་མཚུངས་ཡིན་པ་དོགས་སེལ་གསལ་པོ་བྱས་འདུག མདོར་ན་དེའི་ཐད་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་བློན་པོ་མགར་འཁྲུངས་དུས་དང་འཁྲུངས་གནས་གཉིས་བཞེད་པ་མི་འདྲ་བ་འགའ་བྱུང་ཡང་། རུས་ཁུངས་དེ་བོད་ཀྱི་རུས་ཆེན་རྨུ་༼དམུ་༽ལས་མཆེད་པ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

 

    མགར་ཞེས་པའི་ཐ་སྙད་འདི་ཡང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་སྐབས་རེ་མགར་དང་སྐབས་རེ་འགར་དུ་འབྲི་བ་ལས་དོན་དུ་ཁྱད་པར་མེད་པ་བསྟན་ཡོད། སྔོན་གྱི་ཆོས་འབྱུང་ཆེན་པོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱི་མཛད་པ་དེ་ཉིད་དུ་འགར་སྟོང་ཡུལ་སྲུང་། བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན། དེབ་ཐར་སྔོན་པོ། ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཚེ་ཏན་ཞབས་དྲུང་མཆོག་གི་ཐོན་མིའི་དགོངས་རྒྱན། ཆོས་སྲིད་ཉི་ཟླའི་འོད་རླབས་སོགས་སུ་འགར་ཆེན་ཡེ་ཤེས་བཟང་པོ་དང་འགར་དམ་པ་ཆོས་ལྡིངས་སོགས་གནམ་གྱི་ས་བཀབ་པའི་བླ་མ་དེ་དག་གི་རྟོགས་བརྗོད་གླེང་སྐབས་མཐའ་གཅིག་ཏུ་འགར་བྲིས་ཡོད། ཏུན་ཧོང་ཡིག་རྙིང་ནང་། དོན་ཆེན་གནད་བསྡུས་དང་བཙན་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་ཉུང་བསྡུས་སོགས་སུ་མགར་རྩན་ཡུལ་ཟུང་། མགར་སྟ་གུ་རི་ཐུང་སོགས་སུ་མགར་ཡིག་ཁོ་ན་བྲིས་ཡོད་པ་གཞིག་ན། སྐབས་འགར་མགར་དང་འགར་གཉིས་ཀྱི་དོན་ལ་ཁྱད་མེད་པ་ཐུན་མོང་གི་རུས་ཚན་གཅིག་ཡིན་པ་ཤ་སྟག་རེད།

 

    གསར་རྙེད་བྱུང་བའི་དཔེ་རྙིང་འདིའི་ནང་བློན་པོ་རིག་པ་ཅན་མགར་སྟོང་བཙན་བཞད་དུ་འཁྲུངས་པའི་སྐོར་བསྟན་འདུག་པ་གཅིག ཡུལ་དེར་ད་བར་དུ་དམུ་རིགས་གཤེན་གྱི་རྒྱུད་པ་མ་ཆད་པར་དེའི་གདན་ས་དངོས་སུ་མཇལ་རྒྱུ་ཡོད་པ་དང་གཉིས། རང་ཉིད་ཆུང་དུས་ནས་ཡུལ་མི་སྤུན་གྲོགས་ཚོས་ཉེ་འགྲམ་གྱི་གྲོང་ཚོ་ཞིག་ན་བློན་པོ་རིག་པ་ཅན་གྱི་རྒྱུད་པ་ཡིན་པའི་དུད་ཁྱིམ་ཞིག་ཡོད་པའི་སྐོར་དང་གསུམ། དེ་བཞིན་བོད་ཀྱི་ས་ཕྱོགས་གཞན་དང་འདྲ་བར་མགར་སྟོང་བཙན་གྱིས་རྒྱ་ནག་གོང་མས་ཧོར་དང་སྟག་གཟིག་སོགས་ཀྱི་རྒྱ་བཟའ་སློང་མི་གཞན་དང་ཐབས་འགྲན་དུ་བཅུག་པའི་སྒྲུང་གཏམ་མང་པོ་རྒན་རབས་ཀྱི་ངག་རྒྱུན་ནས་ཐེངས་མང་ཐོས་མྱོང་བའི་བག་ཆགས་དང་བཞི་བཅས་ཀྱི་སྐུལ་སློང་གིས། སྔོན་བྱོན་མཁས་པས་བྲིས་པའི་མགར་སྟོང་བཙན་སྐོར་གྱི་ལོ་རྒྱུས་རྒྱུ་ཆ་དང་། དེང་མཁས་པ་ཚོས་དེའི་སྐོར་ལ་ཞིབ་འཇུག་བྱས་པའི་གནས་སྟངས་སྐོར། ད་ཐེངས་གསར་རྙེད་བྱུང་བའི་དཔེ་རྙིང་འདི་དང་འདིའི་ནང་འཁོད་པའི་ཡུལ་དངོས་ལ་རྟོག་ཞིབ་ཙམ་བྱས་ཡོད།

 

    དེ་ཡང་མགོན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས། བརྩོན་འགྲུས་བརྟུལ་ཕོད་བརྟན་པ་དང་། སྟོབས་དང་བློ་གྲོས་ཕ་རོལ་གནོན། འབད་རྩོལ་ཡོན་ཏན་དྲུག་ལྡན་པ། དེ་ལ་ལྷ་ཡང་འཇིགས་པ་སྐྱེ། ཞེས་གསུངས་པའི་བཙན་པོ་སྲོང་བཙན་གྱི་སྐབས་ཆེད་དུ་ཡོན་ཏན་དྲུག་དང་ལྡན་པའི་མི་ཕྱོགས་མཐར་འཚོལ་མི་བཏང་བས། འཚོལ་མི་རྣམས་བཞད་ཀྱི་གླང་མ་ཆུ་ཚན་༼ད་ལྟ་གླང་མ་ཆབ་ཁ་ཆུ་ཚན་ཡང་ཟེར་༽དུ་འབྱོར་རྗེས་བལ་པོའི་སིའུ་མ་ཟོས་ཀྱང་། ཁ་དོག་ཉིད་ལས་བྲོ་མཆོག་ཤེས། བློ་དང་ལྡན་ན་མ་སྨྲས་ཀྱང་། རྣམ་འགྱུར་ཉིད་ལས་བསམ་པ་ཤེས་ཞེས་པ་ལྟར་། ཕྲུ་གུ་ངོ་མཚར་ཅན་ཞིག་འཕྲད་པའི་སྐོར་ཇི་བཞིན་དུ་བཀོད་འདུག་སྟེ། བཞད་ཀྱི་ལུང་བཤད་ལས། འཚོལ་མི་རྣམས་བཞད་ཆུ་ཚན་ཁར་སླེབས། དེར་ཁོང་རྣམས་ཀྱིས་བྲོའི་དུས་ལ་བབས་ནས་ལྟོ་བཞའ་བར་ཉེ་བའི་ཆར། བི་ཚ་ཕྲུ་གུ་གསུམ་ཕྱུགས་འཚོ་ཡི་འདུག་པའི་ནང་གི་ཕྲུ་གུ་སློག་རུལ་གྱོན་པ། མིག་རྩ་དམར་བ། ཡིད་དུ་འོང་བ། ངང་རྒྱུད་འཇམ་པ། ངག་སྙན་པ། ཤེས་རིག་སྒྲིམས་པ། གཏན་རྐན་ཐག་གཙང་བ། མིག་འཛུམ་ཟུར་གྱིས་བལྟ་བ། དཔའ་བའི་མཚན་རྟགས་ཡོད་པ་གཅིག་འདུག་ཞེས་འཁོད་། ཚིག་དུམ་འདིའི་ནང་མགར་སྟོང་བཙན་རྙེད་ཁུངས་དང་བྱིས་པའི་དུས་ནས་གཞན་དང་མི་འདྲ་བའི་ཁྱད་པར་རྟགས་མཚན་འཁོད་འདུག་ལ། ཁྱིམ་ཚང་ཕལ་པའི་རྫི་བོ་ཞིག་ཡིན་པ་གསལ་པོར་བསྟན་པ་འདི་དང་། རྒྱའི་གནའ་རབས་ཀྱི་ལོ་རྒྱུས་ཐང་ཡིག་རྙིང་མ་སོགས་ཀྱི་ནང་དུ་ཡང་མགར་འདིར་ཡི་གེར་རྨོངས་བ་ཡིན་ཀྱང་རང་བཞིན་གྱི་རིག་པ་རྣོ་ཞིང་ངང་ཚུལ་བརྟན་པ། གཡུལ་གྱི་བྱ་བར་མཁས། བོད་འབངས་རྣམས་ཀྱི་རྒྱབ་རྟེན་ཁོ་ལ་བཅོལ་ཏེ་རྒྱལ་ཁབ་སྟོབས་ཆེར་གྱུར་བ་ཡིན་ཞེས་པའི་མགར་ཡིག་རྨོངས་བ་ཞིག་ཡིན་པ་གཅིག་མཚུངས་སུ་གྲུབ།

 

དཔེ་རྙིང་འདིའི་ནང་བློན་པོ་རིག་པ་ཅན་བཞད་དུ་འཁྲུངས་པའི་སྐོར།

       གཞན་ཡང་མགར་སྟོང་བཙན་ཆུང་བྱིས་པའི་དུས་ནས་བློ་རིག་བཀྲ་བའི་སྐོར་ལ་ཡང་དཔེ་རྙིང་འདི་ནང་འཁོད་པར། འཚོལ་མི་ཚོས་དངོས་སུ་མཐོང་བར། བྱིས་པ་འདི་ངོ་མཚར་བ་ཞིག་འདུག་སྙམ་པའི་ཚེ། ཆར་འབབས། བྱིས་པ་དེས། བྱེ་མ་དྲུས་ནས་སློག་རུལ་སྦས། དེའི་ཁར་རྡོ་ལེབ་གཅིག་བཞག ཁོ་རང་ཆུ་ཚན་ནང་ཉལ། བྱིས་པ་གཞན་གཉིས་ཀྱིས་གོས་བཟས་ཆར་གྱིས་བང་ཚར་བར་དེ་སྐད་བྱས། ཆར་ཆད་པ་དང་ཁོ་ལངས། སློག་རུལ་བཏོན། དཀྲུགས་ནས། སྐམ་པོ་གོན་རྒྱུ་བྱུང་། གཞན་གཉིས་ཀྱིས་དེ་ལྟར་བྱས་པས་རློན་དུ་ཀ་སོང་བ། འདི་གྱ་ཉེས་རང་གཅིག་འདུག་བསམ་པ་བྱུང་ནས། ངེད་རྣམས་རྫོང་བདུན་ལ་ཡར་འགྲོ་རྒྱུ་ཡིན་ཞེས་འཁོད། ད་དུང་ཕྲུ་གུ་ངོ་མཚར་ཅན་དེས་མཚར་གཏམ་ཅི་འདྲ་བཤད་པའི་སྐོར་ལ་ཡང་དཔེ་རྙིང་འདིའི་ནང་དུ་གསལ་བར། ངེད་རྣམས་རྫོང་བདུན་ལ་འགྲོ་བའི་ལམ་ལ། འདམ་དཀྱིལ་ཡོད་ས་གཅིག་དང་། ནུབ་ལ་ལམ་ཡོད་ས་གཅིག་སྟེ། ལམ་གཉིས་འདུག་པའི། ལམ་འདི་གཉིས་གང་ཉེ་ཞེས་ཕྲུ་གུ་དེ་དྲི་སྐབས། ཕྲུ་གུ་དེས་ཉེ་བ་འདི་ཉེ་ན། རིང་བ་འདི་རིང་སྟེ། ཁྱེད་རྣམས་ཉེ་འདོད་ན་རིང་བསྐོར་བྱ་བ་ཡིན་ཟེར། དེར་འཚོལ་མི་རྣམས་ཀྱིས་འདི་གྱ་ཉེས་རང་ཞིག་འདུག་བསམ་ནས། ཕྲུ་གུ་དེ་ཟེར་ཟེར་གྱི་རྟ་པ་ཁ་བགོས་ནས། རྟ་པ་གཉིས་ཀྱིས་ལམ་གཅིག་ལ་ཕྱིན། རྟ་པ་གཉིས་ཀྱིས་ལམ་གཅིག་ལ་ཕྱིན་ནས་ཉེ་བ་དེ་འདམ་ལ་བྱིངས་ནས་རྗེས་སུ་ལུས། རིང་བ་དེ་སྔོན་ལ་སླེབས། ཕྲུ་གུ་ཟེར་བ་དེ་རང་བདེན་བསམ། འདི་ལྟ་བུའི་ཀུན་ངོ་མཚར་བའི་རྟགས་མང་པོ་བྱུང་བར་གསལ།

 

བཞད་ཀྱི་གླང་མ་ཆབ་ཁ་ཆུ་ཚན་ཉེ་འགྲམ་གྱི་མགར་སྟོང་བཙན་འཁྲུངས་གནས་ཀྱི་གནའ་ཤུལ།

     འདི་དོན་གསལ་པོར་རྟོག་པ་ངེས་ཤེས་ཅུང་ཙམ་ཡོང་ཆེད། སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་༧པའི་ཟླ་མཇུག་ཏུ་ཡུལ་དངོས་སུ་ཆེད་དུ་རྟོག་ཞིབ་ཏུ་བསྐྱོད་པ་ཡིན། བཞད་ཀྱི་ལུང་བཤད་ནང་གསལ་བ་བཞིན་ད་ལྟའི་གཞིས་ཀ་རྩེ་ས་གནས་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་ཚོར་སླེབས་དུས། ལམ་ཟུར་གྱི་གྲོང་མི་ཞིག་ལ་བཀའ་འདྲི་ཞུས་པ་ལྟར་གླང་མ་ཆབ་ཁ་ཆུ་ཚན་གྱི་ཤར་ངོས་སུ་གནས་ཆགས་པའི་ཁྱིམ་མིང་ལ་རྫོང་པ་ཤར་མ་ཟེར་བ་ཞིག་འདུག དུད་ཁྱིམ་དེའི་ནང་ད་ལོ་དགུང་ལོ་༦༥སོན་པའི་མཚན་ལ་རྡོ་རྗེ་ཞུ་ཞིག་དང་། མི་རིང་བའི་སར་ཁྱིམ་རྒྱུད་འདི་ནས་ཁ་གྱེས་པའི་དུད་ཁྱིམ་གཞན་ཞིག་ཏུ་དགུང་ལོ་༧༠སོནཔའི་སྐལ་ལགས་ཞུ་བ་གཉིས་ཀྱིས་གསུངས་པར་། ཁོང་གཉིས་ཆུང་དུས་ནས་ཕ་མ་གྲོང་འདས་ཕྱིན་ནས། རང་ཉིད་ཀྱི་སྤུན་མཆེད་དང་ཡུལ་མི་ཚོས། རང་གི་ཁྱིམ་བརྒྱུད་འདི་བློན་པོ་རིན་པོ་ཆེ་མགར་གྱི་བརྒྱུད་པ་ཡིན་པ་བརྗོད་ཀྱི་ཡོད་ལ། སྤྱིར་ན་ཁྱིམ་བརྒྱུད་འདིར་སྤུན་མཆེད་ཆེ་ཆུང་དྲུག་ལས་བུ་ལྔ་དང་བུ་མོ་གཅིག་ཡོད་པས། བློ་དང་རིག་པ་སོགས་གང་ནས་ཀྱང་ཡུལ་འདིར་ཅུང་ཙམ་གྲགས་ཆེ། ལྷག་པར་འདས་གྲོང་དུ་ཕྱིན་མ་ཐག་པའི་ཁྱིམ་དེའི་རྒྱུད་པ་བགྲེས་སོང་བསམ་གྲུབ་ལགས་ནི་སྤྱི་ཚོགས་རྙིང་པའི་སྐབས་ནས་རྐང་བྲོ་གླུ་གཞས་སོགས་ལ་མཁས་ཤིང་། ཡུལ་དེའི་དམིགས་བསལ་གྱི་གླུ་གར་གཞས་ཆེན་ཟེར་བའི་ནང་ལོ་མང་རིང་གཞས་དཔོན་གྱི་འགན་འཁུར་གནང་གི་ཡོད་ཟེར།

 

གླང་མ་ཆབ་ཁ་ཆུ་ཚན་ཉེ་འགྲམ་གྱི་རྗོང་པ་ཤར་མའི་མགར་གྱི་རྒྱུད་པར་གྲགས་པའི་བགྲེས་སོང་སྐལ་ལགས་དང་རྡོ་རྗེ་ལགས།

      གཞན་ཡང་སྤྱི་ལོ་༢༠༡༥ལོའི་ཟླ་བ་དང་པོའི་ཚེས་༢༤ཉིན། བོད་སོ་ནམ་ལོ་གསར་ཚེས་གསུམ་ཉིན་སླར་ཡང་བཞད་ཀྱི་གླང་མ་ཆབ་ཁ་གྲོང་ཚོའི་རྗོང་པ་ཤར་བ་ཟེར་བའི་ཁྱིམ་ཚང་དེའི་བུ་ལྔའི་ནང་གི་མཚན་ལ་ཤེས་རབ་ལགས་ཞུ་བར་ཆེད་དུ་བཅའ་འདྲི་ཞུ་བར་བསྐྱོད། ཁོང་ནི་ད་ལོ་དགུང་གྲངས་༨༢ལ་སོན་ཞིང་། སྤྱན་གཉིས་ཅུང་ཙམ་མི་གསལ་བར་གྱུར་ཡང་། སྔར་གྱི་ལོ་རྒྱུས་དང་རང་གི་ཕ་མེས་ཡང་མེས་ནས་དངོས་སུ་ཐོས་མྱོང་བའི་གཏམ་བརྒྱུད་ཁག་ལ་དུས་ད་ལྟ་ཡང་ཐོག་མེད་དུ་གསུང་རྒྱུ་འདུག་ལ། བློ་དང་དྲན་པ་གསལ་བ་ཞིག་འདུག ཁོང་གི་གསུང་བར་རང་གི་ཁྱིམ་རྒྱུད་དེ་བློན་པོ་རིག་པ་ཅན་གྱི་རྒྱུད་པ་ཡིན་པ་བཤད་རྒྱུན་ཙམ་མ་ཡིན་པར། བློན་པོ་མགར་གྱི་བཀོལ་སྤྱོད་བྱེད་མྱོང་བའི་དངོས་པོ་དཔའ་དམ། ཁྲབ། དབུ་རྨོག མདའ་གྲི་གདུང་སོགས་མཚོན་ཆ་འདྲ་མིན་ཉར་ཡོད་ཀྱང་རིག་གསར་སྐབས་ཚང་མ་རྩ་མེད་དུ་སོང་བ་གསུངས། མ་ཟད་ཁོང་གི་གསུངས་པར་རང་ཉིད་ཆུང་དུས་རྨོ་ལགས་ཀྱི་གསུངས་པར་སྐབས་དེར་རྫོང་པ་ཤར་མ་ཁྱིམ་ཚང་དེ་བློན་པོ་མགར་གྱི་རྒྱུད་པ་ཡིན་པར་བརྟེན་དཔྱ་ཁྲལ་ཡང་གཞུང་ཕྱོགས་ནས་མེད་པར་བཟོས་པའི་ཐོབ་ཐང་གནང་བར་གསུང་བ་སོགས་གང་ནས་དཔྱད་ཀྱང་མགར་གྱི་རྒྱུད་པ་འཁྲུལ་མེད་ཡིན་པ་ངེས་ཤེས་སྐྱེ་ཐུབ་བསམ།

 

གླང་མ་ཆབ་ཁ་ཆུ་ཚན་ཉེ་འགྲམ་གྱི་རྗོང་པ་ཤར་མའི་མགར་གྱི་རྒྱུད་པར་གྲགས་པའི་བགྲེས་སོང་ཤེས་རབ་ལགས།

     གོང་སྨྲོས་བཞིན་བློན་པོ་མགར་གྱི་སྐོར་ལ་ཞིབ་འཇུག་གནང་མཁན་ཚོས་མགར་གྱི་རུས་རྒྱུད་དེ་དམུ་ལས་མཆད་པ་ངོས་འཛིན་གནང་བཞིན་ཡོད། འདི་ཡང་མནོ་བསམ་གཏོང་དགོས་པ་ཞིག་ལ་དཔེ་རྙིང་འདིའི་ནང་འཁོད་པའི་བཞད་མཐོང་སྨོན་གླང་མ་ཆབ་གའི་ཆུ་ཚན་གྱི་ཤར་ཕྱོགས་སྤྱི་ལེ་དྲུག་ཙམ་གྱི་སར། དཔལ་ལྡན་དར་ལྡིང་ཞེས་པའི་སར་དམུ་རིགས་གཤེན་གྱི་གནའ་བོའི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་དང་གསས་ཁང་གསེར་སྒོ་ཁྲ་མོ་གཉིས་ད་བར་དུ་ཡང་དམུ་གཤེན་གྱི་གདུང་བརྒྱུད་འཛིན་པ་ནོར་བུ་དབང་རྒྱལ་བར་མ་ཆད་པ་ཡོད། གཞན་ཡང་དམུ་རིགས་གཤེན་གྱི་བསྟན་འབྱུང་ལས་དམུ་གཤེན་ལྷའི་གདུང་རྒྱུད་དམིགས་བསལ་དུ་འཆེད་པ་ལས་སྒོང་ང་རང་རྡོལ་གྱི་ནང་ནས་མཚན་ལྡན་གྱི་ཁྱིའུ་གདུང་དྲུག་བལྟམས་པ་ནི། གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་སྟེ། དམུ་གཤེན་ལྷ་ཡི་གདུང་དང་། དཔའ་བོ་གསས་རྗེའི་གདུང་། རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་དང་། གཉན་མཁའ་འགྱིང་གི་གདུང་དང་། ཤག་གར་གསས་ཀྱི་གདུང་དང་། ཧོས་གནམ་གསས་ཀྱི་གདུང་དང་དྲུག་བྱུང་།ཞེས་པའི་ནང་གཡུང་དྲུང་བོན་གྱི་གཞུང་ལས་གསུངས་པའི་དམུ་རིགས་འདི་དང་ཕྱིས་འབྱུང་བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེར་གསུངས་པའི་བོད་མིའི་མེས་པོ་མི་བུ་གདུང་དྲུག་ནང་གི་རྨུའམ་དམུ་རིགས་འདི་གཉིས་ཕྱོགས་གང་ནས་བསམ་ཡང་གཅིག་ཏུ་སེམས། བསྟན་འབྱུང་འདི་ལས་བོད་དུ་དམུ་གཤེན་བྱོན་ཚུལ་ཐད་ཐོག་མར་བོད་རྗེ་དམུ་ཁྲི་བཙན་པོའི་སྐབས་ཞང་ཞུང་ནས་མཁས་པ་བརྒྱ་དང་རྩ་བརྒྱད་བླའི་མཆོད་གནས་སུ་གདན་དྲངས་སོགས་བོན་གྱི་བྱམས་མའི་རྒྱུད་ཀྱི་རྒྱལ་རབས་ནས་བཤད་པ་གསུངས་ལ། ཕྱིས་ཁྲི་སྲོང་ལྡེ་བཙན་གྱི་བར་རྒྱལ་རབས་བཅུ་ཕྲག་གསུམ་དང་བདུན་ཕྲག་གཅིག་གི་བར་རྒྱལ་པོའི་མཆོད་གནས་ཁོ་ནར་བཞུགས། རྒྱལ་པོ་དེའི་རིང་ལ་བོན་གྱི་བསྟན་པ་བསྣུབས་ནས་དམུ་གཤེན་རིགས་རྒྱུད་ཡུལ་གཞན་དུ་ཁྱར་བའི་ཐད་ལ། རྒྱལ་བློན་གདུག་པའི་བསམ་སྦྱོར་གྱིས་བོན་བསྟན་པ་རིན་པོ་ཆེ་བསྣུབས་པར་བརྩམ་པས། རིག་འཛིན་གཤེན་པོ་ཀུན་ཐུགས་ཆད་ནས། བོད་དུ་མ་བཞུགས་པར་རྫུ་འཕྲུལ་གྱིས་འཕུར་ནས། མཁའ་སྤྱོད་དང་། གཡའ་རི་གངས་བྲག་མཚོ་གླིང་བྲག་ཕུག རྩྭ་མི་ཤིང་མི། འཇང་མོ་མི་རྐང་མའི་ཡུལ་སོགས་མཐའ་འཁོབ་རྣམས་སུ་གཤེགས་པས། དམུ་གཤེན་དེ་གཉིས་ཀྱང་ཤར་ཙོང་ཁའི་ཡུལ་དུ་གཤེགས་སོ་ཞེས་འཁོད། ད་ལྟའི་བཞད་ཀྱི་ཡུལ་དུ་ཆགས་པའི་དམུ་རིགས་གཤེན་གྱི་གདན་ས་འདི་དུས་གང་ཙམ་ལ་འདིར་འཕོས་མིན་ཐད། དམུ་རིགས་གཤེན་གྱི་གདན་ས་དང་བོན་གྱི་ཆགས་འཇིག་དང་འབྲེལ་བའི་ལོ་རྒྱུས་དེབ་ཐེར་ཁག་ནང་། བོད་རྒྱལ་གྲི་གུམ་བཙན་པོའི་དུས་སུ་བོན་བསྟན་ནུབ་རིར་ཕྱོགས་པའི་དབང་གིས་དམུ་གཤེན་གྱི་གདུང་དེ་ཡང་ཉག་ཕྲ་བར་གྱུར། ཕྱིས་ནང་པ་སངས་རྒྱས་ཆོས་ལུགས་བོད་དུ་ས་ཁྱབ་རྡོ་ཁྱབ་དུ་སོང་ནས་བན་བོན་དབར་གྱི་འཁྲུག་གཞི་ཡང་ཇེ་མང་དུ་སོང་མཐར། བོན་པོ་རྣམས་སྐབས་དེའི་རྒྱལ་པོའི་ཆབ་སྲིད་ཀྱི་ལྟེ་གནས་ནང་ཐག་རིང་བའི་སར་ཕར་སྤྲད་བྱས་འདུག དམུ་གཤེན་གྱི་གདུང་རྒྱུད་དག་ཀྱང་ད་ལྟའི་གནས་འདིར་འཕོས་པར་སེམས།

 

གླང་མ་ཆབ་ཁ་ཆུ་ཚན་གྱི་ཤར་ཕྱོགས་སུ་གཞིས་ཆགས་པའི་དམུ་རིགས་གཤེན་གྱི་གདན་ས་རི་རྒྱལ་དགོན།

 བཞི། མཇུག་བསྡུ་བ།

       མདོར་ན། རང་ཉིད་ལ་ལག་སོན་བྱུང་བའི་དཔེ་རྙིང་དང་འབྲེལ་ཡོད་ལོ་རྒྱུས་རྒྱུ་ཆ། དེ་བཞིན་ཡུལ་དངོས་སུ་རྟོག་ཞིབ་རགས་ཙམ་ཞིག་བྱས་པའི་མཐའ་བསྡོམས་ཀྱི་ས་བཅད་བསྐང་བ་ཙམ་ལས། དེ་ཙམ་གྱི་ངེས་ཤེས་སྐྱེ་ཐུབ་པ་ཞིག་འདིར་མ་ནུས་ཀྱང་། བཞད་ཀྱི་ལུང་བཤད་ཅེས་པའི་དཔེ་རྙིང་འདིའི་ནང་འཁོད་པ་དང་། ལྷག་པར་བློན་མགར་གྱི་སྐོར་ལ་མཁས་དབང་དག་གིས་ཞིབ་འཇུག་བྱས་པའི་འབྲས་བུ། དེ་བཞིན་ཡུལ་དངོས་ཀྱི་གནས་ཚུལ་དང་བསྟན་འབྱུང་སོགས་ལ་བསྐྱར་དུ་ཞིབ་དཔྱད་རགས་ཙམ་བྱས་པ་བརྒྱུད། མ་གཞི་དེང་གི་གནད་དོན་ཕལ་ཆེར་ཚན་རིག་དང་མ་བསྟུན་ན་རྗེས་ལུས་སུ་བརྩི་ཡང་། མགར་སྟོང་བཙན་ཡུལ་སྲུང་བཞད་ཀྱི་ཡུལ་དུ་དམུ་རིགས་བརྒྱུད་ལ་སྐུ་འཁྲུངས་པ་འདི་མཐའ་བསྡོམས་ཀྱི་ཚུལ་དུ་སྨྲ་བར་འདོད་སྟེ་སྒྲུབ་བྱེད་གོང་བཀོད་ལྟར་ལགས་སོ། །

 

ཞབས་མཆན།

བཞད་ནི་ད་ལྟ་བོད་ལྗོངས་གཞི་རྩེ་ས་གནས་ཀྱི་བྱང་ཕྱོགས་སུ་སྤྱི་ལེ་༩༠ཙམ་གྱི་སར་གནས་པའི་བཞད་མཐོང་སྨོན་རྫོང་ཞེས་པ་དེ་ཡིན།

མཚན་ཆ་ཚང་ལ་བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཞེས་ཞུ།

འཇད་ཞེས་པ་འདོད་རྒྱལ་གྱི་མིང་ཡིན་ཞིང་། སྔོན་བཞད་ཀྱི་ཡུལ་འདིར་འཇད་དམ་འཇད་གཞུང་ཟེརས་ལ་ཕྱིས་སློབ་དཔོན་པདྨ་འབྱུང་ནས་མ་རྒྱ་གར་ནས་བོད་ལ་ཕེབས་པའི་ལམ་བར་དུ་ཞབས་བརྐྱངས་ཏེ་གཟིགས་ནས་མཛུམ་ཤོར་བས་བཞད་ཅེས་གྲགས་ལ། ཞབས་བརྐྱངས་ནས་བཞུགས་སའི་ལ་དེར་ད་ལྟ་ཡང་བརྐྱངས་ལ་ཟེར།

རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོའི་ཟླ་བ་༥

བོད་ཀྱི་གདུང་རུས་ཞིབ་འཇུག ལྡོང་ཀ་ཚང་དགེ་ཤིས་ཆོས་གྲགས་སོགས མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༡ལོའི་ཟླ་༥ ཤོག་གྲངས་གཉིས་པ།

དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། སྤྱི་ལོ་༡༩༨༧ལོ།

ཐོན་མི་སམྦྷོ་ཊ་དང་། མགར་སྟོང་བཙན་ཡུལ་བཟུང་། འབྲི་སེ་རུ་གུང་སྟོན། ཁྲི་བཟང་ཡང་སྟོན།

མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ། མཐའ་བ་བཀྲ་ཤིས་དོན་གྲུབ།

ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད། [M]ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༦.༥ ༣༢

⑩《两唐书》 (吐蕃传) 罗广武 译注,中国藏学出版社。201451号,17页。

མགར་དང་འགར་གྱི་ཁྱད་པར་ལས་འཕྲོས་པའི་རིགས་རྒྱུད་སྐོར་རོབ་ཙམ་གླེང་བ། མགར་བུ་འཇམ་བསམ།

两唐书》 (吐蕃传) 罗广武 译注,禄东赞姓噶尔,虽不识文字,而性明毅严重,讲宾训师,雅有节制,吐蕃之并诸羌,雄霸本土,多其谋也。中国藏学出版社。201451号,15页。

མདོ་སྨད་ཞིབ་འཇུག བོད་བཙན་པོའི་སྐབས་ཀྱི་མགར་རྒྱུད་བློན་པོ་རྣམས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ། ནོར་བུ་ཆོས་འཕེལ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་བ་༡ ཤོག་གྲངས་༥

དམུ་རིགས་གཤེན་གྱི་བསྟན་འབྱུང་། དམུ་རིགས་གཤེན་གྱི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེར་བཞུགས། གཤེན་བཙུན་ཉི་མ་འོད་ཟེར། ཤོག་གྲངས། ༧༨

དམུ་རིགས་གཤེན་གྱི་བསྟན་འབྱུང་། དམུ་རིགས་གཤེན་གྱི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེར་བཞུགས། གཤེན་བཙུན་ཉི་མ་འོད་ཟེར། ཤོག་གྲངས། ༨༡

 

དཔྱད་གཞིའི་ཡིག་ཆ།

1བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན། བྲིས་མ་དཔེ་ཚུགས།

 རྗེ་ཀུན་དགའ་ཚེ་དབང་དོན་གྲུབ། ཤོག་གྲངས་༥༨

2རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

 ༢༠༡༣ ལོ། ཤོགས་གྲངས་༧

3བོད་ཀྱི་གདུང་རུས་ཞིབ་འཇུག ལྡོང་ཀ་ཚང་དགེ་ཤིས་ཆོས་གྲགས་སོགས མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༡ལོའི་ཟླ་༥ ཤོག་གྲངས་༢

4དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

 སྤྱི་ལོ་༡༩༨༧ལོ།

5མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ། མཐའ་བ་བཀྲ་ཤིས་དོན་གྲུབ། http://www.tbmgar.com

6 ཞང་བོད་ལོ་རྒྱུས་ཏི་སེའི་འོད། [M] ནམ་མཁའི་ནོར་བུ། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༦.༥

7མགར་དང་འགར་གྱི་ཁྱད་པར་ལས་འཕྲོས་པའི་རིགས་རྒྱུད་སྐོར་རོབ་ཙམ་གླེང་བ། མགར་བུ་འཇམ་བསམ། http://www.tbmgar.com

8མདོ་སྨད་ཞིབ་འཇུག བོད་བཙན་པོའི་སྐབས་ཀྱི་མགར་རྒྱུད་བློན་པོ་རྣམས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ། ནོར་བུ་ཆོས་འཕེལ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་བ་༡ ཤོག་གྲངས་༥

9དམུ་རིགས་གཤེན་གྱི་བསྟན་འབྱུང་། དམུ་རིགས་གཤེན་གྱི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེར་བཞུགས།

 གཤེན་བཙུན་ཉི་མ་འོད་ཟེར། ཤོག་གྲངས། ༧༨

10】《两唐书》 (吐蕃传) 译注 ,罗广武,中国藏学出版社,201451


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a7yd བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15626343
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号