སྟོན་དཀྱིལ་གྱི་སྙན་ངག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »སྟོན་དཀྱིལ་གྱི་སྙན་ངག
སྟོན་དཀྱིལ་གྱི་སྙན་ངག
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/9/21ལྟ་ཀློག (3339)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྟོན་དཀྱིལ་གྱི་སྙན་ངག

ཐེ་བོ་དཀོན་སེང་།

རིང་ནས་བསྟེན་པའི་མཚོ་བྱུང་དགའ་མ་ཡིས།།
རིང་མིན་བུ་ཡི་མགྲིན་པའི་རྩ་འདབ་ཀུན།།
རིང་དུ་བཀྲོལ་ཏེ་སྟོན་དཀྱིལ་སྙན་ངག་ལ།།
རིང་མིན་སྙན་འགྱུར་སྟོང་གི་རྒྱབ་རྟེན་མཛོད།།

ཙག་རླུང་རྒོད་ཀྱང་མཐོན་པོའི་སྒང་ལ་གནས།།
གྲང་རེག་ཆེ་ཡང་གངས་རིའི་ཡུལ་ལ་ཆགས།།
རི་ཁའི་གཅན་གཟན་འདྲ་བའི་བོད་པ་ཚོ།།
གླེན་ཞད་ཅུང་ཟད་བཅོས་པའི་དུས་ལ་བབས།།

འཚོ་བཅུད་ཞེན་ཡང་འཚོ་བའི་དོན་དག་ལ།།
ལས་རིགས་གཉེར་ཕྱིར་ལས་ཀྱི་ཨ་ཐང་ཆད།།
རི་དྭགས་རྨས་མ་ལྟ་བུའི་བོད་པ་ཚོ།།
རེ་བས་ཕུང་པའི་གནས་ལུགས་གོ་ན་ལེགས།།

མི་འཇོན་གཞན་རོགས་ལས་ལ་འདུར་ཞིང་རྒྱུགས།།
མི་དཔྱོད་གཞན་གྱི་ཟེར་ཟློས་ཁོ་ནར་སྙེགས།།
མི་གཉེར་རེ་བས་འདའ་བའི་བོད་པ་ཚོ།།
གླེན་ཞད་ཅུང་ཙམ་བསྒྱུར་ན་དགའ་བ་ལ།།

ཁྱིམ་མཚེས་བཙན་གཉོམ་གཉིས་ཀར་ཐུག་ཕྲད་ཀྱིས།།
གྱོད་དོན་ཕྱི་ནང་གཉིས་ནས་འཕེལ་བཞིན་ཡོང་།།
མི་འདོད་སྡུག་བསྲན་ཆེ་བའི་བོད་པ་ཚོ།།
གོ་ནོར་བཟོད་པའི་གོ་ཆ་ཕུད་ན་དགའ།།

འདོད་པ་མ་ཚིམས་ཆོག་ཤེས་བསྟེན་འཁུལ་བྱས།།
ཡོང་འབབ་ཆུང་ཡང་སེམས་པ་སྤྲོ་དགོས་ཡོད།།
འབྱོར་མེད་བྱ་བཏང་ལྟ་བུའི་བོད་པ་ཚོ།།
སྲིད་ལུགས་ཅུང་ཙམ་བསྐྱང་ན་སྐྱིད་པ་ལ།།

མི་འདོད་ཁྲིམས་ལ་གཉའ་བ་གཞུ་ལྟར་སྒུར།།
མ་བསམ་ཡུལ་ལ་ཀུ་ཅོ་འདོན་དགོས་ཡོད།།
བཙན་པོའི་སྒོ་ཁྱིར་གྱུར་བའི་འགོ་ཁྲིད་ཚོ།།
ལས་འཕྲོ་གཞན་དུ་སྒྱུར་བའི་ཐབས་མེད་དམ།།

ཆུང་ཆུང་ཇ་ཁང་ཆང་ཁང་སྟེགས་བུའི་སྟེང་།།
ཆེ་ཆེ་མི་རིགས་གཞན་གྱི་དོན་སྙིང་གླེང་།།
ངག་འཁྱལ་གཏམ་ལ་མཁས་པའི་དགེ་རྒན་ཚོ།།
སློབ་མའི་བློ་མིག་འབྱེད་པའི་དུས་ལ་རན།།

མཐོ་མཐོ་རྫིགས་པའི་གླེང་སྟེགས་གང་ས་ནས།།
སྙན་སྙན་རིགས་ཀྱི་བདེ་སྡུག་གླེང་ལ་མཁས།།
ཁ་ལག་བར་ཐག་རིང་བའི་མཁས་པ་དག།
ཁ་ཉུང་ལག་ཟུང་ཡངས་ན་མི་དགའ་འམ།།

མཐིང་སྨུག་སྦྲ་ཡི་རང་མདངས་ཉམས་གྱུར་ཏེ།།
རས་གུར་གྲུ་བཞིས་བཙག་རླུང་མི་ཁོག་ཀྱང་།།
སྐྱིད་པའི་རྨི་ལམ་རོལ་བའི་འབྲོག་པ་ཚོ།།
འབྲོག་ཚུགས་ཁད་ཀྱིས་ཉམས་ལ་བསམ་གཞིག་གལ།།

ཞིང་ཚིགས་གྲུ་བཞིར་སྨན་ལྡུམ་སྡོང་ཕྲུག་བཙུགས།།
རྨོ་འདེབས་ལས་གཉེར་ལོ་རེ་བཞིན་དུ་ཉུང་།།
རྩམ་པའི་བྲོ་བ་ཡལ་བའི་རོང་བ་ཚོ།།
རོང་བའི་ལུགས་སྲོལ་ཉམས་ན་ངོ་རེ་ཚ།།

ཚོང་ལས་མི་བསླབ་ནོར་ལྷ་སྒྲུབ་ལ་དགའ།།
ལས་གླར་མི་འགྲོ་ཆེ་ཚུགས་སྟོན་ལ་སྤྲོ།།
མེད་མུག་སྡུག་གིས་མནར་བའི་རིགས་མཐུན་ཚོ།།
གླེན་ཞད་མལ་ལས་ལངས་པའི་དུས་མིན་ནམ།།

དགོན་སྡེ་མང་བོ་གྲྭ་རྒྱུན་ཆད་ལ་ཉེ།།
བླ་གྲྭ་མང་བོས་རང་ཚུགས་ཤོར་བཞིན་མཆིས།།
འཕྱ་སྨོད་ཁྲོད་ན་འདུར་བའི་བླ་གྲྭ་ཚོ།།
འདུལ་བསྟན་རྒུད་པའི་ལྟས་ལ་མི་འཇིགས་སམ།།

ས་དགེ་བཀའ་རྙིང་མཆོག་དམན་རྩོད་པ་ཡིས།།
གནའ་ནས་ད་ལྟའི་དུས་རབས་ཉེར་གཅིག་བར།།
ནང་འཁྲུག་འཁོར་ལོ་སྐོར་བའི་དགེ་བཤེས་ཚོ།།
མཐུན་སྒྲིལ་སྟོབས་ཤུགས་ཡིན་པར་མ་མཐོང་ངམ།།

ཕ་གཞིས་བསྐྱུར་ནས་རྒྱང་རིང་སློབ་གླིང་དུ།།
ཕ་མའི་རེ་བཞག་བསྣམས་ཏེ་སོང་ན་ཡང་།།
ཕ་ཡུལ་བརྗེད་པའི་ཁོག་སྟོང་སློབ་བུ་ཚོ།།
ཕ་མའི་དྲིན་ལན་བསམ་ན་སློབ་སྦྱོང་རེམ།།

རྒྱ་མ་བོད་ཀྱི་ཆ་ལུགས་ཡ་མ་ཟུང་།།
ལྷ་མ་འདྲེ་ཡི་སྦྲགས་སྐད་ཆ་འཆོལ་འདི།།
རང་རིགས་ཉམས་པའི་གཤེད་མ་ངོས་ཡིན་པས།།
རང་སྐད་རང་ཡིག་གཙང་མ་བསླབ་ན་ལེགས།།

དུས་ཀྱི་འཕོ་འགྱུར་གློག་ལྟར་མྱུར་ན་ཡང་།།
གླེན་ཞད་མི་འགྱུར་བྲག་བཞིན་སྲ་ཞིང་མཁྲེགས།།
རང་བདེན་རྭ་བཞིན་རེངས་བའི་རིགས་མཐུན་ཚོ།།
རྒྱང་མཐོང་བློ་མིག་བསྐྱེད་པའི་དུས་ལ་རན།།

ཕྱི་ནས་དུས་ཀྱི་གནོན་ཤུགས་རི་ལྟར་ལྕིད།།
ནང་གི་འདོད་རྔམ་མེ་ལྕེ་བཞིན་དུ་ཚ།།
འགྲན་རྩོད་ཅན་བཞིའི་ཁྲོད་ཀྱི་བོད་པ་ཚོ།།
ལས་འབྲས་རྩི་བཞིན་ལས་ལ་འབད་ན་བདེ།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཐང་དཀར་རྒོད་པོས། སྤེལ་དུས:2019/9/22
རང་སྡེ་རིགས་ལ་དུང་བའི་ཅོང་བརྡ་ཡིས།། རང་རིགས་གཉིད་དུ་ཡལ་བའི་མི་བུ་དག། རང་ཡུལ་སྲུང་སྐྱོང་ལས་ལ་སྐུལ་བ་ཡིན།། རང་གི་ནུས་པའི་སྲིད་ཞུ་སྒྲུབ་ཤིག་ཨང་།།
 སྤེལ་མཁན: དགེ་བཤེས་དགའ་ཉག་པས། སྤེལ་དུས:2019/9/22
ངག་རིག་དཔལ་གྱི་མེ་ལོང་གཙང་མའི་ངོས།། སྤྱི་བྱེའི་འགྱུར་འགྲོས་གཟུགས་བརྙན་བཞིན་དུ་བཀོད།། རྣམ་དག་ཡིད་ཀྱི་རེ་བའི་འདུན་པའི་དབུས།། རིགས་ལ་བཅང་བའི་རེ་སྨོན་རི་ལས་ལྕི།།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41155464
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1