ཅོག་རོའི་རུས་རྒྱུད་དང་བོད་ཆེན་པོའི་བར་གྱི་འབྲེལ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་རྒྱུད་སྣ་ཚོགས་བྱུང་རིམ། »ཅོག་རོའི་རུས་རྒྱུད་དང་བོད་ཆེན་པོའི་བར་གྱི་འབྲེལ་བ།
ཅོག་རོའི་རུས་རྒྱུད་དང་བོད་ཆེན་པོའི་བར་གྱི་འབྲེལ་བ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2019/12/9ལྟ་ཀློག (28552)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཅོག་རོའི་རུས་རྒྱུད་དང་བོད་ཆེན་པོའི་བར་གྱི་འབྲེལ་བ།

ཅོག་རོ་ཀུན་དགའ་རྣམ་རྒྱལ།

       སྤུར་རྒྱལ་བོད་ཀྱི་ལྗོངས་འདིར། ལེགས་པའི་སྒོ་བརྒྱ་འབྱེད་པའི་ལུགས་གཉིས་ཆབ་སྲིད་ཀྱི་རྩ་བ་ཐོག་མར་འཛུགས་པའི་མེས་པོ་ལྟ་བུར་གྱུར་པ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་རྒྱལ་པོ་ཆེན་པོ་མི་ཡི་ལྷའམ་སྲོང་བཙན་སྒམ་པོར་འབོད་པ་དེས་མངའ་ཁོངས་དབུས་གཙང་ནས་རིམ་བཞིན་རྒྱ་བསྐྱེད་དེ། མདོ་དབུས་མཐོ་སྒང་ལ་གཅིག་གྱུར་གྱི་རྒྱལ་ཁམས་ཐོགས་མར་བཙུགས་ཤིང་། མཐའ་བཞིའི་བཙན་རྒྱལ་ཐམས་ཅད་དཔའ་ཞུམ་པར་བྱས་ཏེ་མངའ་རིས་ཀྱི་མཐའ་ནས་རིམ་བཞིན་ཟོས་ནས་ཡོང་བའི་མི་ལོ་ཉིས་བརྒྱ་ལྷག་གི་རིང་དུ་ཅོག་རོའི་རུས་རྒྱུད་ནས་ཐོན་པའི་བློན་པོ་དང་བཙུན་མོ་དབང་ཐང་ཅན་ཇི་སྙེད་ཅིག་གིས་རྒྱལ་ཁབ་ལ་བློ་དཀར་གཞུང་དྲང་གིས་སྲི་ཞུ་གང་མང་བསྒྲུབས་མྱོང་ཞིང་། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཁྲོད་སྐད་གྲགས་ཆོད་པའི་ལོ་ཙཱ་བ་དེ་དག་གི་ཁྲོད་ན་ཉི་ཟླ་བཞིན་གསལ་བའི་ཅོག་རོ་ཀླུའི་རྒྱལ་མཚན་དང་། ཁོས་དཔོན་ཅོག་རོ་གཡང་གོང་། ཅོག་རོ་སྐྱེས་བཟང་རྒྱལ་གོང་སོགས་ཀྱིས་བཙན་པོའི་རྒྱལ་རབས་ལ་ཞབས་ཞུ་བླ་མེད་ཞུས་པ་དང་། བློན་པོ་འགའ་རེར་ཞང་པོའི་མཚན་ཀྱང་ཐོབ་མྱོང་བ་སོགས། ཞང་གསུམ་བློན་བཞིའི་འཕྲོར་ཁྱིམ་རྒྱུད་འཇོན་ནུས་ཅན་གྱི་གྲས་སུ་ཚུད་ཡོད་སྐད། དུས་མཚུངས་སུ་བཀྲ་ཤིས་སྣ་ནག་མ་དང་ལྷན་དུ་ཡོང་ཞེས་པའི་དཔེ་ལྟར། ཅོག་རོ་ལྷ་ལོད་ཀྱིས་གཙོས་པའི་བློན་ནག་པོ་ལ་དགའ་བ་འགའ་རེས་བཙན་པོ་བཀྲོངས་པ་སོགས་བྱས་ཉེས་ཀྱས་མང་དག་ཅིག་བསྐྲུན་མྱོངས་པ་སྔོན་གྱི་དེབ་ཐེར་མང་པོའི་བར་གསེང་རེ་ནས་ཧ་ཅང་མངོན་ཆུང་གིས་གསལ་ཡོང་བར་གདའ་འོ།།

གཅིག   ཅོག་རོའི་རུས་ཁུངས།

      དེ་ཡང་ཡ་ཐོག་གདོད་མའི་དུས་མཇུག་ཡས་མས་སུ། མི་རྣམས་ཀྱིས་ཐོན་རྫས་གསོག་འཇོག་བྱེད་སྲོལ་བྱུང་བ་དང་བསྟུན་ཕན་ཚུན་མི་མཐུན་པར་ཆགས་ནས་ས་ཆ་སོ་སོར་གྱེས་པ་ལས་སྒ་འབྲུ་སྦྲ་ལྡོང་སྟེ་རུས་ཆེན་བཞི་པོའི་དབྱེ་སྲོལ་བྱུང་བ་རེད།དེ་ལས་ཕུ་བོ་ལྡོང་ནི་གཙོ་བོ་དེང་གི་མཚོ་སྔོན་ཡུལ་ཤུལ་དང་། མགོ་ལོག  སི་ཁྲོན་དབལ་ཤུལ་སྟོད་སྨད་སོགས་སུ་འཚོ་བར་གྲགས། ཡུལ་སྲོལ་ལ་གནམ་དང་ཉི་ཟླ་སོགས་མཆོད་བཀུར་བྱེད། རྟ་ཐོག་ཏུ་མདའ་རྩལ་དང་དཔའ་རྩལ་འགྲན། ཕྱུགས་སྐྱོང་། གནས་སྤོར་བྱེད། རྩིད་པ་དང་བལ་གྱི་སྦྲ་གུར་ཕུབ། རྒན་པ་གྲོངས་པར་མྱ་ངན་མི་བྱེད། གཞོན་པ་འདས་པར་ལྟས་ངན་བརྩི། ཁ་དཔེ་ལ།ཆེ་རྒྱུད་གོང་ནས་མ་ཤོར་བ།།ཕུ་བོ་ལྡོང་གི་བུ་རྒྱུད་ཡིན།།ཞེས་པ་ལྟར་དབང་ལ་ཡ་མེད་པར་བཤད་དོ།།

       ཅོག་རོ་ནི་དེ་འདྲའི་རུས་ཆེན་ཞིག་ལས་མཆེད་པར་གྲགས་ཏེ། ལྡོང་ལ་རུས་ཆེན་བཅོ་བརྒྱད། ཚ་ཆེན་བཅོ་བརྒྱད། ཤུལ་ཆེན་བཅོ་བརྒྱད་སོགས་སུ་འཁོད་ཡོད་པ་དེ་དག་ལས་རུས་ཆེན་བཅོ་བརྒྱད་ཀྱི་གྲས་སུ་ཐེའོ།།ལྡོང་གི་རུས་ཆེན་བཅོ་བརྒྱད་ནི། ཡབ་ལྡོང་ཆེན་པོ་སྤོས་དྲོ་ཡིན། དེ་ལས་རུས་རིགས་བཅོ་བརྒྱད་བྱུང་།  ཅོག་དང་ཅོག་ཙེ་ཅོག་རོ་གསུམ། སླད་ཀྱི་ཞིང་དང་འདྲ་བའི་བུ་གསུམ་ཡིན། འབྲོང་དང་ཁྱུང་པོ་ཟླ་བ་གསུམ། དཔྲལ་བའི་མིག་དང་འདྲ་བའི་བུ་གསུམ་ཡིན།  ཞེས་རུས་ཆེན་བཅོ་བརྒྱད་ལས་སླད་ཀྱི་ཞིང་དང་འདྲ་བའི་བུ་སྟེ་རུས་རྒྱུད་གལ་ཆེན་ཞིག་ཡིན་པ་བསྟན་ཡོད།

གཉིས།  བོད་ཆེན་པོའི་ལོ་རྒྱུས་ཐོག་མངོན་པའི་ཅོག་རོའི་རུས་རྒྱུད།

      བོད་ཆེན་པོ་ཚུགས་ཁ་མ་ནས་བཟུང་ཅོག་རོས་སྲིད་ཀྱི་དབང་ཆ་གལ་ཆེན་ཟིན་ཡོད་ཅིང་། དེ་ནས་བཟུང་ཁྲི་དར་མ་འུ་དུམ་བཙན་ནས་བོད་སིལ་བུར་མ་འཐོར་གྱི་བར་དུ་ཆབ་སྲིད་ཀྱི་གར་སྟེགས་ཐོག་རེས་དར་རེས་རྒུད་ཀྱི་ཚུལ་གྱིས་དུས་རབས་གཉིས་ཙམ་ལ་རྒྱུན་བསྐྱངས་ཤིང་།མཐར་དབས་དང་འབྲོ་ལྟ་བུའི་སྲིད་ན་འབར་བའི་བཙན་རྒྱལ་ཆེན་མོ་ལ་བཞི་ཤད་སྦྱར་བའི་རུས་རྒྱུད་དབང་ཐང་ཅན་དག་གི་གྲས་སུ་ཚུད་དེ་སྲིད་དབང་འཕྲོག་རེས་ཀྱི་ཡ་ང་བའི་གཅོང་རོང་དུ་ལྷུང་ནས་ལོ་རྒྱུས་ཀྱི་བྲག་རི་བཙན་པོའི་ངོས་སུ་ནམ་ཡང་གསུབ་ཐབས་བྲལ་བའི་རྨ་ཁ་ཟབ་མོ་ཞིག་ཕབ་ཡོད་དོ།།

སྲོང་བཙན་སྒམ་པོའི་སྐབས།

        སྲོང་བཙན་གྱིས་སྔོན་གྱི་ལམ་ལུགས་ལ་བསྒྱུར་བ་བཏང་སྟེ་ཡུལ་གྱི་དབང་རིས་བཅོ་བརྒྱད་དུ་བཅད་ལ་ལས།"འདམ་ཤོད་དཀར་མོ་ཅོག་རོའི་ཡུལ་དུ་བཅད།"【  1】  ཅེས་ཅོག་རོའི་རུས་རྒྱུད་ཀྱིས་འདམ་ཤོད་དཀར་མོར་སྲིད་ཀྱི་རྩ་བ་ཚུགས། དེ་ནས་འབངས་རྒོད་གཡུང་གི་ཁྱད་པར་བཀར་ཏེ་རྒོད་ཀྱི་སྟོང་སྡེ་དྲུག་བཅུ་རྩ་གཅིག་ཏུ་ཕྱེ་བ་ལས"དབུ་རུའི་གཅོང་པ་འབྲིང་མཚམས་གཉིས་ཅོག་རོའི་སྟོང་སྡེར"【  2】  ཐོབ་བོ།།བཙན་པོ་འདིའི་སྐབས་སྲིད་བློན་གལ་ཆེན་འགའ་ཐོན་པ་འདི་ལྟར། བློན་ཆེ་དགུ་ཡིས་ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པ་ལས"ནང་བློན་བཟང་པོ་རྣམ་དྲུག་གི་ཡ་གྱལ་ཅོག་རོ་རིག་པའི་སྐད་བཟང"【  3】  ཞེས་པ་ཞིག་བྱུང་ཞིང་།"ཅོག་རོ་སྟག་ཅན་གཟིག་ཅན་མཐའི་སོ་ཁ་བསྲུངས་པས་ཆེ། ཅོག་རོ་ཁོང་བཙན་འབངས་དགུ་བརྒྱ་དགུ་བཅུ་ཡོད་པས་ཆེ།"【  4】  ཞེས་སྟག་ཅན་གཟིགས་ཅན་ལ་གསེར་ཡིག་གནང་སྐད། རྒྱ་བལ་གཉེན་བསྡེབས་ཏེ་བལ་བཟའ་བསུ་རུ་འགྲོ་བའི་སྐབས"ཅོག་རོ་དཔལ་བཟང་གིས"【  5】  ཕོ་ཉ་བྱས་ཚུལ་རྒྱལ་པོའི་བཀའ་འབུམ་དུ་གསལ་ཞིང་། མགར་དང་ཐུ་མི། ཅོག་རོ་དཔལ་བཟང་། ཁྱུང་པ་སྤུང་སད་ཟུར་ཙེ་སོགས་རིམ་པར་བྱུང་ཞིང་། ཟུར་རྩེའི་སྔོན་དུ་ཐོན་པར་བརྟེན་བློན་ཆེན་ཞིག་ཡིན་པ་གོ་སླ། དེ་རྗེས་རྒྱལ་པོས་ཁྲིམས་ཡིག་ཆེན་པོ་བཅའ་བ་ལ་ཁོས་དཔོན་མགར་སོགས་མི་ལྔ་བསྐོས་པ་ལས"མཐོང་ཁྱབ་ཀྱི་ཁོས་དཔོན་ཅོག་རོ་རྒྱལ་མཚན་གཡང་གོང"【  6】  མཛད།ཁོས་དཔོན་མི་ལྔས་རང་བློ་སྒེར་གཅོད་ཀྱིས་ཁོད་མ་བཅས་པར། ཐ་ན་བྱིས་པ་དང་ལུག་རྫི་ཡན་ལ་བློ་དྲིས་ཏེ་ཁྲིམས་ཡིག་དོན་ཚན་དྲུག་གམ་ཁོད་དྲུག་ཅེས་པ་དེ་བཅས་པའི་ཚུལ་མཁས་དགའ་སོགས་སུ་གསལ་ལོ།།སྲོང་བཙན་སྐབས་ཅོག་རོའི་བསྟན་པ་དར་སྒང་ཡིན་ནའང་། བཙན་པོ་དང་དབས་དབྱི་ཚབ་ཕ་སྤུན་བར་གནའ་བཞག་མཛད་པའི་མ་ཡིག་ཏུ་དབྱི་ཚབ་ཀྱི་གླུ་བླངས་པའི་ནང་།"དེ་དུས་ཙ་ན་མྱང་མང་པོ་རྗེ་ཞང་སྣང་དང་ཅོག་རོ་སྟོད་རིམ་ལ་སྐྱོན་ཕབ་པར་བགྱིས་ཏེ"【  7】  ཞེས་བྱུང་ཞིང་། ང་ཚོས་སྐྱོན་ཅི་ཞིག་ཕབ་པ་གསལ་བོ་ཞིག་རྟོགས་དཀའ་ནའང་། གང་ལྟར་སྟོད་རིམ་གྱིས་གློ་བ་རིང་བ་ལྟ་བུའི་སྐྱོན་ཆེན་པོ་ཞིག་ཉོས་ཡོད་པ་གདོན་མི་ཟའོ།།

འདུས་སྲོང་མང་རྗེ།

       འདས་པའི་མི་ལོ་སྟོང་ཕྲག་དུ་མའི་རིང་དུ་བོད་ལ་ལུས་རྩལ་ལ་མཁས་པའི་མི་མང་པོ་བྱུང་ཞིང་། ལྷག་པར་དུ་འདུས་སྲོང་མང་རྗེའི་སྐུ་དུས་སུ། ཡ་མཚན་ཆེ་བའི་རྩལ་བོ་ཆེའི་མི་བདུན་བྱུང་བའི་ཅོག་རོ་འབྲོང་ཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས་རབས་གདའ།  འཕྲུལ་རྒྱལ་བཀྲོངས་རྗེས།"ཅོག་རོ་ཁོང་ཁྲོ་དང་ཅང་དཀར་སོར་བཞིས་རྒྱལ་པོའི་སྤུར་བསྲུངས།"【  8】  གནའ་དེང་གི་ལོ་རྒྱུས་སྨྲ་བ་ཚོས་རྒྱལ་པོའི་དུར་སྲུང་མཁན་ནི་ལྷ་བཙན་པོར་བློ་དཀར་བའི་བློན་ཆེན་རེ་ཡིན་པར་བཤད། གཞན་ཡང་རྒྱལ་སྲས་སྐུ་ན་ཕྲ་བའི་ཚེ་ན་འདམ་གྱི་ཅོག་རོ་བཟའ་དང་ཕན་ཚུན་མཛའ་འབྲེལ་མཛད་པའི་དུས་སུ། བློན་པོ་ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་མ་འཐད་ནས་ཅོག་རོ་བཟའ་དང་གླུ་མཆིད་བྱས་ཚུལ་དང་། མགར་ཚང་ལ་བཀྱོན་ཕབ་རྗེས་རྒྱ་ནག་ལ་བྲོས་པའི་ཚེ་མགར་མང་རྗེ་སྟག་བཙན་གྱི་བཟའ་ཟླ་ཅོག་རོ་བཟའ་དང་པ་ཚབ་ཏོ་རེས་རྒྱ་ལ་མཆིད་བླངས་པ་སོགས་ཏུན་ཧོང་གཏེར་ཡིག་ཏུ་གསལ་ལོ།།

ཁྲི་ལྡེ་གཙུག་བརྟན།

      ཏུན་ཧོང་གཏེར་ཡིག་ན"ཕག་གི་ལོ་༧༡༡ལ་བཙན་པོ་དབྱར་བལ་བོ་ན་བཞུགས། ཅོག་རོ་ཁོང་གེ་ལ་སྐྱོན་ཕབ།"ཅེས་དང་། ཡང་ལོ་དེའི་དགུན་ཁར"མདོ་སྨད་ཀྱི་རྒྱལ་འདོན་ཚོགས་ཆེན་ཡོར་དུ། ཅོག་རོ་ཁྲི་གཟིགས་གནང་ཀོང་གིས་བསྡུས་པར་ལོ་གཅིག" "བྱི་བའི་ལོ༧༣༦ལོར་ཅོག་རོ་མང་རྗེ་ཁྱི་ཆུང་གིས་གྲུ་གུའི་ཡུལ་དུ་དམག་དྲངས། བྱ་གག་གི་ལོ༦༤༥ལོར་ཅོག་རོ་རྨང་གོང་བཅུག་པ་གནས་དབྱུང་བཏང"【  9】 བ་སོགས་ལ་བརྟག་ན་རྒྱལ་པོ་འདི་སྐབས་སུ་ཅོག་རོས་སྲིད་དབང་གནད་ཆེན་ཟིན་ཡོད་པ་ཧ་གོ་ནུས་སྙམ།

ཁྲི་སྲོང་ལྡེའུ་བཙན།

       ཁྲི་སྲོང་གི་སྐུ་ཚེའི་སྟོད་དུ་བློན་པོ"འཆིམས་ཁྲི་ཐོག་རྗེ་ཐང་ལ་འབར་དང་། ཅོག་རོ་སྐྱེས་བཟང་རྒྱལ་གོང་གིས་བྱས།"【10】  བློན་པོའི་བཀའ་ཐང་ལས་གཉའ་ཁྲི་ནས་ཁྲི་སྲོང་བར་རུས་རྒྱུད་སོ་སོ་ནས་བྱུང་བའི་བློན་ཆེན་རྣམས་བརྩི་སྐབས"ཅོག་རོ་ལ་བློན་པོ་གསུམ་བྱུང་སྟེ།   ཅོག་རོ་སྐྱེས་བཟང་རྒྱལ་གོང་།  ཅོག་རོ་ལེགས་སྒྲ་ལྷ་ལྡོང་།  ཅོག་རོ་བོ་གོང་གསུམ།"【11】  ཞེས་པ་ལས་སྐྱེས་བཟང་རྒྱལ་གོང་ནི་འདི་ཡིན་ཞིང་། གཞན་གཉིས་ནི་བློན་བྱས་རྗེས་ཅན་རེ་ཡིན་ངེས།ཡང་དེ་རུ"ངན་པའི་ཁ་རྣམས་མ་ཕོག་པ།།ཅོག་རོ་སྐྱེས་བཟང་རྒྱལ་གོང་ངས།།དགྲ་གཉེན་ཕུ་མྱུལ་བཀའ་བཞིན་རྗེས་སྤེལ།།དགོས་པའི་དོན་རྣམས་ངལ་བ་མེད་པར་བསྒྲུབས"【12】  ཞེས་གསུངས་ཀྱང་ཁྲི་སྲོང་སྐུ་ན་གཞོན་པ་དང་།  སྲིད་དབང་ཐམས་ཅད་མ་ཞང་གྲོན་པ་སྐྱེས་སོགས་ཀྱིས་འཕྲོག་སྟེ་ཆོས་བསྣུབས་རྐྱེན"མ་ལྕེ་དང་རྐང་ལག་རིལ་པོར་སྐམ་སྟེ་གུ་གུལ་ཐུལ་དུ་སོང་ནས་གུམ"【13】  མོ།།སྐབས་ཤིག་ན་ཁྲི་སྲོང་གིས"ཡུལ་གྲུ་ཆེན་པོ་ལྔ་ནས་རྟ་མཁན་ཆེན་པོ་དྲུག་བོས་པ་ལས། ཅོག་རོའི་ཡུལ་ནས་ཅོག་རོ་མང་པོ་བོས།"【14】  ཞི་ཁྲོ་ཡང་ཐབས་ཀྱི་གཡང་འགུག་ནོར་བུ་ཆོས་རྒྱལ་ལས།"ཅོག་རོ་ལུག་མང་གི་གཡང"【15】  ཞེས་པ་སོགས་ལ་བརྟག་ན། སྔོན་ཅོག་རོས་དབང་དུ་བསྡུས་པའི་ཡུལ་གྲུ་རྒྱ་ཆེན་པོ་ཞིག་ཡོད་པ་རྟོགས་ཐུབ།

      སྤུར་རྒྱལ་བོད་ཀྱིས་འཛམ་གླིང་ཤར་ཕྱོགས་ནས་མངའ་ཁོངས་རྒྱ་བསྐྱེད་པའི་དུས་རིམ་གྱི་ཁྲོད་དུ་རིག་གཞུང་ཕབ་བསྒྱུར་གྱི་ལོ་ཙཱ་བ་སྐད་གྲགས་ཆོད་པ་འགའ་བྱུང་ཞིང་། དེ་དག་གི་ཁྲོད་ན་ཉི་ཟླ་ལྟར་གསལ་བའི་སྐ་ཅོག་ཞང་གསུམ་ལས་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཆོས་སྲིད་ལུགས་གཉིས་ལ་ལེགས་པའི་མཛད་རྣམ་ཅི་ཙམ་གནང་བ་ནི་ཀུན་ལ་རྒྱུས་ཆེ་ཞིང་། ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡིན། འདི་ཉིད་ཀྱི་འགྱུར་ལ།{འཁོར་ལོ་དང་པོར་གཏོགས་པ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མདོར་བསྡུས་ནས་སྟོན་པ་ཕའི་སོ་ཐར་གྱི་མདོ}ཤོ་ལོ་ཀ་བདུན་བརྒྱ། བམ་པོ་གཉིས་པ{དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད}ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་གྱ་གསུམ་དང་།{དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་བཅུ་རེ་བཞི་བསྡུས་ནས་སྟོན་པ་མིའི་སོ་ཐར་གྱི་མདོ}ཤོ་ལོ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ་སོགས་བཞུགས་སོ།།དེ་ལ་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་ཆེན་མོ་རྔོག་བློ་ལྡན་ཤེས་རབ་ཀྱིས་ཀྱང་། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ།།སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་གཅིག་ལ།།ནམ་མཁའ་བཟང་པོ་ཐོ་རེངས་སྐར་ཆེན་ཡིན།།ཁོ་བོ་དེའི་དྲུང་སྲིན་འབུ་མེ་ཁྱེར་ཙམ།།ཞེས་རང་ཉིད་ཁེང་སྐྱུང་དང་སྐ་ཅོག་ཞང་གསུམ་སོགས་ལ་ བསྔགས་པ་དོན་ལ་གནས་པ་ཞིག་གནང་ཡོད་དོ།།

       རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་བློན་པོ་ཅོག་རོ་བརྟན་ཀོང་དང་། ཅོག་རོ་ཁྱི་བཙན།  ཅོག་རོ་བློན་གུང་ཀེང་།  ཅོག་རོ་བློན་ལྷོ་གོང་སོགས་བཙན་པོའི་དཔང་པོ་དང་དང་། དམག་དཔོན།  ཕྱིས་བློན་བཀའ་ལ་གཏོགས་པ་རྐྱང་རྐྱང་ཡིན།  བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ནམ་དུ་ཡང་མི་གཞིག་ཅིང་།  དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་།  མནའ་བོར་དུ་བཅུག་པའི་བཀའ་གཙིགས་ལས་གསལ་བ་དང་།  བཀའ་གཙིགས་ཀྱི་མ་ཡིག་ཆ་ཚང་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འཁོད་འདུག བཙན་པོས་སྔ་ཕྱིར་བཙུན་མོ་ཆེན་ཆུན་གསུམ་ཙམ་བསུས་པ་ལས། ཅོག་རོ་བཟའ་བཙན་རྒྱལ་ལ་བུ་མ་བྱུང་བ་འདྲ།  སྐབས་འདིའི་ཙམ་ནས་ཅོག་རོའི་དབང་ཐང་སྔར་ལས་རྒྱས་ཏེ་ཁྲི་རལ་དང་དར་མའི་སྐབས་ཀྱི་ནང་འཁྲུགས་ལ་རྨང་གཏིང་གིན་ཡོད།

ཁྲི་གཙུག་ལྡེ་བཙན་རལ་བ་ཅན།

      ཁྲི་རལ་བས་བཙུན་མོ་ལྔ་བསུས་པ་ལས་ཅོག་རོ་བཟའ་ནི་ཁ་སྒོ་སྐྱེ་འབྲས་མཚར་བས་བཙན་མོ་རྣམས་ཀྱི་དྭངས་རྩེ་དང་རྒྱལ་པོའི་ཐུགས་རྩེ་ཤོས་སུ་གྱུར་ཡོད་པ་སྨོས་མ་དགོས་ལ། སྤྱིར་ན་ཅོག་རོའི་ཁྱིམ་རྒྱུད་ཀྱི་སྨན་ཤར་རྣམས་ནི་ཁ་སྒོ་སྐྱེ་འབྲས་མཚར་སྡུག་ལྡན་པ་བོད་ཡུལ་དུ་གྲགས་ཆེ་སྟེ།"རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བསམ་ཡས་གཙུག་ལག་ཁང་གི་ལྷ་རྟེན་རྣམས་བཞེངས་སྐབས།  ལྷ་མོ་གཉིས་ཀྱི་སྐུ་བརྙན་གྱི་མ་དཔེ་རུ་བོད་ཀྱི་མཛེས་མ་སྐད་གྲགས་ཆོད་པ་གཉིས་བཙལ་བ་ནི། ཅོག་རོ་བཟའ་ལྷ་བུ་སྨན་དང་། ཅོག་རོ་བཟའ་ནུ་ཆུང་གཉིས་ཡིན།"【16】  ལྷག་ཏུ་ཅོག་རོ་བཟའ་རྒྱལ་མོ་ནུ་ཆུང་ནི་ལུས་ཀྱི་ཆ་ཚད་མཉམ་པ། སྐྱེས་འབྲས་མཚར་བའི་བུད་མེད་མཛེས་མ་ཞིག་ཡིན། མོར་དཔེ་བགྱིས་ཏེ་འོད་ཟེར་ཅན་མ་བཞེངས་པར་གྲགས་སོོ།།འོན་ཀྱང་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མའི་མཇུག་འབྲས་དེ་འདྲ་མི་བཟང་སྟེ། སྐབས་དེ་ཙ་ན་ཞི་དྲག་གི་དཔོན་རྣམས་ཕྱོགས་གཉིས་སུ་གྱེས་ཏེ་ཕན་ཚུན་གདོང་ཐུག་གིན་ཡོད་ཙང་། སྐུད་པོ་ཅོག་རོ་ལྷ་ལོད་དང་།  དབས་སྟག་སྙ་སོགས་ཀྱིས"བན་དེ་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་ཆོས་བྱེད་པ་ལ་དབང་ཆེ་བས་ཆོས་ཁྲིམས་མི་ཞིག་ཟེར།དེ་ལ་རྗེ་སྙན་ཕྲ་བཅུག་པས་ཆོག་ཟེར་ནས་བྲན་ཀ་དཔལ་ཡོན་དང་།བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་གཉིས་ཉལ་བཤམས་སོ"【17】  ཞེས་གསོལ་བས་བྲན་ཀ་བྲོས།བཙུན་མོས་མ་ཉེས་ཁ་གཡོགས་ཡིན་པར་བསྙད་དེ་རྗེའི་སྔོན་དུ་ལྕེབས།ཅོག་རོ་བཟའ་ཚེ་ལས་འདས་རྗེས་བཙན་པོ་རལ་བ་ཅན་ཐུགས་འགྱོད་ཆེན་པོ་སྐྱེས་ནས་བཙན་མོའི་ཁྲག་དང་སྣག་ཚ་བསྲེས་ཏེ་དགེ་རྩ་འབུམ་བཞེངས"【18】  པ་སོགས་བྱས་སོ།།བློན་དབས་སྟག་སྙ་དང་བཙུན་མོ་ཅོག་རོ་བཟའི་སྐུད་པོ་ཅོག་རོ་ལྷ་ལོད་སོགས་ཀྱིས་རྒྱལ་པོ་ལ་བློ་ཉེ་བ་ཐམས་ཅད་རེ་རེ་བཞིན་བསྒྲལ་རྗེས་མཐར་རུས་རྒྱུད་རྙིང་བའི་ཁེ་དབང་སྲུང་ཆེད་"དབས་རྒྱལ་ཏོ་རེ་དང་ཅོག་རོ་ལེགས་སྒྲ་ལྡོང་ཕུང་འདྲེ་མི་གཉིས་ཀྱིས་ཞའི་བོར་ཁྱེར་རྒྱལ་པོས་དབུ་སྐྲ་བསིལ་བའི་དུས་སུ།བཙན་པོས་འབྲས་ཆན་གསོལ་བ་ལ་དུག་སྣ་ཚོགས་པ་དྲངས་པས་མ་ལྟོ་བར"【19】  མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲི་ལ་གཟིམས་པ་ལ་དབས་སྟག་རྣ་ཅན་དང་།ཅོག་རོ་ལྷ་ལོད།ལེགས་སྡུག་བཙན་སྡིག་བློན་གསུམ་གྱིས་དབུ་ལྟག་ཏུ་བསྐོར་ནས་བཀྲོངས་སོ།།

བོད་སིལ་བུར་འཐོར་རྗེས་ཅོག་རོ་འོད་སྲུང་གི་ཕྱོགས་སུ་ལངས་པ།

      ཁྲི་རལ་བཀྲོངས་རྗེས་འབྲོ་དབས་གཡུལ་འཁྲུགས་སོགས་ཁྱིམ་རྒྱུད་རྙིང་བའི་བློན་ཆེན་རྣམས་ཀྱིས་སྲིད་དབང་བཟུང་སྟེ་འཐབ་རྩོད་ཡུན་རིང་བགྱིས་པ་དང་། ཉམས་ཆུང་ནུས་ཞན་གྱི་ཁྲི་དར་མ་གཡོ་འོག་ཏུ་ཚུད་དེ་གྲྭ་པ་སྐྱ་སར་ཕབ་པ་གཙོས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བོད་ཆེན་པོའི་མངའ་རིས་ཀྱི་མཐའ་ནས་ཟགས་ཤིང་། ནང་ནས་འཁྲུགས་ཏེ་དར་མ་བཀུམ་པ་དང་།  སྲས་གཉིས་སྲིད་ཁྲི་ལ་མ་མཐུན་པར་དབུ་གཡོ་འཁྲུགས་མགོ་བརྩམས།   རྒྱའི་ཡིག་ཚང་དུ།"སྤྱི་ལོ༨༦༦ལོར།  སྤུར་རྒྱལ་གྱི་རྒྱལ་ཁམས་སིལ་བུར་འཐོར་བ་དང་།   ཆི་ཧུ་ཧུའུ(ཡུམ་བརྟན)རྗེ་རྣམས་ཀྱི་གནས་ཚུལ་མི་ཤེས་པར་གྱུར།"【20】  ཞེས་པས་ཀྱང་ཕྱོགས་ཙམ་ངེས་ནུས། ཅོག་རོ་ཚེ་སྤང་བཟའི་རྒྱབ་ཏུ་ལངས་ཏེ"ཅོག་རོ་ཞང་ཉ་བཟང་གིས་འོད་སྲུང་གི་ཞབས་ཏོག་སུ་སྔོ་ཐོག་པའི་དཔའ་བྱས་མཇུག་ཏུ་ཕོ་བྲང་ལྷ་རྩེ་ཕྱག་ཏུ་ཕུལ། བུ་མོ་ཅོག་རོ་བཟའ་རྒྱལ་མོ་ལེགས་བཙུན་མོར་ཕུལ་ཏེ"【21】  མངའ་བདག་དཔལ་འཁོར་བཙན་འཁྲུངས་སོ།།དེ་ནི་བཙན་པོའི་གདུང་རྒྱུད་དང་འབྲེལ་བ་ཟབ་པའི་ཁྱིམ་རྒྱུད་རྙིང་བ་ཅོག་རོ་ཡིས་རྒྱབ་སྐྱོར་བྱས་པ་ཡིན་ལ། ཕྱིས་སུ་ཅོག་རོའི་ཁྱིམ་རྒྱུད་ཀྱི་དབང་ཤུགས་ལ་བརྟེན་ནས་འོད་སྲུང་གི་ཆབ་སྲིད་བག་ཙམ་རྒྱས་ནས་དབུས་ཀྱི་ཡུལ་གྲུ་ཆེ་བ་ཁ་ཤས་ཡུམ་བརྟན་གྱི་ལག་ནས་སླར་འཕྲོག་པའི་སྐོར་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་སོགས་སུ་གསལ་ལོ།།


མཇུག་བསྡུ་བ།

      མདོར་ན་རུས་རྒྱུད་རྙིང་བ་ཅོག་རོ་ནི་བོད་ཆེན་པའི་ཆབ་སྲིད་དང་འབྲེལ་ལམ་ཟབ་ཅིང་། མཁས་བཙུན་མཛངས་གསུམ་ལྡན་པའི་དཔའ་རྟུལ་དང་སྨན་ཤར་གནམ་གྱི་སྐར་མ་དང་ས་ཡི་རྩི་ཏོག་བཞིན་བྱོན་མྱོངས་ལ། རྒྱལ་ཁམས་དང་མི་རིགས་སྤྱི་ལ་ཕན་པ་བླ་མེད་བསྐྲུན་པར་མ་ཟད། དུས་རབས་བདུན་པ་ནས་དགུ་བའི་བར་དུ་སྤུར་རྒྱལ་བོད་ཀྱིས་ཧི་མ་ལ་ཡའི་རི་ཁུག་ནས་ཡ་གླིང་གི་སུམ་ཆའི་གཉིས་ཙམ་རིམ་པར་དབང་དུ་བསྒྱུར་ནས་ཡོང་བར་རམ་འདེགས་གོང་དུ་སོང་བ་ལྟར་ཞུས་པ་ལགས་སོ།།

༢༠༡༨/༡༢/༡ལ་བྲིས་སོོ།།


ལྡེའུ་ཆོས་འབྱུང་རྒྱས་པ། [1] [2] [4] [8] [9] [18]   རྒྱལ་རབས་གསལ་མེ། [3]  རྒྱལ་པོའི་བཀའ་ཆེམས། [5]  ཆོས་འབྱུང་མཁས་པའི་དགའ་སྟོན། [6]  བློན་པོའི་བཀའ་ཐང་། [11] [12]  སྦ་བཞེད་ཞབས་བཏགས་མ། [13]   ཏུན་ཧོང་གཏེར་ཡིག [14] [7] [9] ཞི་ཁྲོ་ཡང་ཐབས་ཀྱི་གཡང་འགུག་ནོར་བུ་ཆོས་རྒྱལ། [15]  ཆོས་འབྱུང་སྙིང་བོ་མེ་ཏོག་སྦྲང་རྩིའི་བཅུད།[16] [17] [19]  通鉴吐蕃史料 [20] རྒྱལ་རབས་ཉི་ཟླའི་ཕྲེང་མཛེས། [21]



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41275461
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1