རྗེ་བདག་ཉིད་ཆེན་པོ་རྗེས་སུ་དྲན་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »རྗེ་བདག་ཉིད་ཆེན་པོ་རྗེས་སུ་དྲན་པ།
རྗེ་བདག་ཉིད་ཆེན་པོ་རྗེས་སུ་དྲན་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/12/24ལྟ་ཀློག (840)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །འཇམ་མགོན་བདག་ཉིད་ཆེན་པོར་བསྟོད་པ་དང་རྗེས་སུ་

དྲན་ཚུལ་དད་ལྡན་དང་བ་འདྲེན་པའི་ལྕགས་ཀྱུ།

ས་སྒང་འཇམ་དབྱངས་མཁྱེན་རབ།

ཇི་ལྟ་ཇི་སྙེད་མཁྱེན་པ་འཇམ་དཔལ་དབྱངས།།

འགྲོ་ལ་བུ་བཞིན་བརྩེ་བ་སྤྱན་རས་གཟིགས།།

རྒྱལ་ཀུན་ནུས་མཐུའི་མངའ་བདག་གསང་བའི་བདག།

དབྱེར་མེད་བླ་མ་བློ་བཟང་གྲགས་པར་འདུད།།

 

ཚོགས་གཉིས་ལས་ལ་རིང་ནས་གོམས་པའི་མཐུས།།

སྒྲིབ་གཉིས་བག་ཆགས་དང་བཅས་གཏན་སྤངས་ཤིང་།།

དོན་གཉིས་ཕུན་སུམ་ཚོགས་པའི་རྩེར་སོན་ཏེ།།

སྐུ་གཉིས་གོ་འཕང་མཆོག་ལ་མངའ་དབང་འབྱོར།།

 

དམིགས་མེད་བརྩེ་བ་ཆེན་པོའི་གཞན་དབང་གིས།།

གྲངས་མེད་ཞིང་དུ་སྣ་ཚོགས་གཟུགས་སྐུ་ཡིས།།

མཐའ་མེད་འགྲོ་བའི་ཁམས་དང་རྗེས་མཐུན་པར།།

དཔག་མེད་དོན་ཆེན་བསྒྲུབས་པ་རྒྱལ་ཀུན་གཤིས།།

 

གང་གི་བསྟན་དང་འགྲོ་ལ་སྨན་པ་ཡི།།

རླབས་ཆེན་མཛད་པ་སར་གནས་སེམས་དཔའ་ཚོས།།

སྨྲ་སྒོ་བྱེ་བ་ཕྲག་བརྒྱར་སྤྲུལ་ན་ཡང་།།

རྒྱ་མཚོའི་ཆུ་ཐིགས་ཙམ་ལས་བརྗོད་ནུས་མིན།།

 

འོན་ཏེ་དད་གསུམ་ཉིན་བྱེད་ཟེར་ཕྲེང་གིས།།

རེག་པའི་ལག་སོར་པད་མ་དཀར་བོའི་འདབ།།

གནས་གསུམ་སྐྱེད་མོའི་ཚལ་ནས་ཟུམ་དང་ལྷན།།

དང་བས་སེམས་ཀྱིས་ཅུང་ཙམ་བརྗོད་ལ་སྤྲོ།།

 

བསོད་ནམས་བྱེ་བ་བྱེ་བས་བསྐྲུན་པ་ཡི།།

ལྟ་བས་མི་ངོམས་མཚན་དཔེས་བརྒྱན་པའི་སྐུ།།

རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོར།།

ངོ་མཚར་ལྟས་བཅས་ཙོང་ཁའི་ཡུལ་དུ་བལྟམས།།

 

རིགས་དང་རུས་པ་མཐོ་ཞིང་གཙང་བ་ཡི།།

ཡབ་ཆེན་ད་ར་ཁ་ཆེ་ཀླུ་འབུམ་དགེ།།

ཡུམ་མཆོག་ཤིང་བཟའ་ཨ་ཆོས་རྣམ་གཉིས་ཀྱི།།

དཔྲལ་བའི་མིག་དང་ཁོང་གི་སྙིང་དུ་གྱུར།།

 

དགུང་ལོ་གསུམ་པར་སྐྱབས་རྗེ་ཀརྨ་བ།།

རོལ་བའི་རྡོ་རྗེའི་མདུན་ནས་དགེ་བསྙེན་བསྒྲུབས།།

གང་ཞིག་ཐོས་ན་ཐར་བ་འཐོབ་བྱེད་པའི།།

ཀུན་དགའ་སྙིང་བོ་ཞེས་པའི་མཚན་གསོལ་བ།།

 

མཁས་གྲུབ་འབུམ་སྡེའི་གཙུག་གི་རྒྱན་གཅིག་པུ།།

ཆོས་རྗེ་དམ་པ་དོན་གྲུབ་རིན་ཆེན་གྱིས།།

བྱིས་པའི་དུས་ནས་བྱམས་བརྩེས་བསྐྱངས་པ་ཡིས།།

རྨད་བྱུང་ཡོན་ཏན་ཡར་ཟླའི་དཔལ་བཞིན་འཕེལ།།

 

བགྲང་བྱ་བདུན་ལ་སོན་སྐབས་དགེ་ཚུལ་གྱི།།

སྡོམ་པ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས།།

བསྩལ་ནས་ས་གསུམ་སྐྱེ་དགུའི་རྣ་བའི་བཅུད།།

བློ་བཟང་གྲགས་པ་ཞེས་པའི་མཚན་ཡང་གསོལ།།

 

བླ་མའི་བཀའ་དང་ཐུགས་བསྐྱེད་མཐུ་སྨིན་ནས།།

དགུང་གྲངས་བཅུ་བདུན་པ་རུ་དབུས་ཕྱོགས་སུ།།

ཐོས་བསམ་ནོར་བུའི་ཚོང་ལ་ཕེབས་པ་ཡི།།

འཇིགས་བྲལ་སྤོབས་པ་ལྷུན་པོའི་དཔངས་ལས་མཐོ།།

 

མཚན་ལྡན་བཤེས་གཉེན་ཚུལ་བཞིན་བསྟེན་པ་དེ།།

ལམ་གྱི་རྩ་བར་གཟིགས་ནས་མཁས་པ་དང་།།

གྲུབ་པའི་གོ་འཕང་མཆོག་བརྙེས་དམ་པ་རྣམས།།

སྒོ་གསུམ་གུས་པས་གཙུག་གི་རྒྱན་དུ་བཀུར།།

 

ཆོས་རྣམས་ཀུན་གྱི་རང་བཞིན་མ་ཤེས་ཤིང་།།

ལེགས་ཉེས་བླང་དོར་འབྱེད་ལ་བློ་རྨོངས་པའི།།

མ་རིག་པ་དེ་འཇིག་རྟེན་རྒུད་པའི་རྒྱུར།།

དགོངས་ནས་ཡང་དག་ཡེ་ཤེས་བསྐྱེད་ལ་བརྩོན།།

 

རྒྱལ་བའི་བཀའ་དང་དགོངས་འགྲེལ་ཡིད་བཞིན་ནོར།།

ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་མཆོད་པས།།

ཟག་བྲལ་མཁྱེན་པའི་གཟི་འོད་སྟོང་འབར་ཞིང་།།

འཆད་རྩོད་རྩོམ་པའི་དངོས་གྲུབ་འདོད་དགུར་འཇོ།།

 

གྲགས་སྙན་གླིང་བཞིར་ཁྱབ་པའི་འཕགས་ཡུལ་གྱི།།

མཁས་གྲུབ་བྱེ་བའི་བསྟི་གནས་ན་ལེནྡྲ།།

བྱང་གི་ཕྱོགས་སུ་འཕོས་འདྲའི་གསང་ཕུ་སོགས།།

ཆོས་གྲྭ་མང་བོར་གཞུང་བརྒྱའི་གྲྭ་སྐོར་མཛད།།

 

མཁས་དབང་བཀའ་བཞི་ཚུལ་ཁྲིམས་རིན་ཆེན་དྲུང་།།

དགུང་ལོ་ཉེར་བཞིའི་སྐབས་སུ་བསྙེན་རྫོགས་ཀྱི།།

སྡོམ་པ་བཞེས་ནས་ཉེས་ལྟུང་ཕྲ་མོ་ཡིས།།

སྐད་ཅིག་ཙམ་ལ་མ་གོས་བཙུན་པའི་མཆོག།

 

དག་པ་རྣམ་བརྒྱད་འཁོར་དང་ལྷན་ཅིག་ཏུ།།

འོལ་ཁར་ཕེབས་ནས་སྒྲུབ་པ་ཉམས་ལེན་ལ།།

བརྩོན་པས་སྡིག་ལྟུང་མ་ལུས་ཡོངས་བྱང་ཞིང་།།

ཉམས་རྟོགས་ཡར་ཟླ་འཕེལ་བའི་དཔལ་ལ་འགྲན།།

 

རྫིང་ཕྱིའི་བྱམས་པ་ཞིག་གསོ་གནང་བ་དང་།།

ལྷ་སར་ཆོ་འཕྲུལ་སྨོན་ལམ་བཙུགས་པ་སོགས།།

ངོ་མཚར་མཛད་པས་དོན་གཉིས་བསྒྲུབས་པའི་ཚུལ།།

གཟུགས་སུ་གྲུབ་ན་འཇིག་རྟེན་སྣོད་དུ་ཆུང་།།

 

མདོ་དང་སྔགས་ཀྱི་ཉམས་ལེན་མཆིས་སོ་ཅོག།

གོ་སླའི་ཚིག་གིས་བསྙད་པ་ལམ་སྔགས་ཟུང་།།

ཐར་འདོད་སྐྱེ་བོ་མ་ལུས་སྲིད་མཚོ་ལས།།

སྒྲོལ་བའི་གཟིངས་ཞེས་མཁས་དགུས་ངག་ལ་བཟློ།།

 

སྡོམ་བརྩོན་དམ་པ་མང་བོས་དུས་རྟག་པར།།

བཤད་སྒྲུབ་ཟུང་གིས་རྒྱལ་བསྟན་འཛིན་པ་ཡི།།

གདན་ས་ཁྱད་འཕགས་འབྲོག་གནས་རི་བོ་ཆེ།།

ཕྱག་བཏབ་གནང་ནས་བསྟན་འགྲོའི་དོན་ཆེན་བསྒྲུབས།།

 

འཇོག་པོའི་གཙུག་རྒྱན་ལས་ལྷག་རྙེད་དཀའ་ཞིང་།།

རླུང་ནང་མར་མེ་ཇི་བཞིན་མི་རྟག་པའི།།

དལ་འབྱོར་རྟེན་ལ་སྙིང་བོ་ལེན་པའི་ཕྱིར།།

ཟིན་མེད་འཇིག་རྟེན་བྱ་བ་རིང་དུ་སྤངས།།

 

འཁོར་འདས་ཀུན་གྱི་བདེ་སྡུག་མ་ལུས་པ།།

དཀར་ནག་ལས་ལས་བྱུང་བ་ཉེར་གཟིགས་ནས།།

དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་པ་ལ།།

ཕྱོགས་བཅུའི་རྒྱལ་བ་མ་ལུས་དགྱེས་ཤིང་བསྔགས།།

 

བཟོད་དཀའི་སྡུག་བསྔལ་སྟོང་ཕྲག་འབྱུང་བའི་གནས།།

ཁམས་གསུམ་འཁོར་བ་སྲིན་མོའི་གླིང་ལྟར་དུ།།

གཟིགས་ཤིང་རྟོགས་ནས་ངེས་འབྱུང་དྲག་པོའི་བློ།།

སྐྱེས་ནས་ཐར་བ་བསྒྲུབས་པའི་རྣམ་ཐར་ཟབ།།

 

སྡུག་བསྔལ་གསུམ་གྱིས་རྟག་པར་མནར་བ་ཡི།།

མཁའ་མཉམ་འགྲོ་ཀུན་མ་རུ་ལེགས་དགོངས་ཏེ།།

གཞན་ཕན་བྱང་ཆུབ་སེམས་ལ་གོམས་བྱས་ནས།།

ཕྱིན་དྲུག་སྤྱོད་པས་ལུས་ཅན་བདེ་ལ་བཀོད།།

 

བདེན་པ་གཉིས་དེ་ངོ་བོ་དབྱེར་མེད་ཅིང་།།

ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་པ།།

ཡང་དག་ལྟ་བའི་མཐར་ཐུག་གསུངས་པ་ན།།

འཇམ་དབྱངས་དགྱེས་པའི་འཛུམ་ཞལ་ཡང་ཡང་བསྟན།།

 

བློ་གྲོས་མི་ཟད་ནམ་མཁའ་ཡངས་པོ་རུ།།

བཟང་བོའི་ཐབས་ཀྱི་སྐྱ་རེངས་ཀྱིས་དྲངས་པའི།།

གྲགས་པའི་གཟི་འབར་ཐུབ་བསྟན་ཉིན་མོར་བྱེད།།

འགྲོ་བློའི་པད་ཚལ་བཞད་པའི་དཔལ་དུ་ཆེ།།

 

རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཡི།།

མཁས་བཙུན་བཟང་བོའི་ཡོན་ཏན་ལྷའི་རོལ་མོས།།

སྲིད་པ་གསུམ་གྱི་ལུས་ཅན་མཐའ་དག་གི།།

ཐོས་འཛིན་ཡང་ཡང་དགའ་བདེས་ཚིམ་པར་བྱས།།

 

གང་གི་མཁྱེན་པས་ཆོས་ཀུན་རྟོགས་པའི་ཚུལ།།

རབ་འབྱམས་ཞིང་གི་རྒྱལ་བ་མ་ལུས་པའི།།

ཡེ་ཤེས་གཅིག་བསྡུས་དམར་སེར་གཞོན་ནུ་ཡིས།།

གཟིགས་ཏེ་སྐྱེངས་ནས་དག་པའི་ཞིང་དུ་ཡིབ།།

 

རབ་དཀར་གངས་ཀྱིས་བསྐོར་བའི་ལྗོངས་འདི་ཡི།།

རབ་མང་གདུལ་བྱའི་མོས་བློ་དང་འཚམ་པར།།

རབ་སྙན་ཆོས་ཀྱི་སྦྱིན་པ་གཏོང་བ་ལ།།

རབ་མཆོག་དམ་པ་ཁྱེད་འདྲ་རེ་ཟུང་ཙམ།།

 

འཇམ་པའི་དབྱངས་ཀྱི་མཁྱེན་རབ་ལས་འཕོས་པའི།།

ཟབ་དོན་གདམས་པ་རྒྱ་མཚོ་བསིལ་ལྗོངས་འདིར།།

བྱམས་དང་བརྩེ་བ་ཆེན་པོས་སྤེལ་བ་ན།།

དཀར་ཕྱོགས་སྐྱོང་བ་ཡོངས་ཀྱིས་འཕྲིན་ལས་བསྒྲུབས།།

 

ཟག་མེད་མཁྱེན་རབ་འདབ་སྟོང་གྲོལ་བ་ལས།།

སྔོན་མེད་ལེགས་བཤད་གེ་སར་མངར་མོ་ཡིས།།

གསོས་པའི་བུ་སློབ་བྷྲ་མ་ར་ཡི་ཁྱུ།།

ས་ཆེན་རྡུལ་གྱི་གྲངས་ལ་ལན་བརྒྱར་འགྲན།།

 

འཕགས་བོད་མཁས་གྲུབ་རྒྱུ་སྐར་བྱེ་བའི་ཁྲོད།།

ཐོས་བསམ་སྒོམ་པའི་ཆ་ཤས་ཡོངས་གང་ཞིང་།།

འཆད་རྩོད་རྩོམ་པའི་བསིལ་ཟེར་འབུམ་ཕྲག་གིས།།

རྒྱལ་བསྟན་ཀུན་ད་སྐྱོང་ལ་མཚན་མོའི་མགོན།།

 

བསོད་ནམས་ཕ་མཐའ་བྲལ་བའི་མཁའ་དབྱིངས་སུ།།

སྐྱེས་སྦྱངས་ཡོན་ཏན་ཆུ་འཛིན་འཁྲིགས་པ་ལས།།

ལུང་རིགས་རྡོ་རྗེའི་ཐོག་མདའ་རྣོན་པོ་ཡིས།།

ལོག་རྟོག་བྲག་རི་ཐལ་བའི་རྡུལ་བཞིན་བརླགས།།

 

རྣམ་འདྲེན་བཞི་བའི་དགོངས་པ་ཇི་བཞིན་མཁྱེན།།

ཁམས་གསུམ་སྐྱེ་དགུར་བུ་ལ་མ་བཞིན་བརྩེ།།

བསྟན་འགྲོར་འཚེ་བའི་བདུད་དཔུང་འཇོམས་པར་ནུས།།

མཚུངས་མེད་བླ་མ་རྒྱལ་བ་བློ་བཟང་གྲགས།།

 

ཀླུ་སྒྲུབ་ཞབས་དང་འཕགས་པ་ཐོགས་མེད་ཀྱི།།

ལྟ་སྤྱོད་ཇི་བཞིན་འཛིན་སྐྱོང་སྤེལ་བ་ལ།།

གངས་རིའི་ཁྲོད་ན་ཁྱེད་ཉིད་ཁོ་ན་ཞེས།།

སྙན་པའི་གྲགས་པ་དཀར་བོས་ལྷ་ལམ་འགེངས།།

 

འཆད་ན་གཞུང་བརྒྱའི་དཀའ་གནད་ཅིག་ཅར་གྲོལ།།

རྩོད་ན་ལོག་སྨྲ་མཐའ་དག་ལྐུགས་པར་བྱེད།།

རྩོམ་ན་སྔོན་མེད་ལེགས་བཤད་ཆར་བཞིན་འཇོ།།

རྣམ་དཀར་མཛད་པ་དབུགས་ལྡན་ཡོངས་ཀྱི་དཔྱིད།།

 

ཟབ་རྒྱས་ཤེས་བྱ་མ་ལུས་རྟོགས་པས་མཁས།།

སྤང་བླང་གནས་ལ་རྩེ་གཅིག་གཞོལ་བས་བཙུན།།

བགྲང་ཡས་འགྲོ་ཀུན་བདེ་ལ་བཀོད་པས་བཟང་།།

བསྟན་འགྲོར་སྨན་པའི་མཛད་པ་བློ་ལས་འགོངས།།

 

བསྟན་རྩ་སོ་སོར་ཐར་བའི་སྡོམ་པ་མཆོག།

འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་བས།།

ཁ་བ་ཅན་འདིར་གནས་བརྟན་ཉེ་བར་འཁོར།།

དངོས་སུ་བྱོན་ནོ་ཞེས་པའི་སྙན་པ་རྒྱས།།

 

མགོན་པོ་མཆོག་གི་ཚད་མེད་བཀའ་དྲིན་གྱིས།།

བོད་ཡུལ་འདི་ན་འདུལ་འཛིན་དར་བ་བཞིན།།

འཕགས་པའི་ཡུལ་ནའང་མིན་ཞེས་གཟུར་གནས་ཀྱི།།

རྣམ་སད་ཡོངས་ཀྱི་ངག་ན་འབྲུག་ལྟར་ལྡིར།།

 

མཁྱེན་གཏེར་གཞོན་ནུས་མི་ཡི་ཟོལ་འཆིང་ནས།།

ཟག་ཟད་ཤེས་རབ་རལ་གྲིའི་འཕྲུལ་འཁོར་གྱིས།།

འགྲོ་བློའི་རྨོངས་པའི་དྲ་བ་ཀུན་བཅད་དེ།།

ཡང་དག་ལྟ་བས་འཕྲལ་ཡུན་བདེ་ལ་བཀོད།།

 

གངས་རིའི་ཁྲོད་འདིར་མཁས་པར་རློམ་པ་འགས།།

མདོ་དང་སྔགས་ཀྱི་ཉམས་ལེན་ཐ་དད་དུ།།

སྣང་བའི་ལོག་རྟོག་མུན་པ་སྟུག་པོ་དེ།།

ཁྱེད་གཅིག་ཁོ་ནས་བསལ་བའི་བཀའ་དྲིན་དྲན།།

 

སྲིད་ཞིའི་ལེགས་ཚོགས་ཆར་ལྟར་འཇོ་བའི་གནས།།

གང་གི་བསྟན་པ་མདོ་སྔགས་ཟུང་འབྲེལ་ལམ།།

ཉི་ཟླའི་འོད་བཞིན་གསལ་བའི་བསིལ་ལྗོངས་འདིར།།

ཚངས་པ་བརྒྱ་བྱིན་ཡིན་ཡང་ཕྲག་དོག་སྐྱེས།།

 

སྔོན་དུས་འཕགས་པའི་ཡུལ་ནས་སངས་རྒྱས་ལ།།

ཤེལ་དཀར་ཕྲེང་བ་ཕུལ་ནས་བྱང་ཆུབ་ཏུ།།

སེམས་མཆོག་བསྐྱེད་པས་སྟོང་ཉིན་མངོན་སུམ་དུ།།

རྟོགས་ཅིང་བརྗོད་ལ་མཚུངས་པའི་ཟླ་དང་བྲལ།།

 

རྒྱུད་སྡེ་བཞི་ཡི་དགོངས་དོན་ཇི་བཞིན་དུ།།

རིམ་གཉིས་ཉམས་ལེན་ཟབ་མོར་གཞོལ་བ་དང་།།

ཚེ་གཅིག་སྐུ་བཞིའི་རྒྱལ་སར་དབང་བའི་ཚུལ།།

རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བཞིན།།

 

ལྔ་ཕྲག་སྙིགས་མ་བདོ་བའི་དུས་མཐའ་ན།།

ཐབས་མཁས་ཐུགས་རྗེ་ཀྱོ་བ་རྣོན་པོ་ཡིས།།

ཕུན་ཚོགས་སྡེ་བཞིའི་ཕྱྭ་གཡང་ཉེར་བཀུག་སྟེ།།

རྫོགས་ལྡན་དང་བོའི་དགའ་སྟོན་འགྲོ་ལ་བསྩལ།།

 

ཉིད་ཀྱི་མཁྱེན་རབ་ཆུ་གཏེར་ལས་བྱུང་བའི།།

ཟབ་དོན་གདམས་པ་ཡིད་བཞིན་དབང་གི་རྒྱལ།།

གཙུག་གི་རྒྱན་དུ་ཐོབ་པའི་སྡོམ་བརྩོན་སྡེ།།

ལི་ཁྲིའི་རྒྱ་མཚོ་ཆེན་པོ་དག་དང་མཚུངས།།

 

ཡི་དམ་ལྷ་དང་སངས་རྒྱས་བྱང་སེམས་ཀྱི།།

ཞལ་གཟིགས་ལུང་བསྟན་ཐོབ་པའི་གྲངས་མི་དཔོག།

ཆོས་སྲུང་ནོར་ལྷ་མ་ལུས་བྲན་བཞིན་དུ།།

དབང་དུ་བསྡུས་པའི་རྣམ་ཐར་བསམ་མི་ཁྱབ།།

 

སྲས་བཅས་རྒྱལ་བའི་མཛད་པ་མ་ལུས་པ།།

བདག་ཏུ་བཟུང་བའི་ཚ་ཟེར་འབར་བའི་གཟིས།།

སྙིགས་མའི་རྒུད་ཚོགས་མུན་དཔུང་མཐར་སྤྲད་པའི།།

བསོད་ནམས་མཁའ་ཡི་ཉི་མ་ཁྱེད་ལས་སུ།།

 

མཁས་པའི་རྟགས་ལ་ཞུ་དུལ་བག་ཡོད་དང་།།

གྲུབ་པའི་མཚན་མར་ཉོན་མོངས་ཆུང་བའི་ཚུལ།།

བསྟན་པས་དཔྱོད་ལྡན་དམ་པ་གང་ཡོད་ཀྱིས།།

ཁྱོད་ཞབས་ཁོ་ན་གཙུག་གི་རྒྱན་དུ་བསྟེན།།

 

གཏན་རབས་བདུན་དང་གནས་བརྟན་བཅུ་དྲུག་བཞིན།།

འཇམ་པའི་དབྱངས་ཀྱིས་བསྩལ་བའི་བློ་གྲོས་ཀྱིས།།

ལུང་རྟོགས་བསྟན་པ་བཟུང་བའི་རྣམ་ཐར་ལ།།

མི་ཕྱེད་དད་པ་རྒྱ་མཚོས་ཡང་ཡང་འདུད།།

 

ཐུན་མིན་ཁྱད་ཆོས་དཔལ་གྱིས་ཕྱུག་པ་ཡི།།

དགེ་ལྡན་རང་ལུགས་སྲིད་འདིར་སྤེལ་བ་ན།།

ནག་ཕྱོགས་བདུད་སྡེའི་དཔུང་ཚོགས་མཐའ་དག་གིས།།

སྒོ་གསུམ་རྣམ་དཀར་དགེ་ལ་ངང་གིས་འབད།།

 

སྐུ་ཡི་མཚར་སྡུག་སྐལ་ལྡན་མིག་གི་དཔྱིད།།

གསུང་གི་སྒྲོན་མེས་རྣམ་གྲོལ་ལམ་བཟང་བསྟན།།

ཐུགས་ཀྱི་བང་མཛོད་འཕགས་ནོར་བདུན་གྱིས་གཏམས།།

ཕྱོགས་དུས་རྒྱལ་བ་ཀུན་གྱི་གདུང་འཚོབ་མཆོག།

 

གཟུངས་སྤོབས་མངོན་ཤེས་ཏིང་འཛིན་བརྒྱ་སྟོང་ལ།།

རང་དབང་འབྱོར་བས་ཆོས་ཀུན་རྟོགས་པའི་ཚུལ།།

འཇིག་རྟེན་ཆེ་དགུ་རྣམས་ཀྱིས་མཐོང་བའི་མོད།།

དྲེགས་པའི་རལ་བ་ཞབས་ཟུང་གདན་དུ་ཕུལ།།

 

སྡེ་སྣོད་གསུམ་ལ་ཐོས་བསམ་མཐར་སོན་ཞིང་།།

བསླབ་པ་གསུམ་ལ་ཉམས་ལེན་གནད་སྨིན་མཛད།།

ཐེག་པ་གསུམ་གྱི་ཆོས་འཁོར་བར་མེད་བསྐོར།།

ངན་སོང་གསུམ་གྱི་འགྲོ་རྣམས་བདེ་ལ་བཀོད།།

 

སངས་རྒྱས་བསྟན་དང་ཁམས་གསུམ་འགྲོ་ཀུན་ལ།།

ཕན་བདེའི་དགའ་སྟོན་འགྱེད་ལ་མི་ངལ་བའི།།

མཚུངས་མེད་རྒྱལ་བ་བློ་བཟང་གྲགས་པ་དེ།།

སྲིད་དང་ཞི་བའི་མཆོད་སྡོང་བླ་ན་མེད།།

 

གང་གི་གསང་གསུམ་མཛད་པ་རླབས་པོ་ཆེ།།

མཐོང་བའི་མོད་ལ་རྒྱལ་རྣམས་རབ་དགྱེས་ནས།།

ཤིས་བརྗོད་ཚངས་པའི་དབྱངས་དང་ལྷན་ཅིག་ཏུ།།

རྒྱན་དྲུག་མཆོག་གཉིས་ལྟ་བུའི་གྲགས་སྙན་ཕུལ།།

 

ལྔ་ཕྲག་སྙིགས་མ་རླུང་ལྟར་འཚུབ་པ་ཡི།།

དུས་ཀྱི་མར་གཤམ་འདིར་ཡང་དགེ་ལུགས་པའི།།

བསྟན་པ་སྔར་ལས་ཆེས་ཆེར་དར་བ་འདི།།

གང་གི་ཐུགས་བསྐྱེད་གཞན་ལས་འཕགས་པའི་རྟགས།།

 

ཚད་མེད་ཐུགས་རྗེ་འཇིག་རྟེན་གྲངས་མེད་ཀྱི།།

ཉམ་ཐག་འགྲོ་ལ་བདེ་བའི་དབུགས་དབྱུང་ཕྱིར།།

ཉི་མའི་འོད་བཞིན་ཁྱབ་པའི་འཕྲིན་ལས་ཀྱིས།།

དུས་གསུམ་གཟིགས་པ་ཡོངས་ཀྱི་ཐུགས་བརྟན་འཕྲོག།

 

རྒྱལ་བའི་སྐུ་ལ་བགྲེས་རྒུད་མི་མངའ་ཡང་།།

བགྲང་ཡས་གདུལ་བྱའི་རྟག་འཛིན་བཟློག་པའི་ཕྱིར།།

གཟུགས་སྐུའི་བཀོད་པ་རབ་བྱུང་བདུན་པ་ཡི།།

ས་ཕག་ལོ་ལ་བསྡུས་པའི་ཚུལ་བསྟན་པ།།

 

མགོན་ཁྱོད་ཞིང་ཁམས་གཞན་དུ་གཤེགས་པ་ན།།

གངས་ཅན་པ་དག་མྱ་ངན་གྱིས་གཟིར་ནས།།

གདུང་བའི་མཆི་མ་གཙང་བོར་འདྲེས་པའི་ཚུལ།།

མཐོང་བས་འདྲེ་གདོན་ཡིན་ཡང་སྙིང་རྗེ་སྐྱེས།།

 

དེང་གི་དུས་འདིར་ལུང་རྟོགས་བསྟན་པ་ལ།།

བཤད་སྒྲུབ་འཇའ་ལྟར་ཡལ་བའི་དགོན་སྡེ་རུ།།

རང་དགར་མི་ཚེ་ཟད་པའི་ཆོས་པ་འགའ།།

ཆོས་ཀྱིས་ཕུངས་ཚུལ་བསམ་ན་ཁྱེད་ཉིད་དྲན།།

 

ཆོས་བརྒྱད་ཆང་གིས་མྱོས་པ་ཐལ་དྲགས་པའི།།

དམ་པར་ཁས་འཆེ་དུ་མས་གཡོ་འཕྲུལ་གྱིས།།

རང་ཕུང་གཞན་བརླགས་བྱེད་པའི་སྐྱོ་གར་དག།

ཇི་ལྟར་མཐོང་ན་དེ་ལྟར་ཁྱེད་ཉིད་དྲན།།

 

མདོ་སྔགས་གཞུང་ལུགས་སྦྱང་བའི་ཆོས་གྲྭ་ནས།།

རྣམ་གསུམ་མཁས་པའི་བྱ་བར་གོམས་པ་ཡི།།

གྲྭ་བཙུན་ཅུང་ཟད་མང་བ་ལྟར་སྣང་ཡང་།

ཉམས་སུ་ལེན་མཁན་ཉུང་བས་ཁྱེད་ཉིད་དྲན།།

 

སྲུང་བྱའི་སྡོམ་པའི་གྲངས་ཙམ་བགྲང་དཀའ་མོད།།

སྡོམ་ལྡན་ཡིན་པར་རློམ་པའི་རང་མཐོང་ཅན།།

ང་དང་ང་འདྲས་ས་སྟེང་གང་དུས་འདིར།།

བསླབ་གསུམ་ནོར་བུའི་མཛོད་འཆང་ཁྱེད་ཉིད་དྲན།།

 

ལོག་འཚོའི་ཟས་ནོར་ཇི་ལྟར་རྙེད་པ་ན།།

དེ་ལྟར་དམ་པར་བཀུར་བའི་དུས་མཐའ་འདིར།།

འདོད་ཡོན་བདུད་ཀྱི་གཡབ་མོ་ལྟ་བུ་ཞེས།།

འདོད་ཆུང་ཆོག་ཤེས་གཙིགས་འཛིན་ཁྱེད་ཉིད་དྲན།།

 

ཆོས་ལྡན་བོད་ཀྱི་ཞིང་འདིར་སྐྱེས་ན་ཡང་།།

ཆོས་ལ་དད་པ་མེད་པའི་ལས་ངན་འགས།།

ཆོས་ཚུལ་མ་རྟོགས་སྐུར་འདེབས་བྱེད་པའི་ཚེ།།

ཆོས་དོན་སྨྲ་ལ་ཟླ་བྲལ་ཁྱེད་ཉིན་དྲན།།

 

གཞུང་ལུགས་མང་ཐོས་ཐོས་དོན་ཉམས་སུ་བླངས།།

གཉོམ་ཆུང་ཚུལ་མཐུན་མཐུན་སྒྲིལ་ལས་ལ་འབད།།

ཡ་རབས་སྤྱོད་བཟང་བཟང་བོ་ངོ་མ་དག།

ངོ་སོ་དམའ་དུས་དུས་འདིར་ཁྱེད་ཉིད་དྲན།།

 

ཆགས་སྡང་དུས་མཐའི་མེ་བཞིན་ཚ་བ་དང་།།

གཡོ་སྒྱུའི་དྲན་འཕྲུལ་གློག་ལྟར་སྐྱེན་པ་ཡི།།

དམུ་རྒོད་འགྲོ་བའི་མ་རུང་བྱ་བ་དག།

མཐོང་ཐོས་མང་བའི་དེང་འདིར་ཁྱེད་ཉིད་དྲན།

 

དགེ་སྡིག་བླང་དོར་གནས་ལ་མིག་ལྡོངས་ཤིང་།།

ཁྲེལ་དང་ངོ་ཚ་མེད་པའི་སྐྱེ་བོ་ཚོའི།།

མ་རབས་སྣ་དགུའི་སྤྱོད་པ་བསྒྱུར་ཐུབ་པའི།།

དམ་པ་ཤིན་ཏུ་དཀོན་པས་ཁྱེད་ཉིད་དྲན།།

 

གོ་ལ་འདི་ཡི་སྟེང་ན་གནས་པ་ཡི།།

དབུགས་ལྡན་ཡོངས་ཀྱི་བདེ་སྐྱིད་བརླགས་བྱེད་པའི།།

དུག་དང་མཚོན་ཆ་སྣ་ཚོགས་བརྡོལ་བ་ཡི།།

དུས་ངན་འདི་ལ་ལྷག་ཏུ་ཁྱེད་ཉིད་དྲན།།

 

བདག་ཡིད་མི་ཕྱེད་དད་པའི་ཨ་དར་ཤར།།

ཁྱེད་ཡོན་ཆ་ཙམ་ཤར་བའི་བསོད་ནམས་ཀྱིས།།

ཐོག་མེད་ནས་བསགས་ལས་ངན་བག་ཆགས་ཀུན།།

བ་མོར་ཉི་ཟེར་ཕོག་བཞིན་འདག་གྱུར་ཅིག།

 

མགོན་ཁྱོད་དག་པའི་ཞིང་ཁམས་གང་ཞིག་ན།།

བཞུགས་ཀྱང་ལས་ཉོན་དྲག་པོས་མནར་བ་ཡི།།

བདག་འདྲའི་ཉམ་ཐག་འགྲོ་བ་མ་ལུས་པར།།

གཟིགས་པ་གཡེལ་བ་མ་མཛད་ཐུགས་རྗེའི་གཏེར།།

 

སྐྱེ་བ་ཀུན་ཏུ་དལ་འབྱོར་ལུས་ཐོབ་ནས།།

མཚན་ལྡན་བཤེས་གཉེན་མཆོག་དང་མི་འབྲལ་ཞིང་།།

མདོ་སྔགས་གདམས་པ་རྒྱ་མཚོར་ལོངས་སྤྱད་དེ།།

ཟབ་གསལ་མྱུར་བའི་ཤེས་རབ་འཐོབ་པར་ཤོག།

 

ངེས་འབྱུང་སེམས་ཀྱིས་འཁོར་བར་ཞེན་ལོག་སྟེ།།

གཞན་ཕན་བྱང་ཆུབ་སེམས་ལ་དབང་འབྱོར་ནས།།

བསྡུ་དངོས་བཞི་དང་ཕྱིན་དྲུག་སྤྱོད་པ་ཡིས།།

དོན་གཉིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས།།

 

ཆོས་ཀུན་དཔྱད་ན་རང་བཞིན་མ་གྲུབ་ཅིང་།།

སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་ཡི།།

མཐའ་བཞིའི་སྤྲོས་པ་ཀུན་བྲལ་དབུ་མའི་ལམ།།

རྟོགས་ནས་གཟུང་འཛིན་འཆིང་བ་གཅོད་ནུས་ཤོག།

 

རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཆེ།།

བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལས།།

དབང་ལུང་གདམས་པ་མ་ལུས་ལེགས་ཐོབ་སྟེ།།

རིམ་གཉིས་མཐར་སོན་སྐུ་བཞི་མངོན་གྱུར་ཤོག།

 

ཉི་ཟླ་ཟུང་གི་བགྲོད་པ་མ་འགག་བར།།

རྒྱལ་བའི་བསྟན་པ་རིན་ཆེན་གནས་པ་དང་།།

དེ་འཛིན་དམ་པའི་སྐུ་ཚེ་རབ་བརྟན་ཞིང་།།

འཆད་ཉན་སྒོམ་སྒྲུབ་དབྱར་མཚོ་ལྟར་རྒྱས་ཤོག།

 

བསྐལ་མང་སྔོན་ནས་སྤངས་རྟོགས་མཐར་ཕྱིན་པའི།།

འཇམ་མགོན་བླ་མ་བློ་བཟང་གྲགས་པ་མཆོག།

དྲན་བཞིན་གང་གི་ཡོན་ཏན་ཅུང་བརྗོད་པར།།

འགལ་འཁྲུལ་གང་མཆིས་སྙིང་ནས་བཤགས་པར་བགྱི།།

 

འདི་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན།།

དཔལ་ལྡན་བླ་མ་དམ་པར་མི་འབྲལ་ཞིང་།།

ཟིན་མེད་བྱ་བས་མི་ཚེ་མི་བརླགས་པར།།

ཀུན་མཁྱེན་གོ་འཕང་མྱུར་དུ་འཐོབ་ཕྱིར་བསྔོ།།

 

བཀྲ་ཤིས་འཇིག་རྟེན་རྒུད་པ་དབྱིངས་སུ་ཡལ།།

བཀྲ་ཤིས་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ།།

བཀྲ་ཤིས་ཅི་བསམ་ཆོས་བཞིན་འགྲུབ་པ་དང་།།

བཀྲ་ཤིས་དོན་གཉིས་ཕུན་སུམ་ཚོགས་པར་ཤོག།

     ཅེས་དགེ་ལྡན་བསྟན་པའི་སྲོལ་འབྱེད་འཇམ་མགོན་བདག་ཉིད་ཆེན་མོ་རྗེ་བློ་བཟང་གྲགས་པ་དཔལ་བཟང་བོས་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་རྟག་འཛིན་བཟློག་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏེ་བགྲང་བྱ་དྲུག་བརྒྱ་ལོན་པའི་རྗེས་དྲན་དུ་ཤོ་ལོ་ཀ་དཔེ་བྱད་བརྒྱད་ཅུའི་གྲངས་ལྡན་འདི་དཔལ་ལྡན་ས་སྐྱ་བའི་རིང་ལུགས་འཛིན་པའི་གྲལ་མཐའ་བ་ས་སྒང་འཇམ་དབྱངས་མཁྱེན་རབ་ཏུ་འབོད་པས་གནའ་མཁར་ཟི་ལིང་ནས་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་རྒྱལ་ཟླ་བའི་ནག་ཕྱོགས་སྟོང་པ་གཉིས་པར་མགོ་བརྩམས་ཏེ་དམར་ཕྱོགས་རྫོགས་པ་གསུམ་པའི་ཉིན་མཇུག་སྒྲིལ་བ་འདིའང་བསྟན་པ་དང་སེམས་ཀྱི་དོན་དུ་འགྱུར་བར་སྨོན།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
17667504
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号