བོད་ཀྱི་སློབ་གསོའི་དཀའ་གནད་དང་དེ་སེལ་ཐབས་ཀྱི་ཁ་ཕྱོགས་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཀྱི་སློབ་གསོའི་དཀའ་གནད་དང་དེ་སེལ་ཐབས་ཀྱི་ཁ་ཕྱོགས་གླེང་བ།
བོད་ཀྱི་སློབ་གསོའི་དཀའ་གནད་དང་དེ་སེལ་ཐབས་ཀྱི་ཁ་ཕྱོགས་གླེང་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/12/23ལྟ་ཀློག (2223)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་སློབ་གསོའི་དཀའ་གནད་དང་དེ་སེལ་ཐབས་ཀྱི་ཁ་ཕྱོགས་གླེང་བ།


རྩོམ་པ་པོ། དཔལ་ལྡན་ཉི་མ།

ཡིག་སྒྱུར་བ་སྒྲོལ་མ་སྐྱབས།


བོད་ཁུལ་གྱི་འགོ་ཁྲིད་དང་སློབ་གཙོ་ཁ་ཤས་ལ་སློབ་ཁྲིད་

བྱེད་སྐབས་ཀྱི་ནང་དོན་གནད་བསྡུས།

      མིག་སྔར་གྱི་བོད་ཁུལ་སློབ་གསོའི་དཀའ་གནད་གླེང་བ་ལ། ང་ཚོས་ཐོག་མར་རི་མཐོ་ས་གཙང་གི་གནས་འདི་རུ་ད་རུང་འབྲོག་པ་ཨེ་མཁོ། ཞིང་བ་ཨེ་མཁོ། ནགས་ཚལ་ཨེ་མཁོ། རྩྭ་ཐང་ཨེ་མཁོ་སོགས་ལ་བསམ་བློ་གཏོང་དགོས། ས་འདི་རུ་འཚོ་བའི་མི་རྣམས་ས་འདི་ལ་དུང་བ་ཧ་ཅང་ཟབ་མོ་ཡོད་པས། གནད་དོན་དེ་དག་ལ་བསམ་བློ་མི་གཏོང་ཐབས་མེད་ཡིན། ཡིན་ནའང་། སྲིད་གཞུང་གི་ལས་བྱེད་དང་འགོ་ཁྲིད་དག་ལ་མཚོན་ན། སྡེ་དཔོན་གྱིས་ཞང་ཀྲང་གིས་ཕབ་པའི་བཀའ་འགྲུབ་དགོས། ཞང་ཀྲང་གིས་རྫོང་དཔོན་གྱིས་ཕབ་པའི་བཀའ་འགྲུབ་དགོས། རྫོང་དཔོན་གྱིས་ཁུལ་དཔོན་གྱིས་ཕབ་པའི་བཀའ་འགྲུབ་དགོས། ཁུལ་དཔོན་གྱིས་ཞིང་ཆེན་འགོ་ཁྲིད་ཀྱིས་ཕབ་པའི་བཀའ་འགྲུབ་དགོས། ཞིང་ཆེན་འགོ་ཁྲིད་ཀྱིས་དབུས་གཞུང་འགོ་ཁྲིད་ཀྱིས་ཕབ་པའི་བཀའ་འགྲུབ་དགོས་པ་བཅས་རིམ་པ་གོང་མས་རིམ་པ་འོག་མ་མནན་པའི་མཐའ་ཁུལ་གྱི་སློབ་གསོའི་འཆར་གཞི་ཞིག་འགྲུབ་དགོས་པར་ཐུག་ཡོད། ང་ཚོས་འདི་ན་མཐའ་ཁུལ་ལས་རྗེས་ལུས་ཞེས་པའི་ཐ་སྙད་དེ་སྤྱད་མེད། རྗེས་ལུས་ཞེས་པའི་ཐ་སྙད་དེ་ནི་གྲལ་རིམ་གྱི་འདུ་ཤེས་ལས་བྱུང་བའི་རྒྱུན་ལྡན་མ་ཡིན་པའི་ཐ་སྙད་ཅིག་རེད། ཐ་སྙད་འདིའི་སྐོར་རྗེས་སུ་བཤད་ཆོག སྐབས་འདིར་ང་ཚོ་མིག་སྔར་འཕྲད་པའི་སློབ་གསོའི་དཀའ་གནད་ལ་བགྲོ་གླེང་བྱེད། གོང་ནས་བཤད་ཟིན། ང་ཚོ་ས་འདི་ལ་དུང་བ་ཧ་ཅང་ཟབ་མོ་ཡོད་ལ་ང་ཚོའི་ཕྲག་གི་འགན་ཁུར་ཡང་ཧ་ཅང་ལྕི་མོ་ཡིན། དེའི་ཕྱིར། ང་ཚོ་འགན་ཁུར་ལྕི་མོ་དེ་དང་བསྟུན་ནས་མི་འགྲོ་ཐབས་མེད་རེད་ལ། བོད་ཀྱི་སློབ་གསོའི་འགན་ཁུར་ལྕི་མོ་དེ་དག་གི་རྒྱབ་ན། ལོ་བཅུ་ཕྲག་ཁ་ཤས་ནང་རྒྱ་ནང་ནས་བོད་དུ་དར་བའི་རྒྱའི་སྔོན་གྱི་གྲལ་རིམ་རིག་གནས་དེ་ཡོད། རྒྱ་ནང་གི་སྲོལ་རྒྱུན་གྲལ་རིམ་རིག་གནས་སྔར་ལས་བཙན་པོ་དང་། ཞིབ་ཚགས་ཅན་དུ་གྱུར་ཡོད། དེ་ང་ཚོའི་མགོ་རུ་ལྷུང་ཡོད།རིག་གནས་དེ་བོད་ཁུལ་གྱི་སྲིད་འཛིན་སྡེ་ཁག་དག་མ་ཟད། དགོན་པ་དང་། སྡེ་བ་སོ་སོའི་ནང་དུ་དར་བཞིན་ཡོད། རྒྱའི་གྲལ་རིམ་རིག་གནས་དེ་ཡང་ལོ་ངོ་སྟོང་ཕྲག་ཁ་ཤས་བརྒྱུད་ནས་བྱུང་བའི་རིག་གནས་ཤིག་རེད། རིག་གནས་དེའི་དཀའ་ངལ་ཐག་གཅད་པར་ཐབས་ལམ་གཅིག་ལས་མེད། ཐབས་ལམ་གཅིག་པོ་དེ་རྒྱུགས་ཁོ་ན་ལ་བརྟེན་ནས་རྩོད་དགོས། དེས་གྲལ་རིམ་སྔར་ལས་བརྟན་པོར་བཏང་ཡོད། གནའ་སྔ་མོ་དེ་ལ་ཁོ་ཅུས ཟེར་བ་དང་། ད་ལྟ་མཐོ་རྒྱུགས་ཟེར། དེ་གཉིས་གང་ཡིན་ན་འགྲོ་ལམ་སློབ་གསོ་ཡིན། སློབ་གསོ་དེ་ལྟར་སོང་ན་མི་བཟང་པ་རྒྱལ་ཁབ་དང་། སློབ་གསོ་པུའུ་ཡིས་ཤེས་ཡོད། སློབ་གསོ་དེ་ལྟར་བསྒྲུབས་ནས་སོང་ན་རྒྱལ་ཁབ་དང་། མི་རིགས་ལ་མི་བཟང་པ་མི་མང་པོ་ཞིག་གིས་ཤེས་ཡོད། དཔེར་ན། མའོ་ཀྲུའུ་ཞི་ཡི་སྐད་སྒྱུར་བ་ཙི་ཀྲུང་ཡུན ལགས་ཀྱིས་ཀྲུང་གོའི་སློབ་གསོ་ད་ལྟ་མྱུར་ཏུ་མ་བསྒྱུར་ན། རིགས་རྒྱུད་ཉམས་སྲིད་ཅེས་འབོད་སྐུལ་བཏང་ཡོད། ཁོང་གིས་རིགས་རྒྱུད་ཉམས་ཞེས་པ་སྐྱེས་གཟུགས་དང་། ངོ་གདོང་སོགས་ཕྱིའི་རྣམ་པར་ཟེར་བ་མ་རེད། རིགས་རྒྱུད་ཉམས་ཞེས་པ་མི་སེམས་དང་། ཤེས་རིག་བཤད་པ་རེད། ད་ལྟ་མི་མང་པོ་ཞིག་བརྩེ་བ་མེད་པ་དང་། མིག་ནང་ན་མི་མེད་པའི་བེམ་པོ་ལྟ་བུ་ཞིག་ཏུ་གྱུར་འདུག དཔེར་ན། པེ་ཅིན་ནས་བུད་མེད་ཅིག་གིས་རླངས་འཁོར་འཇོག་དུས།རླངས་འཁོར་རྒྱབ་ཀྱི་བྱིས་པའི་འདྲུད་འཁོར་འདྲུད་མཁན་དེ་ཅུང་ཟད་དལ་སོང་བས། རླངས་འཁོར་ཁ་ལོ་བས་འདྲུད་འཁོར་ནང་གི་བྱིས་པ་སར་བརྒྱབ་ནས་བསད། གནས་ཚུལ་དེ་པེ་ཅིན་ནས་བྱུང་། སྤྱི་ཚོགས་དེ་ལྟར་ཧ་ཅང་འཇིགས་སུ་རུང་བའི་སྤྱི་ཚོགས་ཤིག་ཏུ་གྱུར། སློབ་གསོ་དེ་ལྟ་བུ་ནི་ཀྲུང་གོའི་མིའི་སློབ་གསོ་མ་རེད།

        མི་རིགས་ས་ཁུལ་ལ་མཚོན་ན། གོ་ས་གཙོ་བོར་འཛིན་པའི་སློབ་སྒྲུབ་ལམ་ལུགས་དེ་ལས་གཞན། ད་རུང་མི་རིགས་ས་ཁུལ་གྱི་བདེ་འཇགས་ཞེས་པའི་ལས་ཀ་དཀའ་མོ་ཞིག་ཡོད། དཀའ་ངལ་དེ་གཉིས་སྐྱ་འདྲེས་པའི་མི་རིགས་ས་ཁུལ་གྱི་སློབ་གསོ་ནི་ཧ་ཅང་སྒྲུབ་དཀའ་བའི་སློབ་གསོ་ཞིག་རེད། མི་རིགས་ས་ཁུལ་གྱི་སློབ་གསོ་སྒྲུབ་མཁན་རྣམས་ཀྱིས་ས་འདིའི་མི་རྣམས་ཀྱི་མ་འོངས་པ་ལ་འགན་འཁུར་དགོས་པར་མ་ཟད། ད་རུང་གོང་རིམ་གྱིས་ཕབ་པའི་བཀའ་སྟེ། ས་ཁུལ་བདེ་འཇགས་ཅེས་པའི་འགན་ཁུར་འགྲུབ་དགོས། འགན་ཁུར་དེ་གཉིས་ཀ་གོང་རིམ་གྱི་གནོན་ཤུགས་འོག་ན་ཡོད། དེའི་ཕྱིར། མི་རིགས་ས་ཁུལ་གྱི་སློབ་གསོ་ཧ་ཅང་སྒྲུབ་དཀའ་བ་ཞིག་རེད། སྤྱིར་ན་གནད་དོན་དེ་དག་མི་རིགས་ས་ཁུལ་གྱི་གནད་དོན་ཙམ་མ་རེད། རྒྱལ་ཡོངས་ཀྱི་གནད་དོན་ཞིག་རེད། མ་གཞི་ཚོགས་ཆེན་བཅོ་བརྒྱད་པའི་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་ཞེས་པ་ཞིག་ཁྱབ་བསྒྲགས་བྱས་མོད། ད་དུང་ལག་བསྟར་ཐུབ་ཀྱིན་མེད། དེ་ནི་ཞིང་ཆེན་དང་། ཁུལ། རྫོང་དང་ཞང་རིམ་པའི་འགོ་ཁྲིད་ཀྱི་ཆུ་ཚད་ཞན་སོང་བས་རེད། ངས་འདི་ནས་མི་རིགས་ས་ཁུལ་ཁོ་ན་ལ་བཤད་པ་མིན། རྒྱལ་ཡོངས་ལ་བཤད་པ་ཡིན། ཁོ་ཚོས་དྲང་བདེན་ཞེས་པའི་གོ་དོན་མི་ཤེས། འདྲ་མཉམ་ཞེས་པའི་གོ་དོན་མི་ཤེས། དམངས་གཙོ་ཞེས་པའི་གོ་དོན་མི་ཤེས། རང་དབང་ཞེས་པའི་གོ་དོན་མི་ཤེས། ཁྲིམས་ཀྱང་ཡག་པོ་མི་ཤེས། དེ་དག་མ་ཤེས་ན།  སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་ལག་བསྟར་གང་ནས་ཐུབ། དེ་དག་ལག་བསྟར་མ་ཐུབ་པས་སློབ་གསོ་དཀའ་ཉོག་ནང་དུ་ལྷུང་། རྒྱ་ནང་དེ་ལྟར་རེད་ལ། མི་རིགས་ས་ཁུལ་གྱི་སློབ་གསོ་ཡང་དེ་མཚུངས་རེད།

       སྤྱིར་ན། མི་རིགས་ས་ཁུལ་གྱི་སློབ་གསོ་སྒྲུབ་མཁན་གྱི་དགེ་རྒན་དང་། སློབ་གཙོ། ལྷག་ཏུ་སྲིད་འཛིན་སྡེ་ཁག་གི་འགོ་ཁྲིད་ཚོས་ད་ལྟ་སྒྲུབ་པའི་སློབ་གསོ་འདིས་མི་རབས་བཞི་ནས་ལྔ་ལ་འགན་འཁུར་དགོས། བོད་རིགས་ས་ཁུལ་གྱི་སློབ་གསོ་ཡིན་ཡང་ཚེ་སྲོག་ཅིག་རེད། ཚེ་སྲོག་དེ་འཁོར་ལོ་ལྟར་འཁོར་དགོས། ང་ཚོའི་འཁོར་ལོ་དེ་ལ་དམིགས་ཡུལ་དགོས་ལ། ལྷག་ཏུ་སྲོག་ཤིང་དགོས། ང་ཚོས་རིག་གནས་ཡུན་རིང་གནས་དང་མི་གནས་བཤད་མོད། ཡུན་གནས་ཞེས་པ་རིག་གནས་ཀྱི་གསོན་ཤུགས་ལྡན་པའི་ཚེ་སྲོག་མུ་མཐུད་གནས་དགོས་པ་བཤད་པ་རེད།དེས་ན། བོད་ཁུལ་གྱི་ད་ལྟའི་སློབ་གསོ་སྒྲུབ་མཁན་དག་གིས་སྒྲུབ་ཀྱིན་པའི་སློབ་གསོ་ལ་ལོ་ག་ཙམ་གྱི་ཚེ་སྲོག་ཡོད།

      ཀྲུང་ཧྭ་མི་རིགས་གཞི་གཅིག་བཤད་མོད། གཞི་གཅིག་བཤད་པ་དེས་སྣ་མང་ཁས་མི་ལེན་པ་མ་རེད། དེ་གཉིས་ལ་འགལ་བ་མེད། དེ་ནི་ཞི་ཀྲུའུ་ཞིས་མིའི་རིགས་ཐུན་མོང་གི་ལས་དབང་ཞེས་པ་དང་གཅིག་པ་རེད། དེའི་ནང་དོན་ནི་ཚང་མ་མུ་མཐུད་མཉམ་དུ་འཚོ་དགོས་ཞེས་པའི་དོན་རེད།

      མི་རིགས་ས་ཁུལ་གྱི་རྫོང་ཞིག་གི་སློབ་གསོ་སྒྲུབ་པར་སློབ་སྔོན་སློབ་གསོ་གཞི་འཛིན་ས་བྱས་ཏེ། སློབ་སྔོན་སློབ་གསོས་སློབ་གྲྭ་ཆུང་འབྲིང་ཡོངས་ཀྱི་སྣེ་ཁྲིད་བྱ་དགོས། དེ་ནི་སྲོལ་རྒྱུན་ལྟར་མཐོ་རྒྱུགས་གཞི་འཛིན་ས་བྱས་ཏེ། སློབ་སྔོན་སློབ་གསོ་ནས་མཐོ་འབྲིང་བར་གྱི་སློབ་གསོ་ཡོད་ཚད་མཐོ་རྒྱུགས་སློབ་གསོའི་དགོས་མཁོ་ལྟར་བསྒྲུབས་པ་དང་མི་འདྲ།འོས་འགན་སློབ་གསོ་སྒྲུབ་པར་ཕྱོགས་ཡོངས་ལ་འདང་ཕོག་དགོས་པར་མ་ཟད། གཞི་འཛིན་ས་ནོར་མི་ཉན། སློབ་སྔོན་སློབ་གསོ་ནས་བཟུང་ཁྲིད་ཚན་ལ་ཞིབ་འཇུག་བྱེད་དགོས། སློབ་གྲྭའི་ཡོད་ཚད་ཀྱི་རྩ་བ་སློབ་དང་ཁྲིད་ལ་ཐུག་ཡོད། སློབ་དང་ཁྲིད་ཅེས་པ་ཁྲིད་ཚན་རེད། ཁྲིད་ཚན་ཞེས་པ་བསླབ་དེབ་ཙམ་ལ་གོ་བས་མི་ཆོགཁྲིད་ཚན་ཞེས་པ་ལ་དུས་ཚོད་བཀོད་སྒྲིག་དང་དགེ་རྒན། རྒྱུས་ལོན།ཞིབ་འཇུག་སོགས་མང་པོ་ཞིག་ཡོད། ཁྲིད་ཚན་ནང་ཤེས་བྱ་གང་གཙོ་བོ་ཡིན། ཁྲིད་ཚན་གང་བསླབ་ན་བདེ་སྐྱིད་ཡིན། ཁྲིད་ཚན་གང་བརྟན་པོ་ཡིན། ཁྲིད་ཚན་གང་བརྩེ་བ་ཡིན། ཁྲིད་ཚན་གང་བསླབ་ན་མི་ཞི་དུལ་ཡོང་། མདོར་ན། ཁྲིད་ཚན་གང་ཡིན་ན་མིའི་མ་འོངས་པའི་འཚོ་བ་ལ་ཕན་པ་ཡོད་དགོས། དེའི་ཕྱིར། ཁྲིད་ཚན་ལ་ཞིབ་འཇུག་བྱས་ཏེ་ཤེས་བྱ་དེ་དག་སློབ་མ་རྣམས་ལ་ལོངས་སུ་སྤྱོད་དུ་འཇུག་དགོས་པ་ལས། མི་ཆེན་རྣམས་ཀྱི་རེ་བ་ལྟར་བྱིས་པར་སློབ་གསོ་སྤྲོད་དགོས་པ་ཞིག་མིན། མི་ཆེན་གྱིས་བྱིས་པ་ལ་སློབ་གསོ་སྤྲད་དུས་འདྲ་མཉམ་མིན། ང་ཚོ་བོད་པ་ལྟར་ན་ཚེ་སྲོག་ཚང་མ་འདྲ་མཉམ་རེད། འདྲ་མཉམ་ལས་ཆ་སྙོམ་མིན། ང་ཚོ་བོད་ཀྱི་ཚེ་སྲོག་གི་ལྟ་བ་འཁོར་ལོ་ལྟ་བུ་ཞིག་ཡིན། དེའི་ཕྱིར། ཁྲིད་ཚན་བསྐྲུན་པ་དང་། ཤེས་བྱ་གསོག་འཇོག་བྱེད་དུས་ཚེ་སྲོག་ཚང་མ་འདྲ་མཉམ་ཡིན་པའི་རྨང་གཞིའི་སྟེང་ནས་འགོ་འཛིན་དགོས། 

       ཐབས་ཤེས་གང་འདྲ་ཞིག་འཚམ་མིན་བཤད་དུས་ལག་ལེན་ལ་ཐུག་ཡོད། གསལ་པོར་བཤད་ན་འཁྲིད་ཐབས་རེད། སློབ་གྲྭ་ཆུང་འབྲིང་གང་ཡིན་ན། སོ་སོར་འགན་ཁུར་གཏན་ཁེལ་བྱ་དགོས། འདིར་འགན་ཁུར་གཏན་ཁེལ་ཞེས་པ་ཁྲིད་ཚན་གྱི་འགན་ཁུར་ལ་གོ་དགོས་པ་ལས། མཐོ་རྒྱུགས་ཀྱི་འགན་ཁུར་གཏན་ཁེལ་བྱས་པས་དགོས་པ་ཆུང་། ང་ཚོས་ཁྲིད་ཚན་བཅོས་བསྒྱུར་རིམ་པ་ཅན་ལ་བསྒྱུར་དགོས། དཔེར་ན། ཁྲིད་ཚན་བཅོས་བསྒྱུར་ནང་གི་བསླབ་ཚན་ཏེ། ས་གནས་སློབ་དེབ། སློབ་གྲྭའི་སློབ་དེབ་སོགས་སློབ་སྔོན་སློབ་གསོ་ནས་མཐོ་འབྲིང་བར་ས་ཁུལ་གྱི་སློབ་དེབ་མང་པོ་ཞིག་དཔར་སྐྲུན་བྱ་དགོས། གལ་སྲིད་ང་ཚོས་འགན་ཁུར་གཏན་ཁེལ་གསལ་པོ་བྱས་པ་དང་། ས་ཁུལ་སློབ་དེབ་མང་པོ་དཔར་སྐྲུན་བྱས་ན། རྒྱུགས་འབྲས་རང་བཞིན་གྱིས་ཡར་འགྲོ་སྲིད། དཔེར་ན། ང་ཚོས་སློབ་ཁྲིད་དངོས་ཀྱི་སྐབས། ཁྲིད་ཚན་གྱི་འགན་ཁུར་བྱེ་བྲག་ཏུ་འབབ་དགོས། སློབ་གྲྭ་ཞིག་གི་རྩིས་རིག་ཚན་ཆུང་ལ་མཚོན་ན། ལོ་དང་པོར་ཅི་ཞིག་འཁྲིད། ལོ་གཉིས་པར་ཅི་ཞིག་འཁྲིད། ལོ་གསུམ་པར་ཅི་ཞིག་འཁྲིད་སོགས་ལོ་རེ་རེའི་འཁྲིད་བྱའི་ཤེས་བྱའི་གནད་དག་ཇི་ལྟར་འགྲེལ་བར་དེབ་ཅིག་འབྲི་དགོས། དགེ་རྒན་གྱིས་ཁྲིད་ཚན་གྱི་གནད་དག་ཇི་ལྟར་འགྲེལ་བར་དེབ་ཅིག་འབྲི་ཐུབ་པར་སྦྱོང་བརྡར་བྱ་དགོས།ད་ལྟ་བོད་ཁུལ་གྱི་སློབ་གྲྭ་དག་གིས་བསླབ་ཚན་ཚད་གཞི་ལ་སློབ་སྦྱོང་བྱས་པ་ཧ་ཅང་ཞན། སྤྱིར་ན་བསླབ་ཚན་ཚད་གཞི་གཙོ་བོ་ཡིན། བསླབ་ཚན་ཚད་གཞི་ནི་འཛམ་གླིང་གི་བྱིས་པ་རྣམས་ཀྱི་ལོ་ཚོད་ལྟར་བསླབ་བྱ་ཐག་བཅད་པ་ཞིག་ཡིན། དེར་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད། ལོ་ཚོད་གང་ལ་ཐོན་ན་ཤེས་བྱ་དེ་ཙམ་ཤེས་དགོས་པའི་ཚད་འཛིན་ས་ཞིག་རེད། སློབ་གྲྭ་དང་དགེ་རྒན་རྣམས་ཀྱིས་བསླབ་ཚན་ཚད་གཞི་ལ་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན། དེ་ལའང་སྦྱོང་བརྡར་མཁོ། མ་གཞི་ལས་ཀ་ཅི་ཡིན་ན་ཞིབ་ཚགས་ཀྱིས་བསྒྲུབ་པར་དེ་མཚུངས་ཀྱི་སྦྱོར་བརྡར་མཁོ། མིག་སྔའི་སྦྱོང་བརྡར་མང་པོ་ཞིག་ནི་དགེ་རྒན་གྱི་དུས་ཚོད་དང་དངུལ་འཕྲོ་བརླག་བྱས་པ་ཞིག་རེད།

      དོ་དམ་ཡང་དེ་མཚུངས་རེད། སློབ་གྲྭ་སོ་སོར་འགན་ཁུར་གྱི་དམིགས་ཚད་གསལ་པོ་དགོས། སློབ་གྲྭའི་དོ་དམ་ལ་བསྐྱར་ཞིབ་བྱེད་དགོས། ང་ཚོ་བོད་པ་དག་ལ་ནད་ཅིག་ཡོད། ནད་དེ་ནི་ལེ་ལོ་རེད། ཡུན་གྱིས་སོང་ན་བོད་པ་དག་ལ་ལེ་ལོའི་ནད་ཡོད་པ་གསལ་པོ་ཡིན། བོད་པ་དག་ཁྲིམས་མེད་ལུགས་མེད་ཀྱིས་འཚོ་བར་དགའ་བས། ང་ཚོ་ནམ་ཡིན་ན་སྣང་བའི་ཁམས་ཤིག་ལ་འཁྱམས་ནས་ཡོད།དེའི་ཕྱིར། བོད་པ་ཚོ་ལ་འཆར་གཞིའི་འདུ་ཤེས་མེད་པས། འཆར་གཞིའི་རེའུ་མིག་ཧ་ཅང་མཁོ། དགེ་རྒན་དག་ལ་འཆར་གཞིའི་རེའུ་མིག་སྣ་ཚོགས་ཡོད་ན་བཟང་། སློབ་གཙོ་དག་གིས་འཆར་གཞི་ཇི་ལྟར་འབྲི་བ་ལ་སྦྱོང་བརྡར་བྱེད་དགོས། སྦྱོང་བརྡར་ལ་ཞུགས་པ་དང་། འཆར་གཞི་ལྡན་པའི་དོ་དམ་ལ་འབད་ན་སློབ་གཙོ་དག་བྲེལ་བ་ཆེ་སྲིད། ཡིན་ནའང་། ཡུན་གྱིས་སོང་ན་ག་ལེར་གོམས་ཡོང་། སྦྱོང་བརྡར་བྱེད་པར་རིགས་གཞུང་གི་སྦྱོང་བརྡར་མཁོ། སྦྱོང་བརྡར་བྱེད་མཁན་སློབ་གྲྭ་རུ་སོང་ནས་དགེ་རྒན་ཚོ་དང་མཉམ་དུ་གནད་དོན་མང་པོ་ཞིག་ཐག་གཅོད་ཞོར་དང་སྦྱོང་བརྡར་བྱེད་ཞོར་བྱ་དགོས། སྦྱོང་བརྡར་བྱེད་དུས་སྲོལ་རྒྱུན་སློབ་གྲྭའི་སྒྲིག་གཞི་ལྟར་སོང་བས་དགོས་པ་ཆུང་། རྩ་འཛུགས་སྒྲིག་གཞི་ལ་འགྱུར་བ་གཏོང་དགོས། ༢༠༠༣ལོ་ང་དབྱིན་ཇི་ནས་ཕྱིར་ཁྲིན་ཏུའུ་ལ་ཐོན་རྗེས། ཁྲིན་ཏུའུ་ཡི་རྒྱལ་ཁབ་རིམ་པའི་སློབ་འབྲིང་ཁ་ཤས་ལ་སྦྱོང་བརྡར་བྱས་པ་ཡིན། སྦྱོང་བརྡར་བྱེད་དུས་ངས་ཁོ་ཚོ་ལ་འཛིན་གྲྭ་གཏོར་དགོས་པའི་གྲོས་གཞི་བཏོན་པ་ཡིན། སྐབས་དེར་ཁོ་ཚོས་ནང་དང་ལེན་བྱེད་མཁན་གཅིག་ཀྱང་མ་བྱུང་། འཛིན་གྲྭ་གཏོར་ནས་ཚོགས་དགོས་པའི་རྒྱུ་མཚན་ཅི་ཡིན་ཤེས་ཀྱི་མི་འདུག དབྱིན་ཇི་ལྟ་བུ་མཚོན་ན། དམའ་འབྲིང་སྐབས་ནས་འཛིན་གྲྭ་གཏོར་ཏེ་ཚོགས་བཞིན་འདུག དམའ་འབྲིང་དང་པོར་འཛིན་གྲྭ་ཁ་ཤས་ཡོད། འཛིན་གྲྭའི་སློབ་མ་རྣམས་ལ་མཚོན་ན། གྲངས་རིག་གི་ཆུ་ཚད་འདྲ་བ་དག་འཛིན་གྲྭ་གཅིག་ཡིན། བསླབ་ཚན་གཞན་དག་དེ་མཚུངས་རེད། དབྱིན་ཇིས་སློབ་གྲྭ་དག་གིས་སློབ་མ་ལ་གྲལ་རིམ་མི་དབྱེ། ཡིན་ནའང་། བསླབ་ཚན་སོ་སོའི་རྒྱུགས་འབྲས་ལ་བལྟས་ནས་འཛིན་གྲྭ་བཀོད་སྒྲིག་བྱེད་ཀྱི་འདུག རྒྱུགས་འབྲས་ཞན་པའི་སློབ་མ་རྣམས་ཀྱི་འཛིན་གྲྭ་ལ་དགེ་རྒན་ཅུང་མང་པོ་འདུག རྒྱུགས་འབྲས་བཟང་པོའི་སློབ་མ་རྣམས་ཀྱི་འཛིན་གྲྭ་ལ་དགེ་རྒན་ཉུང་། མཇུག་ཏུ་སྦྱངས་འབྲས་ཞན་པའི་འཛིན་གྲྭའི་སློབ་མ་དག་སྦྱངས་འབྲས་བཟང་པོའམ། ཡང་ན་སྦྱངས་འབྲས་འབྲིང་ཙམ་གྱི་འཛིན་གྲྭའི་ནང་ཐོན་ཡོད། ཁོ་ཚོས་ཐབས་ཤེས་དེ་འདྲ་སྤྱད་ནས་འབད་པ་བྱེད་ཀྱི་འདུག སློབ་མ་ཚང་མ་རྒྱུགས་འབྲས་བཟང་པོའམ་ཡང་ན་འབྲིང་བའི་ནང་དུ་སླེབས། སྐབས་འདིར་བཤད་པའི་འཛིན་གྲྭ་ཞེས་པ་འཛིན་གྲྭ་གཏན་ཁེལ་ཞིག་མིན། དཔེར་ན། སློབ་མ་གཉིས་ཀྱི་གྲངས་རིག་གི་ཆུ་ཚད་འདྲ་བས་འཛིན་གྲྭ་གཅིག་ཡིན་མོད། དེ་གཉིས་ཀྱི་སྐད་ཡིག་གི་ཆུ་ཚད་མ་འདྲ་བས་གཅིག་སྐད་ཡིག་བཟང་པའི་འཛིན་གྲྭ་དང་། གཅིག་སྐད་ཡིག་འབྲིང་ཙམ་གྱི་འཛིན་གྲྭའི་ནང་དུ་འགྲོ་དགོས་པ་ལྟ་བུ་ཡིན། ཁྲིན་ཏུའུ་ལྟ་བུར་མཚོན་ན། མིག་སྔར་སློབ་འབྲིང་བདུན་པ་མ་གཏོགས་གཞན་པས་སྒྲུབ་ཕོད་ཀྱི་མེད། སློབ་གསོ་མཁས་པ་མང་པོས་དེ་ནི་སློབ་གསོའི་ཐབས་ལམ་ཡག་པོ་ཞིག་ཡིན་པར་འདོད། འཛིན་གྲྭ་གཏོར་ནས་ཚོགས་པར་དགེ་རྒན་ཅུང་མང་པོ་དགོས། དེའི་ཕྱིར། གནས་སྐབས་སུ་ལག་བསྟར་མི་ཐུབ་མོད།སློབ་མའི་འཛིན་གྲྭར་འགྱུར་བ་མེད་པ་དང་། སྐད་ཡིག་ལྟ་བུར་མཚོན་ན་བསླབ་དེབ་གཅིག་ལས་མེད་པའི་བཀག་རྒྱ་དེ་གཏོར་ཐུབ་དགོས། ང་ཚོས་ལམ་རྙིང་དེད་ནས་སོང་བར་མདུན་ལམ་མེད། ང་ཚོས་མཉམ་དུ་འཚོལ་ཞིབ་བྱེད་དགོས། གོམ་པ་རེ་རེ་བཞིན་སྤོ་ཞོར་དང་། དགེ་རྒན་རྣམས་ལ་བགྲོ་གླེང་བྱེད་ཞོར་འགྲོ།

       རིག་ཚན་སྦྱོང་བརྡར་བྱེད་པར་གོམ་སྟབས་གསུམ་གྱིས་འགྲོ། ཐོག་མར་འདུ་ཤེས་སྦྱོང་བརྡར་ཡིན། གོང་ནས་རྗེས་ལུས་ཞེས་པའི་ཐ་སྙད་སྤྱད་ན་མི་བཟང་པ་བཤད་ཡོད། བྱ་བ་ཅི་ལ་ཐ་སྙད་ཅི་ཞིག་སྤྱོད་མིན་ཁྱེད་ཀྱི་འདུ་ཤེས་ལ་ཐུག་ཡོད། དེའི་ཕྱིར། གལ་སྲིད་ང་ཚོས་མིའི་རིགས་ཀྱི་དཔལ་ཡོན་ལ་གོ་བ་ཡག་པོ་ལེན་མ་ཐུབ་ན་ང་ཚོས་ཚན་རྩལ་དཔལ་ཡོན་དུ་རློམ་སྲིད། མ་གཞི་དཔལ་ཡོན་ཞེ་ན། ཚེ་སྲོག་གི་ངེས་ཤེས་དང་ཚེ་སྲོག་གི་འབྲེལ་བ་ཐག་གཅོད་ཀྱི་ཐབས་ལ་གོ དཔལ་ཡོན་ཞེ་ན་དེ་འདྲ་བ་ཞིག་ཡིན་པ་ལས། གནམ་གྲུ་དང་མེ་སྒྱོགས་མིན། ཚེ་སྲོག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་མཁན་ཞིག་ཡིན་ན། དེས་ཚེ་སྲོག་གི་འབྲེལ་བར་ངེས་ཤེས་གཏིང་ཟབ་མོ་བླངས་ཡོད་པ་མཚོན། འབྲེལ་བ་ཐག་གཅོད་ཡག་པོ་ཞེ་ན། ཚང་མ་འདྲ་མཉམ་ཡིན་པ་དང་། ཚང་མ་མཉམ་དུ་བསྡད་པ་སྐྱིད་པོ་ཡིན་པ་ལ་ཡག་པོ་ཟེར། དཔལ་ཡོན་ཞེས་པ་དེ་འདྲ་ཞིག་རེད། དེས་ན་སློབ་གསོ་ཞེས་པ་ཅི་ཞིག་ཡིན་ནམ་ཞེ་ན། སློབ་གསོ་ནི་དཔལ་ཡོན་ལ་ཞབས་ཞུ་གནང་བྱེད་ཡིན། ཡང་ན་སློབ་གསོ་ནི་མི་དཔལ་ཡོན་ཅན་དུ་བསྒྱུར་བའི་གོ་རིམ་ལ་གོ་ནའང་ཆོག སློབ་གསོ་ནི་མི་རང་ཉིད་ལ་ཡོད་འོས་པའི་ཐོབ་ཐང་ཞིག་ཡིན་པ་ལས། མི་གཞན་པ་ཞིག་གི་སློབ་གསོ་དང་དུ་ལེན་དགོས་པ་ཞིག་མིན། མི་རང་རང་སོ་སོ་ནར་སོན་པའི་གོ་རིམ་ལ་སློབ་གསོ་ཟེར། ཡང་ན་ཚེ་སྲོག་སྨིན་པའི་གོ་རིམ་ཡོད་ཚད་ལ་སློབ་གསོ་ཟེར་བ་རེད། དགེ་རྒན་དང་། སློབ་གཙོ། སློབ་གྲྭ་སོགས་ཀྱིས་སློབ་གསོ་མྱོང་མཁན་གྱི་སློབ་མ་ལ་མཐུན་རྐྱེན་དང་། གདམ་ཀའི་ལམ་སོགས་བསྐྲུན་དགོས། དགེ་རྒན་དང་སློབ་གཙོ་སོགས་དེ་ལྟ་བུ་ཞིག་ཡིན་ལ། མཐུན་རྐྱེན་དང་གདམ་ངའི་ལམ་ཅི་ཞིག་བསྐྲུན་པར་ཞིབ་འཇུག་དགོས། སྦྱོང་བརྡར་གྱི་གོ་དོན་དང་པོ་འདུ་ཤེས་ཡིན། སློབ་གསོའི་འདུ་ཤེས་ཐག་གཅོད་ཡག་པོ་མ་ཐུབ་ན་རྩིས་ཐང་མེད་འགྲོ། གལ་སྲིད་མི་སོ་སོས་རང་ཉིད་ཀྱི་རྩིས་ཐང་ངོས་མ་ཟིན་ན། སོ་སོས་རང་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་མི་ཤེས། ཚེ་སྲོག་སུ་ལ་དབང་བ་རེད། རང་ལ་དབང་བ་རེད་དམ། ཡང་ན་མི་གཞན་པའམ་ཚོགས་པ་ཞིག་ལ་དབང་བ་རེད། རྩིས་ཐང་ཞེ་ན་ཐོབ་ཐང་དང་། འགན་ཁུར། འོས་འགན་བཅས་ཀྱིས་མཚོན། མི་སུ་ཡིན་ན་རང་ཉིད་ལ་འོས་པའི་ཐོབ་ཐང་དེ་འགན་ཁུར་དང་འོས་འགན་གྱིས་མངོན་འགྱུར་བྱེད་པ་ཞིག་ཡིན་པ་ལས། གཞན་གྱིས་སྦྱིན་པ་བཏང་ནས་ཐོབ་པ་ཞིག་མིན། ང་ཚོས་བཤད་པའི་འདྲ་མཉམ་ཞེས་པ་ལུས་ཀྱི་འདྲ་མཉམ་ཞིག་མིན། ལུས་པོ་འདྲ་མཉམ་ཡོང་ཐབས་མེད། རྟེན་དང་། མི་རིགས། གཟུགས་ཀྱི་རིང་ཐུང་། ཚོ་རྗུད། ངོ་གདོང་སོགས་འདྲ་མཉམ་ཡོང་ཐབས་ཤིག་མེད། འདྲ་མཉམ་ངོ་མ་ནི་རྩིས་ཐང་འདྲ་མཉམ་ཡིན་དགོས། མི་ཞིག་ཡིན་པའི་འདང་རྩིས་འདྲ་མཉམ་ཡིན་དགོས། ནང་བསྟན་གྱིས་འདྲ་མཉམ་ལ་འགྲེལ་གསལ་པོ་བརྒྱབ་མི་འདུག དེ་ལ་འགྲེལ་གསལ་པོ་རྒྱག་དགོས།

       སྦྱོང་བརྡར་གྱི་གོམ་སྟབས་གཉིས་པ་གནད་དོན་འཚོལ་བ་ཡིན། ང་ཚོ་ལ་གནད་དོན་གང་གང་ཡོད། གནད་དོན་དེ་དག་ཇི་ལྟར་ཐག་གཅོད། འདུ་ཤེས་ལ་འགྱུར་བ་བྱུང་ན་ད་གཟོད་གནད་དོན་རྙེད་སྲིད། འདུ་ཤེས་སྔར་བཞིན་མ་འགྱུར་བར་ད་རུང་མཐོ་རྒྱུགས་ལ་འཐམ་ནས་བསྡད་ན། གནད་དོན་རྙེད་མི་སྲིད། སློབ་གཙོ་ཞིག་ལ་མཚོན་ན། རང་གི་དཀའ་ངལ་རང་གི་སློབ་གྲྭའི་དགེ་རྒན་གྱི་ཡོན་ཏན། རྒྱ་ནང་གི་དགེ་རྒན་གྱི་འགྲན་ཡ་མིན་སྙམ་པར་འདོད་ནས་བསྡད་ན་ཡར་རྒྱས་མེད། དེའི་ཕྱིར། གོམ་སྟབས་གཉིས་པར་གནད་དོན་འཚོལ་བ་དང་། གནད་དོན་ལ་བགྲོ་གླེང་བྱེད་པ། གནད་དོན་ཐག་གཅོད་པའི་རིགས་ལམ་འཚོལ་དགོས།

སྦྱོང་བརྡར་གྱི་གོམ་སྟབས་གསུམ་པ་ལག་བསྟར་དང་འཐུས་ཚང་དུ་གཏོང་བའི་སྐོར་ཡིན། སྦྱོང་བརྡར་དེ་གསུམ་པོ་རིམ་པ་ལྟར་བསྒྲུབ་དགོས། ཕན་ཚུན་བར་དུས་ཚོད་མང་པོ་འགྱངས་མི་ཉན། སྲིད་གཞུང་གིས་སློབ་གསོ་ལ་དཔལ་འབྱོར་ལྟར་འབྲས་བུ་མྱུར་ཏུ་ཐོན་དགོས་པར་འདོད་ཀྱི་ཡོད། དེ་ནི་ས་གནས་འགོ་ཁྲིད་ཀྱི་མགོ་ན་བྱེད་གཙོ་བོ་རེད། གལ་སྲིད་ད་ལོའི་མཐོ་རྒྱུགས་བཟང་པོ་མིན་པ་དང་། སང་ལོ་ཡང་དེ་ལྟར་ཡིན་ན་འགོ་ཁྲིད་ལ་དཀའ་ངལ་མང་པོ་འབྱུང་སྲིད། རྒྱ་ནང་གི་དཔལ་ཡོན་ལ་ཉམས་རྒུད་ཧ་ཅང་ཆེ་བའི་རྒྱུ་མཚན་གཙོ་བོ་དེ་ན་ཡོད། རྒྱ་ནང་གི་མི་རྣམས་ལ་བརྩེ་བ་མེད་པ་དང་། གཞན་ལ་སེམས་ཁུར་མི་བྱེད་པ་སོགས་མང་པོ་ཞིག་མཐོ་རྒྱུགས་དང་འགྲན་རྩོད་ཁོ་ན་ལ་བསྙེགས་པའི་འབྲས་བུ་རེད། སློབ་གསོ་པུའུ་ཡིས་རྗེས་འཛིན་པ་གསོ་སྐྱོང་བྱེད་དགོས་པར་སྐུལ་བཞིན་ཡོད་པར་མ་ཟད། ཞིང་ཆེན་དང་། ཁུལ། རྫོང་རིམ་པ་ལ་ཡང་རྗེས་འཛིན་པ་གསོ་སྐྱོང་བྱེད་དགོས་པའི་འཆར་གཞི་བཞག་མོད། སློབ་མ་ཚང་མས་རང་ས་ནས་རྗེས་འཛིན་བྱེད་མི་འདོད་པར། ཚང་མ་པེ་ཅིན་ལ་སོང་ནས་རྗེས་འཛིན་པ་བྱེད་འདོད་པ་དང་། ཡང་ན་འགོ་ཁྲིད་མཐོན་པོ་དང་ཕྱུག་བདག་ཅིག་གི་རྗེས་འཛིན་བྱེད་འདོད། སུས་ཀྱང་རང་གི་ཕ་མའི་རྗེས་འཛིན་མི་འདོད། ད་ལྟ་སློབ་གསོ་སྒྲུབ་རྒྱུ་ཧ་ཅང་དཀའ་བའི་གནས་སུ་ལྷུང་ཡོད།

      མ་གཞི་རྒྱུགས་རྐྱང་བ་ནི་དཀའ་མོ་ཞིག་མིན། དེ་ལ་ཐབས་ཤེས་མཁོ། དཔེར་ན་སློབ་གྲྭ་སོ་སོ་ལ་བརྡ་འཕྲིན་འཚོལ་བསྡུ་ལྟེ་གནས་གཟུགས་དགོས། སློབ་ཁྲིད་རྩ་དོན་དང་སློབ་དེབ། ལོ་རེའི་རྒྱུགས་གཞི་སོགས་ལ་ཞིབ་འཇུག་བྱེད་དགོས། སློབ་དེབ་ཀྱི་ནང་དོན་ལ་མཚོན་ན་ཁ་ཤས་གཙོ་གནད་ཡིན། དེ་དག་འཁྲིད་དགོས། ཁ་ཤས་ངོ་སྤྲོད་དང་རྒྱུས་ལོན་ཙམ་བྱས་པས་ཆོག མཐོ་རྒྱུགས་ལ་མཚོན་ན་ལོ་རེར་ཤེས་བྱ་གང་དག་རྒྱུགས་གཞིའི་ནང་ཐོན་ཡོད། དེ་དག་ལ་ཞིབ་འཇུག་གཏིང་ཕྱིན་པ་བྱས་ན་རྒྱུགས་རྐྱང་བ་དཀའ་མོ་མིན། ང་རང་ཉིད་ལ་མཚོན་ན་དངོས་གཞི་འདོན་མ་མྱོང་། དར་མདོ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་ཡིན། ངས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་སྐབས། ལོ་གཅིག་དང་ཕྱེད་ཙམ་ལ་བསྐྱར་སྦྱོང་བྱས་པ་ཡིན། གཞན་པའི་ལོ་བཞིའི་སྦྱང་བྱ་ངས་ལོ་གཅིག་དང་ཕྱེད་ཀར་སྦྱངས་པ་ཡིན། གཙོ་བོ་རྒྱུགས་གཞི་ལ་ཞིབ་འཇུག་དང་། སློབ་མར་ཞིབ་འཇུག་བྱེད་དགོས། སློབ་མར་ཞིབ་འཇུག་ཇི་ལྟར་བྱེད་དགོས་ཤེ་ན། སློབ་མའི་རྒྱུད་ན་ཡོད་པའི་ཤེས་བྱ་ལ་རྒྱུས་ལོན་བྱས་ཏེ། ཤེས་བྱ་གསར་བ་དག་སློབ་མའི་རྒྱུད་ན་ཡོད་པའི་ཤེས་བྱ་རྙིང་བ་དང་སྦྲེལ་ཤེས་དགོས། དེ་སེམས་ཁམས་རིག་པ་དང་འབྲེལ་བ་ཡོད། དགེ་རྒན་དག་ལ་དེའི་སྐོར་གྱི་སྦྱོང་བརྡར་བྱེད་དགོས། མིག་སྔར་གྱི་ཐབས་ཤེས་ནི་དགེ་རྒན་ཚོ་ལ་འཆར་གཞི་འཇོག་པ་དང་། སློབ་མ་རྣམས་ལ་གསབ་སྦྱོང་གི་ཁུར་པོ་སྤྲད་པ་དེ་རེད། དེ་ཙམ་གྱིས་ཕན་པ་མེད། དེ་དག་ཐབས་ཤེས་ཡག་པོ་ཞིག་མ་རེད། ཐབས་ཤེས་དེ་དག་ནི་ལེ་ལོ་དང་སྒྱིད་ལུག་གི་བྱེད་ཐབས་ཤིག་རེད། ང་ཚོས་སློབ་གསོའི་ཆོས་ཉིད་དང་མཐུན་ཞིང་མིག་རྒྱང་རིང་བའི་ཐབས་ལམ་འཚོལ་དགོས།


རྩོམ་པ་པོ་དང་ཡིག་སྒྱུར་བ་གཉིས་ཀྱི་མཉམ་པར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41121230
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1