ཚངས་སྲས་ཕྱག་གི་རྒྱུད་མངས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཚངས་སྲས་ཕྱག་གི་རྒྱུད་མངས།
ཚངས་སྲས་ཕྱག་གི་རྒྱུད་མངས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/10/15ལྟ་ཀློག (2863)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཚངས་སྲས་ཕྱག་གི་རྒྱུད་མངས།


སོག་སྨྱུག   མཚོ་ལྷོ།

དབྱིངས་རིག་རྒྱལ་བའི་མལ་ས་ནས།།
ཏིང་འཛིན་སྒོམ་པའི་དྲང་སྲོང་ལགས།།
ཕུན་ཚོགས་འཁོར་བའི་རྨི་ལམ་ལས།།
སྙན་ངག་ལྷ་ཆེན་མཐོང་ལགས་སམ།།

སྙན་པའི་འོད་ཟེར་རབ་འཕྲོས་པའི།།
ཆུ་འཛིན་དཀར་པོའི་ལྡིང་ཁང་ནས།།
དབྱངས་ཅན་ཟླ་བ་དཀར་པོ་ལགས།།
དབྱངས་ཀྱི་མཚོན་པའི་ཨ་ཡིག་ཡིན།།

འཇིག་རྟེན་སྒྱུ་མའི་ཐང་ཆེན་ནས།།
སྐྱེ་འཆི་དམར་པོའི་ཕོ་བྲང་བཞེངས།།
གཞི་ལ་འཕྲོད་པའི་མདའ་མོ་གཉིས།།
དྲན་པ་ཟ་ཟིའི་དབྱངས་ཅན་འཚོལ།།

རིང་ནས་བརྩེ་བའི་དབྱངས་ཅན་མ།།
བདག་འདུན་ཡིད་ཀྱི་ཐུགས་ཀ་ནས།།
ཤེས་རབ་སྣང་བའི་དབྱངས་ཆེན་པོ།།
ཁྱེ་འུ་བདག་ལ་གནང་བར་མཛོད།།

དྭངས་གསལ་ཤེལ་གྱི་བུམ་ཆུང་དང་།།
ནང་སེམས་གཡུ་ཡི་མཚོ་མོ་གཉིས།།
ཚངས་ཆེན་སྲས་མོར་འབུལ་ལཊ་ན།།
ཁྱེད་ཉིད་མཚོན་པའི་སྙན་ངག་ཡིན།།

འདོད་ཡོན་སྨིག་རྒྱུའི་གྲོང་ཁྱེར་ནས།།
ཐར་བའི་སྒོ་གླེགས་མ་བརྡུང་བར།།
རྨོངས་པའི་དྲྭ་བ་འཇོམས་མཛད་མ།།
བརྩེ་བའི་སྤྱན་གྱིས་ཁྱེའུར་གཟིགས།།

ཀུན་གསལ་ཟླ་བའི་འོད་སྣང་ལས།།
ཤེས་རབ་ཡིད་བཞིན་ནོར་བུ་ལགས།།
སྣང་བའི་སྐར་ཚོགས་བཀྲམ་པ་ལས།།
རྣམ་འབྱེད་འོད་ཀྱི་ཀ་བར་བཏེགས།།

ཚིག་གསུམ་ཚིག་གི་མཚོན་བྱེད་ལས།།
བརྩེ་བའི་ལྷ་མོ་ཐེངས་གཅིག་མཇལ།།
བླ་འགུགས་སྣང་བའི་མེ་ཏོག་ཚོམས།།
ཡིད་ཀྱིས་སྤྲུལ་བའི་མཆོད་པ་ལགས།།

མི་མངོན་ལོ་ཟླའི་བསྐལ་བར་ནས།།
བརྩེ་བའི་མཚོ་མོ་བཞུར་ཤུལ་ནས།།
དབྱངས་ཅན་ཕྱག་གིས་རྒྱུད་མངས་སྒྲ།།
རྣ་བར་འཇེབས་ཤིང་སེམས་སུ་ཐིམ།།

འཆར་ཡན་རི་མོ་བརྒྱ་སྟོང་ལས།།
སྣང་བའི་ན་བུན་རབ་ཏུ་འཁྲུགས།།
རིག་བྱེད་ཆོ་གའི་རྒྱབ་ལྗོངས་ལས།།
འཛུམ་པའི་ཟླ་དཀར་དྲན་སོང་སྐད།།

བདེན་པའི་ཞལ་ལ་མཇལ་དཀའ་བ།།
སྒྱུ་མ་མཁན་གྱིས་བྲིས་པའི་གཟུགས།།
རིགས་མཐུན་སྐྱེ་བུའི་སྙིང་དབུས་སུ།།
མི་འདོར་མིག་གི་འབྲས་བུའི་སྤུན།།

བརྗེད་མེད་དུངས་བའི་རུམ་ཁ་ནས།།
མི་ཚེ་སྒྲོན་ཆུང་རྐང་གཅིག་འབར།།
ཡིད་ཀྱིས་སྤྲུལ་འཁོར་འགྱུ་བ་ལས།།
སྒྲ་དབྱངས་ལྷ་མོའི་མཛེས་པ་དྲན།།

བྱིན་རླབས་སྟོང་ལྡན་ཚན་ཁ་ལས།།
དངོས་གྲུབ་བདུད་རྩིའི་གྲུ་ཆར་འཇོ།།
ཁོ་བོའི་གློ་སྙིང་བྲང་གསུམ་ལས།།
བསམ་མི་ཁྱབ་པའི་ཁྱོད་ཉིད་འབོད།།

ཐུབ་པ་སྟོང་གི་བྱིན་རླབས་གཡང་།།
སྒྲ་དབྱངས་ལྷ་མོ་སྙིང་དབུས་འོད།།
རིགས་ཀྱི་བུ་ལ་གནང་བར་མཛོད།།
བརྩེ་བའི་བཀྲིས་རྟགས་བརྒྱད་མ།།

དབྱར་གསུམ་དབྱར་གྱི་ཆར་བ་ལས།།
བརྩེ་བའི་སྦྲང་ཆར་འབབ་ལགས་ན།།
བདག་སྙིང་འཁྲུངས་བའི་མེ་ཏོག་མ།།
ཕན་བདེའི་རོལ་མོ་དཀྲོལ་མཁན་ཡིན།།

གཙང་འགྲམ་བཞད་པའི་པདྨ་ལཊ།།
རྣོ་སྤྲེང་འཁྲོལ་བའི་མཁན་པོ་ལགས།།
བྱམས་བརྩེ་བསིལ་ཟེར་འོད་སྣང་ལས།།
འདུན་པའི་རྒྱབ་རི་གངས་དཀར་ཡིན།།

བསོད་ནམས་གསེར་གྱི་བུམ་ཆུང་ནང་།།
དབྱངས་ཅན་ངང་མོ་སྒྲོ་མཛེས་ལགས།།
བརྩེ་བའི་བདུད་རྩིའི་མངར་ཁ་ལས།།
ངག་རིག་གཏེར་སྒོ་འབྱེད་པར་མཛོད།།

སྣང་བའི་རས་ཡོལ་དཀར་པོའི་ངོགས།།
འཁོར་འདས་ཉིན་སྲིབ་འཚོལ་བའི་ལྷ།།
དབྱངས་ཀྱི་སྐུད་པའི་འགྱུ་བར་ནས།།
རིག་བྱེད་ཆོ་གའི་རྣལ་འབྱོར་མཐོང་།།

ཕུན་ཚོགས་སྒྱུ་མའི་མ་བཟོས་ཤིང་།།
ཚོན་གྱིས་བྲིས་པའི་མ་ལེགས་པར།།
དབྱིངས་ཡེ་སྟོང་པའི་རང་བཞིན་ལ།།
ཀུན་རྟོག་པིར་གྱིས་ཡང་ཡང་བྲིས།།

དད་པའི་སྟོབས་ཀྱིས་རི་བོང་ལས།།
དབྱངས་ཅན་ལང་ཚོ་རབ་བསམ་སྟེ།།
མགྲིན་པ་འཁོར་ལོའི་རྩ་འདབ་ནས།།
ཚངས་ཆེན་སྲས་མོ་ཆུང་མར་བླངས།།

ལས་འབྲས་སྨོན་ལམ་དཀར་པོ་ལས།།
ཐུགས་རྗེ་འོད་ཟེར་ལྗང་གུ་འཕྲོས།།
དད་གསུམ་འཁྲུངས་བའི་སྣང་བ་ལ།།
ཐབས་ཤེས་འཁོར་ལོའི་དྲྭ་བ་འཁྱིད།།

ལོ་ཟླའི་བཞེངས་པའི་དབུ་ཁྱུད་ལས།།
བསྒོམ་པའི་ཡེ་ཤེས་རབ་གསལ་པ།།
འགྲོགས་འདྲིས་བྱུང་བའི་མེ་ཏོག་ཚོམས།།
རླུང་བའི་ཞགས་པ་མི་འཕེན་རོགས།།

རྗེས་ཆགས་སེམས་ཀྱི་མེ་ཏོག་ཀུན།།
ཚོར་ཤེས་མགུར་གླུ་དྲུག་འགྱུར་ཁྲོད།།
ཡེ་ཤེས་དབྱིངས་ན་འཛུམ་པའི་འོད།།
རིག་འཛིན་དངུལ་གྱི་རྣ་ལུང་བཏགས།།

སྐལ་བཟང་འཛུམ་མའི་ཆུ་གཏེར་ལས།།
ཤེས་རབ་བུ་མོ་དབྱངས་ཅན་འཚོལ།།
དགེ་ལེགས་སྣང་བའི་ཉི་གཞོན་ཁྲོད།།
དུངས་བའི་གཤོག་པ་ནམ་མཁར་གཡོ།།

སེམས་ཀྱི་ཕྱོགས་པའི་གནས་ཤིག་ན།།
བརྩེ་བའི་ས་བོན་འདེབས་མཁས་ཅན།།
ཆགས་ལྡན་གཉུག་མའི་སོ་སྐྱེས་ཀུན།།
ཟབ་དོན་མགྲིན་པའི་དབྱངས་རྟ་ལཊ།།

སྣང་སྲིད་གཅིག་ཏུ་བསྟིམས་མཁས་མ།།
སྒྱུ་མའི་འོད་ཟེར་ཕྱོགས་ཀུན་འཕྲོས།།
དབྱངས་དང་སེམས་ཀྱི་ནམ་མཁའ་ལ།།
དུངས་བའི་མིག་ཞགས་རིང་ནས་ལྷུང་།།

མི་མངོན་བསིལ་བའི་ནགས་ཚལ་ནས།།
ཐར་བའི་སྒོ་གླེགས་འབྱེད་མཁས་མ།།
བརྩེ་བའི་མཚོ་ཆེན་གཡས་བཞུར་ན།།
བསླུས་པའི་བུ་ལ་གནང་བར་མཛོད།།

འོད་གསལ་ལྷ་ལམ་ཡངས་པོ་ནས།།
རེ་བའི་མིག་གི་དབྱངས་ཅན་ཕྱོགས།།
རིག་བྱེད་ཆོ་གའི་གླེགས་བམ་ཁྲོད།།
སྙན་ངག་སྨྲ་བའི་མཁན་པོར་གསོལ།།

ལྟ་བའི་ཁ་འཛིན་དབྱངས་ཅན་ཉིད།།
རང་སྣང་དག་པའི་དཀྱིལ་འཁོར་ནས།།
གནམ་གྱི་མེ་ཏོག་ལེགས་མཐོང་ནས།།
འཁོར་འདས་དབྱངས་ཀྱི་རྫིང་བུ་འཐུང་།།

གཟུར་གནས་སེམས་ཀྱི་མེ་ཏོག་ལཊ།།
ལྷུན་གྲུབ་སེམས་ཀྱི་མེ་ལོང་ངོགས།།
སྐྱེ་མེད་བདེ་ཆེན་མཁའ་དབྱིངས་སུ།།
བདེ་གཤེགས་རྒྱལ་བའི་ནོར་བུ་ལཊ།།

༢༠༡༩་བོད་ཟླ་༨་ཚེས་༡༥་ཉིན་གསེར་རྟ་ནས་བྲིས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
kh9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41124987
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1